10237

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སེམས་ཅན་རིགས་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།

1. སྒོ་ང་ལས་སྐྱེ་བ་ནི། འཇིག་རྟེན་གྱི་རྫུན་ཞིང་མི་བདེན་པས་འཁོར་བར་འཁོར་བཞིན་དུ་གཡོ་བའི་ཕྱིན་ཅི་ལོག་གིས་རྐྱེན་ལ་འཕྲད་ཅིང་ལྟོས་ནས་དབུགས་ཀྱི་དབང་གིས་འཕུར་བ་དང་བྱིང་བ་བརྒྱད་ཁྲི་བཞི་སྟོང་འཁྲུལ་པའི་འདུ་ཤེས་འགྲུབ་བོ། ། དེའི་ཕྱིར་སྒོ་ངའི་ནུར་ནུར་པོ་ཡོད་རུང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་ཉ་དང་། འདབ་ཆགས་དང་། རུས་སྦལ་དང་། སྦྲུལ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྲུབ་བོ། ། 2. མངལ་ལས་སྐྱེ་བ་ནི། ། འཇིག་རྟེན་གྱི་སྣ་ཚོགས་པས་བགོས་གནས་འཁོར་བར་འཁོར་བཞིན་དུ་རྟོག་པ་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་ནས་འདྲེས་པས་འགྲེང་བ་དུད་པ་བརྒྱད་ཁྲི་བཞི་སྟོང་འཁྲུལ་པའི་སེམས་འགྲུབ་བོ། ། དེའི་ཕྱིར་མངལ་གྱི་མེར་མེར་པོ་ཡོད་ཅིང་། ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་མི་དང་། དུད་འགྲོ་དང་། ཀླུ་དང་། དྲང་སྲོང་གི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། ། 3. དྲོད་གཤེར་ལས་སྐྱེ་བ་ནི། འཇིག་རྟེན་གྱིས་འཛིན་ཞིང་འབྲེལ་བས་འཁོར་བར་འཁོར་བཞིན་དུ་འགྲོ་བ་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པའི་དྲོད་ལས་སྐྱེས་པ་བརྒྱད་ཁྲི་བཞི་སྟོང་འཕོ་ཞིང་འཁྲུལ་པའི་སེམས་འགྲུབ་བོ། །དེའི་ཕྱིར་ནར་ནར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་རིག་པ་མེད་པའི་ཁུམ་པ་དང་ནུར་བའི་སྲིན་བུའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། ། 4. རྫུས་ཏེ་སྐྱེ་བ་ནི། འཇིག་རྟེན་གྱི་འཕོ་ཞིང་འགྱུར་བས་འཁོར་བར་འཁོར་དུ་བཅོས་མའི་ཕྱིན་ཅི་ལོག་རྐྱེན་གྱིས་འཕྲད་ཅིང་ལྟོས་པའི་རེག་པས་བརྒྱད་ཁྲི་བཞི་སྟོང་འཁྲུལ་པའི་སེམས་གསར་རྙིང་འགྲུབ་བོ། ། དེའི་ཕྱིར་རྫུས་སྐྱེས་ཀྱི་གཟུགས་གོར་གོར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་ལུས་བརྗེ་བ་དང་འཕུར་བ་དང་འགྲོ་བ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། ། 5. གཟུགས་ནི། འཇིག་རྟེན་གྱི་ཁམས་སུ་ལུས་ཤིར་ཐོགས་པས་འཁོར་བར་འཁོར་བཞིན་དུ་སྒྲིབ་པ་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པའི་འཛིན་པས་བརྒྱུད་ཁྲི་བཞི་སྟོང་གསལ་ཞིང་འཚེར་བའི་འཁྲུལ་པའི་སེམས་འགྲུབ་བོ། ། དེའི་ཕྱིར་རྣམ་པའི་གཟུགས་ཅན་གོར་གོར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་མཚན་མ་བཟང་པོ་དང་ལྟས་ངན་པ་ཤེས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། ། 6. གཟུགས་མེད་པ་ནི། འཇིག་རྟེན་གྱི་ཞི་བ་དང་འཐོར་བས་འཁོར་བར་འཁོར་བཞིན་དུ་རྟོག་པ་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པས་མི་མངོན་པའི་གཟུགས་ཕྲ་མོ་བརྒྱད་ཁྲི་བཞི་སྟོང་གི་འཁྲུལ་པའི་སེམས་འགྲུབ་བོ། ། དེའི་ཕྱིར་གཟུགས་མེད་པའི་གོར་གོར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་བར་སྐྱེས་ནས་སྟོང་པོ་དང་འཐོར་བ་དང་ཞི་བ་དང་བྱིང་བ་ལ་སོགས་པའི་རིགས་ཀྱིས་གང་བར་གྱུར་ཏོ། ། 7. འདུ་ཤེས་ནི། འཇིག་རྟེན་གྱི་གཟུགས་སྲབ་མོས་འཁོར་བར་འཁོར་བཞིན་དུ་གྲུབ་མའི་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པའི་འདོད་པས་བརྒྱད་ཁྲི་བཞི་སྟོང་གི་མི་མངོན་པར་འཆིང་བའི་འཁྲུལ་པའི་སེམས་འགྲུབ་བོ། ། དེའི་ཕྱིར་འདུ་ཤེས་ཀྱི་རྣམ་པའི་གོར་གོར་པོ་ཡོད་ཅིང་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་ལྷ་འདྲེ་བདུད་དང་གདོན་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། ། 8. འདུ་ཤེས་མེད་ནི། འཇིག་རྟེན་རྨོངས་ཤིང་བླུན་པས་འཁོར་བར་འཁོར་བཞིན་དུ་རྨོངས་པ་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པ་སེམས་མེད་ཀྱིས་བརྒྱུད་ཁྲི་བཞི་སྟོང་རྩྭ་སྐམ་ལྟ་བུའི་འཁྲུལ་པའི་སེམས་འགྲུབ་བོ། ། དེའི་ཕྱིར་དུ་ཤེས་མེད་པའི་གོར་གོར་པོ་ཡོད་ཅིང་ཡུལ་ཁམས་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་དྭངས་མ་འགྱུར་ནས་ས་ཤིང་ལྕགས་རྡོ་ལ་སོགས་པའི་རིགས་ཀྱིས་གང་བར་གྱུར་ཏོ། ། 9. གཟུགས་ཅན་མ་ཡིན་པ་ནི། འཇིག་རྟེན་ཕན་ཚུན་འགྲོགས་པས་འཁོར་བར་འཁོར་བཞིན་དུ་བཅོས་མའི་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པའི་བགོ་བས་བརྒྱད་ཁྲི་བཞི་སྟོང་གི་བརྟེན་པ་དང་ཡིད་ཆེས་པའི་འཁྲུལ་པའི་སེམས་འགྲུབ་བོ། ། དེའི་ཕྱིར་གཟུགས་དང་གཟུགས་ཅན་མ་ཡིན་པ་གཟུགས་སུ་གྱུར་པའི་གོར་གོར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་ཆུའི་མ་ཞེས་བྱ་བའི་སྲིན་བུ་ལ་ལྕང་མོས་མིག་བྱས་པ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། ། 10. གཟུགས་མེད་མ་ཡིན་པ་ནི། འཇིག་རྟེན་གྱི་གཅིག་གིས་གཅིག་དྲངས་ནས་འཁོར་བར་འཁོར་བཞིན་དུ་རང་བཞིན་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པའི་དམོད་པ་བརྒྱད་ཁྲི་བཞི་སྟོང་གི་འབོད་པ་དང་བསྒྲགས་པའི་འཁྲུལ་པའི་སེམས་འགྲུབ་བོ། ། དེའི་ཕྱིར་གཟུགས་མེད་མ་ཡིན་ཞིང་གཟུགས་མེད་པའི་གོར་གོར་པོ་ཡོད་ཅིང་། ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་མནན་པ་དང་བྱེད་དང་དམོད་པ་བོར་བ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། ། 11. འདུ་ཤེས་ཅན་མ་ཡིན་པ་ནི། འཇིག་རྟེན་གྱི་རྫུན་གྱིས་འབྲེལ་བའི་འཁོར་བར་འཁོར་བཞིན་དུ་འཁྲུལ་པའི་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པ་ལས་གཞན་བརྒྱད་ཁྲི་བཞི་སྟོང་ཕན་ཚུན་འཁྲུག་པའི་སེམས་འགྲུབ་བོ། ། དེའི་ཕྱིར་འདུ་ཤེས་ཅན་གཟུགས་ཅན་མ་ཡིན་ཞིང་འདུ་ཤེས་ཅན་སྒྲུབ་པའི་གོར་གོར་པོ་ཡོད་ཅིང་། ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་བུང་བ་དང་དར་གྱི་སྲིན་བུ་ལྟར་གཞན་གྱི་ལུས་ཀྱིས་རང་རིགས་འགྲུབ་པར་བྱེད་པ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། ། 12. འདུ་ཤེས་མེད་པ་མ་ཡིན་པ་ནི། འཇིག་རྟེན་གྱི་འཁོན་དང་གནོད་པས་འཁོར་བར་འཁོར་བཞིན་དུ་གསོད་པའི་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པ་ཡ་མཚན་ཅན་བརྒྱད་ཁྲི་བཞི་སྟོང་གི་ཕ་མ་ཟ་བའི་འཁྲུལ་པའི་སེམས་འགྲུབ་བོ། ། དེའི་ཕྱིར་འདུ་ཤེས་མེད་པ་མ་ཡིན་པའི་གཟུགས་དང་འདུ་ཤེས་མེད་པའི་གོར་གོར་པོ་ཡོད་ཅིང་། ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་སྲིན་བྱ་ལ་སོགས་པ་ལྟར་སའི་གོང་བུ་ལས་ཕྲུག་གུ་བྱེད་པ་དང་བྱ་སྡིག་ཅན་དུག་ཤིང་གི་འབྲས་བུ་ལས་ཕྲུག་གུ་བྱེད་པ་ལྟར་ཕྲུག་གུ་གྲུབ་ནས་ཕ་མ་ཟ་བར་བྱེད་པ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ།

Tibetan Source 《མདོ་ཝ་པ་》ཤ་526ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number