10300
Tibetan | གནས་སྐབས་ཀྱི་སྤྱོད་ལམ་བཅུ་གསུམ། |
---|---|
Tibetan Alternate | |
Tibetan Definition | 1. བཀྲེས་པ་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། བཀྲེས་པར་གྱུར་ནས་ད་དུང་དེ་ལ་ཟས་བཀག་སྟེ་མ་ཟོས་པ་ཡིན་ན། ལུས་ཞིག་པ་སྟེ་ལུས་ཤུགས་ཤོར་ནས་རིམ་གྱིས་ཚོ་མི་ཟིན་པ་དང་། ལུས་སེམས་ཐམས་ཅད་ཉམ་ཆུང་བར་གྱུར་པ་མཐོར་ཟས་ཀྱི་ཡི་ག་འཆུས་ནས་ཁ་ཟས་བཟའ་མི་ཐུབ་པ་དང་མགོ་བོ་འཁོར་བ་སོགས་ཀྱི་ནད་དུ་འགྱུར་བས་དེ་དག་མི་འབྱུང་བའི་ཆེད་དུ་བཀྲེས་པའི་དུས་སུ་དེ་ལ་གོང་འདོད་པའི་ཟས་བཟའ་བ་དང་། གལ་ཏེ་ཟས་བཀག་ནས་གོང་གི་ཉེས་པ་དེ་དག་བྱུང་ཟིན་ན་ཕན་ཟས་ཡང་ལ་སྣུམ་ཞིང་དྲོ་བའི་རིགས་ཆ་ཆུང་ངུ་ནས་སྦྱར་ཞིང་བསྟེན་པར་བྱའོ། །
2. སྒོམ་པ་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། སྐོམ་ནས་བཏུང་བ་བཀག་སྟེ་མ་འཐུངས་པ་ཡིན་ན་ཁ་སྐམ་པ་དང་། རིམ་བཞིན་མགོ་བོ་འཁོར་བ་དང་། སྙིང་ནད་འབྱུང་བ། ་མཐར་སྐོམ་གྱིས་མྱོས་པར་འགྱུར་བས་དེ་ལ་སྐོམ་པ་སེལ་ཞིང་ནད་དེ་དག་མི་འབྱུང་བའི་ཆེད་དུ་བསིལ་བའི་སར་འདུག་པ་དང་། ཆུ་བསིལ་ལ་སོགས་པའི་བཏུང་བ་རན་ཚོད་ཀྱིས་འཐུང་བ་སོགས་ཀྱི་བསིལ་བའི་ཐབས་སམ་ཆོ་ག་ཐམས་ཅད་ཕན་པས་བསྟེན་པར་བྱའོ། ། 3. སྐྱུག་པ་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། སྐྱུག་པ་བྱུང་ཡང་བཀག་ནས་མ་སྐྱུག་པ་ཡིན་ན་ཟས་ཀྱི་དང་ག་འགག་པ་དང་། དབུགས་མི་བདེ་བ། སྐྱ་རྦབ་དང་མེ་དབལ། གཡན་པ། འབྲས་ནད་དང་མཛེ་ནད། མིག་ནད། ལུད་པ་འཕེལ་བ། རིམས་ནད་བཅས་ཀྱི་ནད་འབྱུང་བར་འགྱུར་བས། དེ་ལྟར་མི་འབྱུང་བའི་སླད་དུ་སྐྱུག་པ་རང་བབས་སུ་སྐྱུག་པ་དང་། གོང་གི་ནད་འགྱུར་དེ་དག་ལ་ཕན་པའི་ཆེད་དུ་གནས་སྐབས་ཟས་སྐོམ་སྨྱུང་བར་གནས་ཏེ་མི་བཟའ་བ་དང་། དུད་རྣོན་ཏེ་ཙན་དན་དང་ཨ་ག་རུ་སོགས་ཀྱི་དུད་པ་རྣོན་པོ་རྔུབས་པ་དང་། དེ་འདྲ་བའི་སྨན་གྱི་ཁུ་པས་ཁ་བཀང་ནས་ཕྱིར་འཕོ་བར་བྱའོ། ། 4. སྦྲིད་པ་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། སྦྲིད་པ་བྱུང་ཡང་བཀག་ན། མིག་ལ་སོགས་པའི་དབང་བང་པོ་མི་གསོལ་བར་འགྱུར་བ་དང་། མགོ་བོ་ན་བ། གཉའ་བ་རེངས་ནས་འགྱུར་དགའ་བ། ཁ་ཀློག་ནས་ཡོ་བ། རླུང་ནད་འགྲམ་ཆག་གིས་འགྲམ་པའི་བྱེད་ལས་ཉམས་ནས་ཁ་ཟས་ཟ་མི་ཤེས་པར་འགྱུར་བ། དེ་དག་ལ་ཨ་ག་རུ་ལ་སོགས་པའི་དུད་པ་རྣོན་པོ་གོང་ལྟར་རྫུབས་པར་བྱ་བ་དང་ཕྱི་རྒྱུད་ལས་བསྟན་པའི་སྣ་སྨན་བསྟེན་པ་དང་། མིག་གིས་ཉི་མར་ནན་གྱིས་བལྟ་བས་བསལ་བར་བྱ་བའོ། ། 5. གཡལ་བཀག་པའི་་ནད་དང་དེའི་བཅོས་ཐབས་ནི། གཡལ་བཀག་པར་ནི་གོང་གི་ལྗིད་པ་བཀག་པའི་ནད་དེ་དག་དང་འདྲ་བར་འབྱུང་བས་བཅོས་ཐབས་ཀྱང་དེ་བཞིན་བསྟེན་ལ། ཁྱད་པར་དུ་དེ་ལ་ནི་རླུང་འཇོམས་པར་བྱེད་པའི་སྨན་དཔྱད་ཀྱི་ཆོ་ག་ཅི་རིགས་པ་རྣམས་བསྟེན་པས་ཕན་པར་འགྱུར་རོ། ། 6. དབུགས་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། ལུས་རྩོལ་བས་ངལ་ཞིང་དུབ་པའི་དུས་སུ་དབུགས་དྲག་ཏུ་བྱུང་བ་དེ་བཀག་པ་ཡིན་ན། སྐྲན་གྱི་ནད་དང་སྙིང་ནད་འབྱུང་བར་འགྱུར་བ་དང་། མྱོས་ཤིང་དྲན་མེད་དུ་འགྱུར་བ་ཡིན་པས་དེར་ནི་ལུས་ངལ་གསོ་ཞིང་། རླུང་སེལ་བར་བྱ་བའི་ཐབས་བསྟེན་པས་ཕན་པའོ། ། 7. གཉིད་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། གཉིད་དུ་ཡུར་ཀྱང་བཀག་ནས་མ་ཉལ་བ་ཡིན་ན་གཡལ་སྟོང་མང་དུ་འབྱུང་ལ། ལུས་སེམས་གཉིས་ཀ་ཉོབ་པ་དང་མགོ་བོ་ལྕི་བ། མིག་འགྲིབ་པ། ཁ་ཟས་ཟོས་པ་ཡང་མི་འཇུ་བ་བཅས་ཀྱི་ནད་འབྱུང་བས་དེ་ལ་ཤ་ཁུ་དང་ཆང་བཟང་པོ་བཏུང་ལ་སྣུམ་བག་ལྡན་པས་བསྐུ་མཉེ་བྱ་ཞིང་། གཉིད་བདེ་བར་ལོག་ན་ཕན་པས་དེ་ལྟར་བསྟེན་པར་བྱའོ། ། 8. ལུད་པ་བཀག་པ་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། ལུད་པ་བྱུང་ཡང་ཡང་ཕྱིར་མི་ལུ་བར་བཀག་པས། དབུགས་ལམ་ནང་ལུད་པ་མང་དུ་འཕེལ་ནས་དབུགས་འབྱིན་རྔུབས་མི་བདེ་བ་དང་ལུས་ཀྱི་ཤ་ཡང་རིམ་གྱིས་སྐེམ་པ་དང་། སྐྱིགས་བུའི་ནད་དང་། སྙིང་ནད། ཡི་ག་འཆུས་པ་སོགས་ཀྱི་ནད་འབྱུང་བ་ཡིན་པས། དེ་ལ་ནི་ལུད་པ་ཕྱིར་བསལ་བར་བྱ་བའི་ཆོ་གའམ་ཐབས་སུ་སྟར་བུའི་ཐང་གཏོང་བ་དང་། བཅའ་སྒ་དང་། པི་པི་ལིང་སོགས་བུ་རམ་དང་སྦྱར་བའི་ལྡེ་གུ་གཏོང་བ་སོགས་བྱའོ། ། 9. མཆི་མ་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། མིག་གི་ནད་ལས་བྱུང་བའམ། སེམས་ལ་མྱ་ངན་བྱུང་བ་ལ་བརྟེན་ནས་མིག་ལས་མཆི་མ་འོང་བ་བཀག་ནས་དོན་དུ་མ་བཅུག་པ་ཡིན་ན། སྙིང་དང་མགོ་བོ་ན་བ་དང་། སྣ་ཆུ་མང་དུ་འཛག་ཅིང་མགོ་ཡུ་འཁོར་བ། ཡི་ག་འཆུས་པ་སོགས་ཀྱི་ནད་འབྱུང་བ་ཡིན་པས། དེ་ལ་ནི་ཆང་བཏུང་བ་དང་། གཉིད་ལོག་པ་གཏམ་སྙན་པོ་ཤོད་པ་སོགས་ཀྱིས་ཕན་པས་དེ་ལྟར་བསྟེན་པར་བྱའོ། ། 10. འཕྱེན་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། འཕྱེན་ཏེ་རྟུག་དྲི་འོང་བ་བཀག་ནས་མ་བཏང་བ་ཡིན་ན། རྟུག་པ་སྐམས་པོར་འགྲོ་བ་དང་། འཕྱེན་དང་བཤང་བ་སླད་གཏོང་བར་རྩོམ་ཚེ་འགག་ནས་གཏོང་མི་ཐུབ་པ་དང་། སྐྲུན་ནད་འབྱུང་བ་དང་། ཁོང་པ་གཟེར་བ། མིག་རྟུལ་བར་གྱུར་པ་སྟེ་མིག་མི་རྣོ་བའམ་མི་གསལ་བ། ལུས་དྲོད་ཆུང་དུ་འགྲོ་བ་དང་སྙིང་ནད་འབྱུང་བར་འགྱུར་བ་བཅས་སོ། ། 11. བཤང་བ་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། བཤང་བ་འོང་བཞིན་དུ་བཀག་ནས་མ་བཏང་བ་ཡིན་ན། ཡུན་རིང་དུ་སོང་ནས་ཁ་རུ་མི་གཙང་བ་རྟོག་པའི་དྲི་འབྱུང་བ་དང་། ཀླད་པ་ན་ཞིང་རྐང་ལག་གི་ཧྭ་འགྱུར་བ། ཆམ་པས་འདེབས་པ་དེར་མ་ཟད་སྔར་འཕྱེན་བཀག་གི་སྐབས་ལས་བཤད་པའི་ནད་རྣམས་སུའང་འགྱུར་བ་ཡིན་ནོ། ། 12. གཅིན་པ་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། གཅིན་ཡུན་རིང་དུ་བཀག་པ་ཡིན་ན། ལྒང་པའི་རྡེའུ་སྐྲན་ལ་སོགས་པའི་རྡེའུའི་ནད་འབྱུང་བ་དང་། ཆུ་སོ་དང་། ཕོ་མཚན། དཀུ་སྟེ་མངལ་སོགས་གཅིན་ལམ་གྱི་ནད་དང་། དེ་དག་ལ་སྔར་ནད་གང་ཡོད་པ་རྣམས་ལྡང་ཞིང་འབྱུང་བ་ཡིན་ནོ། ། གོང་གསལ་འཕྱེན་བཀག་པ་དང་། བཤང་བ་བཀག་པ། གཅིན་བཀག་པ་བཅས་ལས་བྱུང་བའི་ནད་རྣམས་ལ་བཅོས་ཐབས་ལྷན་ཅིག་ཏུ་བསྟན་པ་ནི། དེ་དག་ནད་སོ་སོ་ཞི་བྱེད་ཀྱི་གཉེན་པོའི་སྨན་གང་ཡིན་པ་རྣམས་གང་ལ་དེ་འཚམས་ཀྱིས་བསྟེན་པར་བྱ་དགོས་ལ་དེ་བཞིན་སྤྲོ་སོ་ཆ་དང་དུད་པ། ཚྭ་བཅས་སྦྱར་བའི་རེང་བུ་དང་། དེ་བཞིན་མས་བཏང་སྟེ་འཇམ་རྩི་དང་། སྨན་གྱི་ལུམས་ཀྱིས་ལུས་བཅིང་བ་དང་། རོ་སྨད་ལ་སྣུམ་གྱིས་བསྐུ་བྱུག་དང་དྲོད་དུགས་བྱ་ཞིང་རྩ་བ་ལྔ་སོགས་ཀྱི་སྨན་མར་བསྟེན་པར་བྱའོ། ། 13. ཁུ་བ་བཀག་པའི་ནད་དང་དེའི་བཅོས་ཐབས་ནི། ཁུ་བ་བྱུང་བ་ཡུན་རིང་དུ་བཀག་པས། དེ་ནད་དུ་གྱུར་ནས་སླད་ཁུ་བ་རང་དབང་མེད་པར་རྒྱུན་དུ་འཛགས་པ་དང་ཕོ་མཚན་དང་། ཁུ་བའི་ལམ་དུ་ན་ཞིང་གཟེར་བ། དེས་དྲི་ཆུ་འགགས་པ་དང་། གཅིན་ལམ་དང་ཁུ་བ་འབྱུང་བའི་ལམ་དུ་རྡེའུ་འཕེལ་བ་དང་། མ་ནིང་དུ་འགྱུར་ཞེས་པ་སྟེ། ཁུ་བ་ཡུན་རིང་བཀག་པའི་དབང་གིས་མཐར་དབང་པོ་མི་ལྡང་བ་དང་། འདོད་པ་སྤྱོད་མི་ཐུབ་པ་སོགས་དབང་པོ་ལས་སུ་མི་རུང་བས་མ་ནིང་ལྟར་དུ་འགྱུར་བར་བྱེད་པ་ཡིན་ནོ། ། དེ་ལ་ནི་མས་བཏང་དང་། ལུམས་ཀྱིས་ལུས་བཅིང་བ་སོགས་ནད་དང་འཚམས་པའི་གཉེན་པོ་བསྟེན་པ་དང་། ཁུ་བ་འཕེལ་ནས་ཡུན་རིང་མི་བགག་པར་དུས་སུ་བུད་མེད་ལ་འཁྲིག་པ་སྤྱད་ནས་ཁུ་བ་བདེ་བར་འབྱིན་པར་བྱ་ལ། ་ཏིལ་མར་དང་འོ་མ་ཁྱིམ་བྱའི་ཤ་དེ་བཞིན་ཆང་ཞིམ་པོ་བཅས་བཏང་བར་བྱའོ། ། |
Tibetan Source | 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ ཤ་331.13 ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |