10267

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགེ་འདུན་ལྷག་མ་བཅུ་གསུམ།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ། དེ་དག་གི་སྡོམ་ལ། ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྤྱན། ། ཁང་པ་ཁང་ཆེན་དང་ནི་གཞི་མེད་པ། ། བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། ། ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། ། 1. ཁུ་བ་འབྱིན་པའི་ལྷག་མ་ནི། བསམ་བཞིན་དུ་ཁུ་བ་ཕྱུང་ན་རྨི་ལམ་མ་གཏོགས་ཏེ། དགེ་འདུན་ལྷག་མའོ། ། 2. རེག་པའམ་འཛིན་པའི་ལྷག་མ་ནི། དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ཏུ་ལུས་རེག་པར་བྱེད་དམ། ལག་པ་ནས་བཟུང་ངམ། དཔུང་པ་ནས་བཟུང་ངམ། ལན་བུ་ནས་བཟུང་ངམ། ་ཡིན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ནོམ་པ་དང་། ཉུག་པ་བདག་གིར་བྱེད་ན་དགེ་འདུན་ལྷག་མའོ། ། 3. ཁྲིག་ཚིག་སྨྲ་བའི་ལྷག་མ་ནི། དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་ལ་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན། ཚོགས་པར་དབྱུང་ དུ་མི་རུང་བ། འཁྲིག་པ་ལས་བྱུང་བ་དང་ལྡན་པ་དག སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་སྨྲས་ན། དགེ་འདུན་ལྷག་མའོ། ། 4. བསྙེན་བཀུར་བསྔགས་པའི་ལྷག་མ་ནི། དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་གྱི་མདུན་དུ་བདག་ཉིད་ཀྱི་ལུས་ཀྱི་བསྙེན་བཀུར་བྱ་བའི་ཕྱིར་འདི་ལྟ་སྟེ། ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན། ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་བསྙེན་བཀུར་བྱས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ་ཞེས་བསྔགས་པ་བརྗོད་ན། དགེ་འདུན་ལྷག་མའོ། ། 5. སྨྱན་བྱེད་པའི་ལྷག་མ་ནི། དགེ་སློང་གང་བུད་མེད་ལ་སྐྱེས་པའི་ཚིག་དང་། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ། མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན་ཐ་ན་ཐང་འགའ་ཕྲད་པ་ཡང་རུང་སྟེ། དགེ་འདུན་ལྷག་མའོ། ། 6. ཁང་པའི་ལྷག་མ་ནི། དགེ་སློང་གིས་བདག་གིས་བསླངས་པའམ། བདག་པོ་མེད་པ། བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་ན། དགེ་སློང་དེས་ཁང་པ་ཚད་བཞིན་དུ་བརྩིག་ཏུ་ཆུག་ཅིག དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ། ནང་གི་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གཉིས། ཞེང་དུ་མཐོ་བདུན་ནོ། ། གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་རུང་བ་དང་། རྩོད་པ་མེད་པ་དང་། བརྩོམ་དུ་རུང་བར་བལྟ་པར་བྱའོ། ། གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ། རྩོད་པ་དང་བཅས་པའམ། བརྩོམ་དུ་མི་རུང་བར་བདག་གིས་བསླངས་པ། བདག་པོ་མེད་པ། བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་བདག་ལ་གཞི་སྟོན་ཏམ། ཚད་ལས་འདས་ན་དགེ་འདུན་ལྷག་མའོ། ། 7. ཁང་ཆེན་གྱི་ལྷག་མ་ནི། དགེ་སློང་གིས་བདག་པོ་ཡོད་པ། དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་ན། གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ། ། ཁྲིད་པའི་དགེ་སློང་དག་་གིས་ཀྱང་གཞི་རུང་བ་དང་། རྩོད་པ་མེད་པ་དང་། བཙུམ་དུ་རུང་བར་བལྟ་བར་བྱའོ། ། གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ། རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བར་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ན། དགེ་འདུན་ལྷག་མའོ། ། 8. གཞི་མེད་ཀྱི་ལྷག་མ་ནི། དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་། ་མ་དྲིས་ཀྱང་རུང་། རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་གང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན། དགེ་འདུན་ལྷག་མའོ། ། 9. བག་ཙམ་གྱི་ལྷག་མ་ནི། དགེ་སློང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞན་གྱི་ཆ་མ་ཡིན་པ་དང་། མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན། དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཡིན་ལ། རྩོད་པ་དེ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པས་བག་ཙམ་ལས་བསམས་པ་ཙམ་གྱིས་ཆོས་འགའ་ཞིག་བླངས་པར་གྱུར་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན། དགེ་འདུན་ལྷག་མའོ། ། 10. དགེ་འདུན་དབྱེན་བྱེད་པའི་ལྷག་མ་ནི། དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་། དབྱེན་བྱེད་པར་གྱུར་པའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བོར་མ་བྱེད་ཅིག དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག ཚེ་དང་ལྡན་པ་དགེ་འདུན་དང་མཐུན་པར་གྱིས་ཤིག་དགེ་འདུན་མཐུན་ཞིང་མི་ཕྱེད་ལ་ཀུན་ཏུ་དགའ་ཞིང་མི་རྩོད་དེ། མཆོག་གཅིག་འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་ཡང་གསལ་བར་བྱེད་ན། བདེ་བ་ལ་རེག་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཞིག ཅེས་བསྒོ་བར་བྱའོ། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་ལེགས། གལ་ཏེ་གཞི་དེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱའོ། ་། ཡང་དག་པར་བསྟན་པར་བྱའོ། ། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། ། 11. དེ་རྗེས་ཕྱོགས་ཀྱི་ལྷག་མ་ནི། དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་གཅིག་གམ། གཉིས་སམ། མང་པོ་དག་ཡོད་ཅིང་། གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིག་་དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། ་དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི།། མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། བདག་ཅིག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་དེ་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིག དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི། ཆོས་སྨྲ་བ་འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་མ་ཡིན་པའི་ཕྱིར་སྟེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། བདག་ཅག་ཀྱང་འདོད་ཅིང་བཟོད་དོ། ཞེས་མ་ཟེར་ཅིག དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི། ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི། ཤེས་པར་སྨྲ་བ་མ་ཡིན་པར་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་་བཟོད་པ་ལ། ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག དགེ་འདུན་མཐུན་ཞིང་མི་ཕྱེད་ལ། ཀུན་ཏུ་དགའ་ཞིང་མི་རྩོད་དེ། མཆོག་གཅིག་འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་། མི་མཐུན་པར་སྨྲ་བ་འདི་ལྟ་བུ་ཐོང་ཞིག་ཅེས་བསྒོ་བར་བྱའོ། ། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། ། ལེན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ་ཡང་དག་པོར་བསྟན་པ་ན་གཞི་དེ་དག་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། ། 12. ཁྱིམ་སུན་འབྱིན་པའི་ལྷག་མ་ནི། དགེ་སློང་རབ་ཏུ་མང་པོ་དག་གྲོང་ངམ། གྲོང་རྡལ་ཞིག་ན་ཉེ་བར་རྟེན་ཅིང་གནས་པར་གྱུར་ལ། དེ་དག་ཀྱང་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་ཅིང་། དེ་དག་གིས་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་ཅིང་། དེ་དག་གིས་ཁྱིམ་སུན་ཕྱུང་བར་མཐོང་ངམ་ཐོས་སམ་རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་ཏུ་སྤྱོད་པར་མཐོང་ངམ་ཐོས་སམ་རབ་ཏུ་ཤེས་ན་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ། རབ་ཏུ་ཤེས་ཏེ། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ། རབ་ཏུ་ཤེས་ཏེ། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ། རབ་ཏུ་ཤེས་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་འདི་ན་གནས་པས་ཚག་གིས། གནས་འདི་ནས་དེང་ཞིག་ཅེས་བསྒོ་བར་བྱའོ། ། གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྱོད་པར་བྱེད། ཁ་ཅིག་ནི་སྐྱོད་པར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་དེ་དག་ལ། དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྟང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྱོད་པར་བྱེད། ཁ་ཅིག་ནི་སྐྱོད་པར་མི་བྱེད་དོ། ། ཞེས་མ་ཟེར་ཅིག དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདི་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་དག་མ་ཡིན་གྱི་འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བོར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་དག་ཐོང་ཞིག་ཅེས་བསྒོ་བར་བྱའོ། ། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ལེགས། གལ་ཏེ་མི་གཏོང་ན། གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། ། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ལེགས གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། ། 13. བཀའ་བློ་མི་བདེ་བའི་ལྷག་མ་ནི། དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། ། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་ སྡིག་ཀྱང་རུང་། བདག་ལ་ཅི་ཡང་མ་སྨྲ་ཞིག བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་། ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། ། ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་ལམ་ཐོང་ཞིག ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། ་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར། ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྱོས་ཤིག དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་དག་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་ཐོང་ཞིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། ། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ལེགས་གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། ། དེ་དག་ལས་དགུ་ནི་ལྟུང་བ་དང་པོ་དག་ཉིད་ཀྱིས་སོ། ། བཞི་ལན་གསུམ་གྱི་བར་གྱིས་སོ། ། དགེ་འདུན་ལྷག་མ་ཞེས་བྱ་བ་ནི། འདུལ་བ་རྣམ་འབྱེད་ལས་བྱུང་བ་དགེ་འདུན་ལྷག་མ་ཞེས་བྱ་བ་ནི། ལྟུང་བ་དེ་དགེ་འདུན་ལ་རག་ལུས་པ་དང་། དགེ་འདུན་དང་འབྲེལ་བ། དགེ་དུན་ལ་བརྟེན་པ་ཡིན་ཏེ། ལྟུང་བ་དེ་དགེ་འདུན་ལས་རྣམ་པར་ལྡང་བར་འགྱུར་བའི་གང་ཟག་ལས་མ་ཡིན་པའོ། ། གཞན་ཡང་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་ནི་ལྷག་མ་མེད་པ་དང་། འདི་ནི་ལྷག་མ་དང་བཅས་པ་ཡིན་པ་སྟེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །

Tibetan Source 《འདུལ་བ་ཅ་པ་》ཤ་5བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number