10456
Tibetan | མདོ་ལས་སྔགས་ཁྱད་པར་འཕགས་པ་བཅོ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་།
མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་གསུམ་འབྲས་བུ་སྔགས་ཀྱི་གྲུབ་མཐའ་ལས་བྱུང་བ་སྟེ། 1.ལྟ་བ་ལ་ཡང་ཁྱད་པར་འཕགས་པ་ནི། མཚན་ཉིད་ལ་ལྟ་བ་སྟོང་ཉིད་སྤྲོས་བྲལ་ཙམ་ལས། བདེན་པ་དབྱེར་མེད་གདོད་མ་ནས་ལྷ་དང་སྔགས་ཀྱི་རང་བཞིན་ཡིན་པར་མ་རྟོགས་ལ། སྔགས་ཀྱིས་རྟོགས་ཏེ། ཀུན་རྫོབ་ཀྱང་མེད་ལ་སྣང་བ་སྤྲུལ་པ་ཙམ་དུ་ལྷར་དག་པ་སྦྱོར་ལ། དོན་དམ་དབྱིངས་དང་ཡེ་ཤེས་ནས་གཉིས་སུ་མེད་པ་གཉིས། གདོད་མ་ནས་ངོ་བོ་ཉིད་མེད་པའི་ངང་དུ་དབྱེར་མེད་པར་རྟོགས་ཏེ། སྒྱུ་འཕྲུལ་ལམ་རིམ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པར། ། མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། ། ཞེས་སོ། ། ཕུང་པོ་ལྔ་ལྷར་གྲུབ་པ་ཡབ། ཡེ་ཤེས་གྲུབ་པའི་རྒྱུད་ལས། གཟུགས་ནི་རྣམ་པར་སྣང་མཛད་ཉིད། ། ཚོར་བ་རིན་ཆེན་འབྱུང་ལྡན་ལ། ། འདུ་ཤེས་སྣང་བ་མཐའ་ཡས་ཉིད། ། འདུ་བྱེད་དོན་ཡོད་གྲུབ་པ་ལ། ། རྣམ་པར་ཤེས་པ་མི་བསྐྱོད་པ། ཞེས་པ་དང་། འབྱུང་བ་ལྔ་ཡུམ་ལྔར་དག་པའང་དེ་ཉིད་ལས། འབྱུང་བ་ལྔ་ནི་ཡུམ་ལྔའི་དངོས། ། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀུན། ། ཐམས་ཅད་དག་པས་སངས་རྒྱས་ཞེས། ། ཞེས་སོ། ། སྒྱུ་འཕྲུལ་གསང་སྙིང་ལས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏེ། ཞེས་སོ། ། 2.སྤྱོད་པ་ལ་ཡང་ཁྱད་པར་འཕགས་པ་ནི། སྤྱོད་པའམ་མཚན་ཉིད་ལ་བླང་དོར་གཉིས་བཅས་ལས་མེད་ལ། སྔགས་སུ་དག་མཉམ་སྒྱུ་མའི་རང་བཞིན་ལྷ་དང་གཞལ་ཡས་ཁང་གི་ངང་ལས་ཚོགས་དང་། མགོན་པོ་ཀུན་དུ་སྤྱོད་པ་ལ་སོགས་པ་དཀྱིལ་འཁོར་སོ་སོའི་སྐབས་སུ་འཆད་པ་ལྟ་བུས། ལྷ་མཆོད་པ་དང་། ཆོས་ཉིད་དང་མཐུན་པ་དང་། ཉོན་མོངས་པ་དག་པ་ལ་སོགས་པས་འཕགས་སོ། ། 3.སེམས་ལ་ཡང་ཁྱད་པར་འཕགས་པ་ནི། སེམས་ཀྱི་ཏིང་ངེ་འཛིན་ལའང་། མཚན་ཉིད་ལ་ཞི་གནས་དང་ལྷག་མཐོང་བསྒྲུབ་པ་ལ་ཡུན་རིང་པོར་སེམས་འཛིན་གྱི་དཀའ་བ་ཆེན་པོས་འབད་དགོས་པ་ཉིད་སྔགས་སུ་མཚན་བཅས་བསྐྱེད་པའི་རིམ་པ་སྤྲོས་པ་ཞིག་ནས། མཚན་མེད་རྫོགས་པའི་རིམ་པར་རྩ་རླུང་གི་གནད་གཅུན་པ་ཙམ་གྱིས་ཡེ་ཤེས་འཆར་བའི་ཕྱིར་འཕགས་སོ། ། 4.རྒྱུ་ལ་ཡང་ཁྱད་པར་འཕགས་པ་ནི། རྒྱུའང་མཚན་ཉིད་དུ་བསྐྱེད་བྱ་སྐྱེད་བྱེད་ཀུན་རྫོབ་སྔོན་དུ་སོང་བ་ལས་དོན་དམ་རྟོགས་པར་འདོད་ལ་སྔགས་སུ་དག་རྒྱུའམ་བྲལ་རྒྱུ་རང་གནས་གྱི་ཡེ་ཤེས་བཙན་ཐབས་སུ་ངོ་སྤྲད་ནས་བསྒོམས་པས་ད་ལྟ་ཉིད་དུ་དོན་དམ་རྟོགས་པ་ལ་འཇུག་པས་འཕགས་སོ། ། 5.ལམ་ལ་ཡང་ཁྱད་པར་འཕགས་པ་ནི། ལམ་ཡང་མཚན་ཉིད་དུ་ཚོགས་གཉིས་ལ་མཉམ་རྗེས་རེས་འཇོག་ཏུ་གྱུར་པས་ལམ་ལྔ་བསྐལ་པར་མི་བགྲོད་པ་ཉིད། སྔགས་སུ་དབྱེར་མེད་ཡེ་ཤེས་ཀྱི་ལམ་ལ་ཞུགས་པས་མྱུར་དུ་བགྲོད་པས་འཕགས་སོ། ། 6.འབྲས་བུ་ལ་ཡང་ཁྱད་པར་འཕགས་པ་ནི། འབྲས་བུའང་མཚན་ཉིད་དུ་དུས་རིང་ཞིག་ན་ཕྱིས་འབྱུང་བར་འདོད་ལ་སྔགས་ལ་ད་ལྟར་ལྷུན་གྲུབ་ཏུ་རང་གནས་སུ་འདོད་པས་འཕགས་སོ། ། 7.ས་ལ་ཡང་ཁྱད་པར་འཕགས་པ་ནི། སའང་མཚན་ཉིད་དུ་སྤང་གཉེན་རིམ་ཅན་གྱི་དབྱེ་བས་བཅུ་གཅིག་ཏུ་འདོད་ལ། སྔགས་སུ་དབྱེར་མེད་ངོ་བོ་ཉིད་ཀྱི་དབྱིངས་དེ་བཞིན་ཉིད་ལྷུན་གྱིས་གྲུབ་པ་དང་། དག་མཉམ་ཡེ་ཤེས་ཆེན་པོའི་ས་རིམ་གཉིས་འོད་གསལ་དམ་པ་དང་། ལྷུན་གྲུབ་ཆོས་མཆོག་དག་པའི་ས་འབྲས་བུ་རྣམ་དག་ཆེན་པོ་དང་གསུམ་མོ། ། ཡང་ན་རྒྱུའི་ས་རྣམས་གྱི་སྟེང་དུ་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་དང་། བཅུ་གསུམ་རྡོ་རྗེ་འཛིན་པ་ལ་སོགས་པས་འཕགས་ཏེ། གསང་སྙིང་ལས། ས་ཡི་ཁྱད་པར་བཅུ་དང་གསུམ། ། ཞེས་སོ། ། 8.དུས་ལ་ཡང་ཁྱད་པར་འཕགས་པ་ནི། དུས་ལའང་མཚན་ཉིད་ལས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་མི་འགྲུབ་པ་སྔགས་ལ་བརྩོན་ཞིང་དམ་ཚིག་གཙང་བས་ཚེ་འདིར་འགྲུབ་སྟེ་དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། ། སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། ། ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ། ། ཅེས་སོ། ། 9.ལོངས་སྤྱོད་ལ་ཡང་ཁྱད་པར་འཕགས་པ་ནི། ལོངས་སྤྱོད་ལ་ཡང་མཚན་ཉིད་ལ་འདོད་ཡོན་སྤངས་ཏེ་སྒྲུབ་པ་སྔགས་ལས་གྲོགས་སུ་བྱེད་པ་ཉིད་རྡོ་རྗེ་བཀོད་པ་ལས། གང་ལས་སྤངས་ཏེ་རྨད་དུ་གྱུར་པ་ཡི། ། ལོངས་སྤྱོད་འདོད་ཡོན་རྣམ་པ་ལྔ། ། ཐབས་ལྡན་སྔགས་ལ་གྲོགས་ཀྱི་མཆོག ། སྐལ་བ་ལྡན་པས་རབ་སྤྱད་བྱ། ། ཅེས་སོ། ། 10.རྣལ་འབྱོར། རྣལ་འབྱོར་ལའང་མཚན་ཉིད་ལ་མཉམ་གཞག་མི་དམིགས་པ་ནམ་མཁའ་ལྟར་སྟོང་པ་བསྒོམ་ཞིང་། རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་ལམ་དུ་བྱེད་ལ། སྔགས་ལས་དབྱེར་མེད་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ལམ་དུ་བྱེད་པས་འཕགས་སོ། ། 11.བདག་གཞན་གྱི་དོན་ལ་ཡང་ཁྱད་པར་འཕགས་པ་ནི། བདག་གཞན་གྱི་དོན་བསྒྲུབ་པ་ལའང་། མཚན་ཉིད་ལས་གནས་སྐབས་སུ་ཅུང་ཟད་ཕན་པ་ཙམ་ལས་ཆར་མི་འགྲུབ། །སྔགས་ལས་ཆར་དབབ་པས་མུ་གེ་ཞི་བ་དང་། རྣལ་འབྱོར་གྲུབ་པས་ཟས་སྐོམ་ནོར་བུ་ལ་སོགས་པའི་ཆར་འབེབས་པ་དང་། ནད་དང་འཁྲུག་པ་ཞི་བ་ལ་སོགས་པ་ཡུལ་འཁོར་ཙམ་དུ་བཀྲ་ཤིས་པ་གཞན་གྱི་དོན་དང་། རིམ་གཉིས་བསམ་གྱིས་མི་ཁྱབ་པས་ནང་གི་རྟོགས་པ་དང་ཏིང་ངེ་འཛིན་སྐད་ཅིག་རེ་རེས་ཀྱང་གོང་ནས་གོང་དུ་འཕེལ་བ་དང་། རང་གི་དོན་བྱེད་པས་འཕགས་པ་ཡིན་ནོ། ། 12.དགོས་པའང་མཚན་ཉིད་ལ་རྒྱུའི་ཐེག་པ་ཙམ་ལས་མ་ཤེས་པ་ཉིད། སྔགས་ལ་འབྲས་བུ་གསང་ཆེན་ངེས་པར་བྱེད་དེ། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། ། ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། ། ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། ། ཞེས་སོ། ། 13.དགོས་པ་ལ་ཡང་ཁྱད་པར་འཕགས་པ་ནི། བྱ་དཀའ་བ་མེད་པས་ངལ་དུབ་ཀྱི་མཐའ་སྤངས་ཏེ་ཚེགས་ཆུང་ངུས་འབྲས་བུ་ཆེན་པོ་འགྲུབ་པའི་ཕྱིར་ཡང་མཚན་ཉིད་ལས་འཕགས་ཏེ། ཐབས་མང་དཀའ་བ་མེད་པ་དང་། ། ཞེས་སྔར་བཤད་པ་བཞིན་ནོ། ། 14.ངལ་དུབ་མཐའ་སྤང་ཚེགས་ཆུང་ངུ་ལ་ཡང་ཁྱད་པར་འཕགས་པ་ནི། བྱ་དཀའ་བ་མེད་པས་ངལ་དུབ་ཀྱི་མཐའ་སྤངས་ཏེ་ཚེགས་ཆུང་ངུས་འབྲས་བུ་ཆེན་པོ་འགྲུབ་པའི་ཕྱིར་ཡང་མཚན་ཉིད་ལས་འཕགས་ཏེ། ཐབས་མང་དཀའ་བ་མེད་པ་དང་། ། ཞེས་སྔར་བཤད་པ་བཞིན་ནོ། ། 15.ཚོགས་བསགས་པ་ལ་ཡང་ཁྱད་པར་འཕགས་པ་ནི། ཚོགས་བསགས་པའི་ཁྱད་པར་ལ་ཡང་། མཚན་ཉིད་ལ་ཐུན་མོང་གི་ཚོགས་སྦྱིན་པ་ཙམ་དང་། ཚུལ་ཁྲིམས་ཙམ་དང་ཕར་ཕྱིན་དྲུག་ཙམ་ལས་མེད་པས། ཡུན་རིང་དུ་འགོར་བ་ལས། སྔགས་སུ་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་ཤེས་པས་ཅི་ལོངས་སྤྱོད་པ་ཐམས་ཅད་ཚོགས་སུ་འགྱུར་བའི་ཕྱིར་རྒྱ་ཆེ་བ་དང་། ཡོ་བྱད་བདུད་རྩིར་ཤེས་པས་བཟང་བ་དང་། རང་བཞིན་དག་མཉམ་དུ་རྟོགས་པས་མཆོག་ཏུ་གྱུར་པ་དང་། ཉོན་མོངས་རང་བཞིན་གྱིས་མ་སྤངས་པ་ལ་དག་པས་ཚོགས་གཉིས་མྱུར་དུ་འདུམས་ཤིང་རྫོགས་པས་ཚེ་གཅིག་སྐྱེ་བས་གྲོལ་བ་འགྲུབ་པ་ཡིན་ནོ། ། དེ་ལྟར་ཐབས་ལྷག་པ་ལྷར་ཐབས་རེས་བཞག་པའི་ཤེས་རབ་ཀྱང་ལམ་སྤྱོད་པའི་ཚེ་ལྷག་ཏུ་ཡོད་པར་ཤེས་པར་བྱའོ། ། དེ་ཡང་རྒྱུ་མཚན་ཉིད་ལས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ས་བོན་དུ་ཡོད་པ་ཙམ་རྐྱེན་ཚོགས་གཉིས་ལས་གོང་དུ་འཕེལ་བས་སངས་རྒྱས་ཐོབ་པར་འདོད་པའི་ཕྱིར་རྒྱུའི་ཐེག་པ་ཞེས་བྱ་སྟེ། རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པའི་ཕྱིར་རོ། ། སྔགས་ཀྱི་སྙིང་པོ་དེ་སེམས་ཅན་ཐམས་ཅད་ལ་རང་ཆས་ལྷུན་གྲུབ་ཏུ་ཡོན་ཏན་བརྒྱད་ཆས་མ་ཚང་བ་མེད་པར་ཡོད་པ་སྦྱང་གཞི་ཉི་མ་འདྲ་བ་ཉིད་ལ། སྦྱང་བྱ་འཁོར་བའི་རང་བཞིན་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་སྤྲིན་ལྟ་བུས་བསྒྲིབས་པ་ཉིད། སྦྱོང་བྱེད་དབང་དང་བསྐྱེད་རྫོགས་བསྒོམས་པས་སྤྲིན་སེལ་བ་ལྟར་རིམ་གྱིས་སྦྱངས་པས་གནས་སྐབས་ཀྱི་ཡོན་ཏན་གྲུབ་ནས། སྦྱངས་འབྲས་དོན་གྱི་ཀུན་གཞི་ཉི་མ་ལྟར་གསལ་བ་ཅི་ཡིན་པ་མངོན་དུ་འགྱུར་བར་འདོད་དེ། དེ་ཚེ་སྔར་གྱི་དྲི་མ་མེད་པས་ཀུན་གཞིའི་མིང་བག་ཆགས་དང་བཅས་པ་ལོག་ཀྱང་དོན་སྔ་ཕྱིར་རྣམ་དབྱེ་མེད་པར་གསལ་ཏེ། བརྟགས་གཉིས་ལས་སེམས་ཅན་རྣམས་ནི་སངས་རྒྱས་ཉིད། ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། ། དེ་བསལ་ན་ནི་སངས་རྒྱས་ཉིད། ། ཅེས་སོ། ། མདོ་སྡེ་རྒྱན་ལས་ཀྱང་། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། ། དེ་བཞིན་ཉིད་ནི་དག་གྱུར་པ། ། ཞེས་བཤད་པ་བཞིན་ནོ། ། |
Tibetan Source | 《མདོ་རྒྱུད་མཛོད་གི་པ་》ཤ་761.5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |