10704

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣལ་འབྱོར་ཡིད་ལ་བྱེད་པ་རྣམ་པ་བཅོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། མདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བ་སྟེ།

1.རིགས་ངེས་པ་ནི། ཉན་ཐོས་ལ་སོགས་པའི་རིགས་ངེས་པའོ། ། 2.བྱ་བ་བྱེད་པ་ནི། ཚོགས་བསགས་པའི་གང་ཡིན་པའོ། ། 3.རྟེན་རྣམ་པར་དབྱེ་བ་ནི། གནོད་པ་དང་བཅས་པ་ཁྱིམ་ན་གནས་པའི་རྟེན་ཅན་དང་། གནོད་པ་མེད་པ་རབ་ཏུ་བྱུང་བའི་རྟེན་ཅན་གང་ཡིན་པའོ། ། 4.མོས་པ་འཇོག་པར་བྱེད་པ་ནི། སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པ་གང་ཡིན་པའོ། ། 5.འདུན་པ་སྐྱེད་པར་བྱེད་པ་ནི། དེ་ལ་ཡིད་ཆེས་པ་དང་ལྡན་པའོ། ། 6.ཏིང་ངེ་འཛིན་ལ་བརྟེན་པ་ནི། ཉེར་བསྡོགས་དང་དངོས་གཞིའི་ཏིང་ངེ་འཛིན་དང་ལྡན་པ་གང་ཡིན་པ་སྟེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་སྟེ་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད། དཔྱོད་པ་ཡང་མེད་པའོ། ། 7.ཤེས་པ་དང་མཚུངས་པར་ལྡན་པ་ནི། རྣལ་འབྱོར་གྱི་རྒྱུ་དང་། རྣལ་འབྱོར་མི་ཤེས་པ་དང་བཅས་པ་གང་ཡིན་པ་སྟེ། དེ་ཡང་གོ་རིམ་བཞིན་དུ་ཐོས་པ་དང་བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའོ། ། 8.འདྲེས་པ་ལ་དམིགས་པ་ནི་ལྔ་སྟེ། (1)མདོ། (2)སྡོམ་གྱི་ཚིགས་སུ་བཅད་པ། (3)ཉེ་བར་གཏོད་པ། (4)ཇི་སྙེད་གཟུང་བ། (5)ཇི་སྙེད་བསྟན་པ་ལ་དམིགས་པའོ། ། 9.མ་འདྲེས་པ་ལ་དམིགས་པ་ནི་རྣམ་པ་བདུན་ཏེ། (1)མིང་ལ་དམིགས་པ། (2)ཚིག་ལ་དམིགས་པ། (3)ཡི་གེ་ལ་དམིགས་པ། (4)གང་ཟག་ལ་བདག་མེད་པ་ལ་དམིགས་པ། (5)ཆོས་བདག་མེད་པ་ལ་དམིགས་པ། (6)གཟུགས་ཅན་གྱི་ཆོས་ལ་དམིགས་པ། (7)གཟུགས་ཅན་མ་ཡིན་པའི་ཆོས་ལ་དམིགས་པའོ། ། 10.ཡོངས་སུ་ཤེས་པ་ངེས་པ་ནི། ཡོངས་སུ་ཤེས་པར་བྱ་བའི་གཞི་དང་། ཡོངས་སུ་ཤེས་པར་བྱ་བའི་དོན་དང་། ཡོངས་སུ་ཤེས་པ་དང་། ཡོངས་སུ་ཤེས་པའི་འབྲས་བུ་དང་། དེ་རབ་ཏུ་རིག་པ་རྣམས་ལ་སྟེ། དེ་ལ་ཡོངས་སུ་ཤེས་པར་བྱ་བའི་གཞི་ནི་སྡུག་བསྔལ་ལོ། ། ཡོངས་སུ་ཤེས་པར་བྱ་བའི་དོན་དེ་ཉིད་ལ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པའོ། ། ཡོངས་སུ་ཤེས་པ་ནི་ལམ་མོ། ། ཡོངས་སུ་ཤེས་པའི་འབྲས་བུ་ནི་རྣམ་པར་གྲོལ་བའོ། ། དེ་རབ་ཏུ་རིག་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། ། 11.སྒོམ་པའི་རྣམ་པ་ལ་ཞུགས་པ་ནི་རྣམ་པ་བཞི་སྟེ། (1)གང་ཟག་ལ་བདག་མེད་པའི་རྣམ་པ་བསྒོམ་པ། (2)ཆོས་ལ་བདག་མེད་པའི་རྣམ་པ་བསྒོམ་པ། (3)མཐོང་བའི་རྣམ་པ་བསྒོམ་པ། (4)ཤེས་པའི་རྣམ་པ་བསྒོམ་པའོ། ། དེ་ལ་རྣམ་པ་སུམ་ཅུ་རྩ་བདུན་བསྒོམ་པ་ནི། [1]མི་སྡུག་པའི་རྣམ་པ་བསྒོམ་པ། [2]སྡུག་བསྔལ་གྱི་རྣམ་པ་བསྒོམ་པ། [3]མི་རྟག་པའི་རྣམ་པ་བསྒོམ་པ། [4]བདག་མེད་པའི་རྣམ་པ་བསྒོམ་པ་ནི་དྲན་པ་ཉེ་བར་གཞག་པ་དག་གི་དུས་ནའོ། ། [5]འཐོབ་པའི་རྣམ་པ་བསྒོམ་པ། [6]རྟེན་པའི་རྣམ་པ་བསྒོམ་པ། [7]བསལ་བའི་རྣམ་པ་བསྒོམ་པ། [8]གཉེན་པོའི་རྣམ་པ་བསྒོམ་པ་ནི་ཡང་དག་པར་སྤོང་བ་དག་གི་དུས་ནའོ། ། [9]ཆོག་པར་འཛིན་པའི་གཉེན་པོ་ཡིད་ལ་བྱེད་པ་སྒོམ་པ་ནི་གང་གི་ཚེ་འདུན་པ་སྐྱེད་པར་བྱེད་པ་ནའོ། ། [10]-[13]རྣམ་པར་གཡེང་བ་དང་། ཐེ་ཚོམ་གྱི་གཉེན་པོ་ཡིད་ལ་བྱེད་པ་བསྒོམ་པ་ནི་གང་གི་ཚེ་འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་པ་ན་སྟེ། གོ་རིམ་བཞིན་ནོ། ། [14]རྒོད་པའི་གཉེན་པོ་ཏིང་ངེ་འཛིན་གྱི་རྣམ་པ་བསྒོམ་པ་ནི་གང་གི་ཚེ་སེམས་རབ་ཏུ་འཛིན་པ་ནའོ། ། [15]ཞུམ་པའི་གཉེན་པོ་ཏིང་ངེ་འཛིན་རྣམ་པ་བསྒོམ་པ་ནི། གང་གི་ཚེ་ཡང་དག་པར་རབ་ཏུ་འཇོག་པ་ན་སྟེ། འདི་དག་ནི་གོ་རིམ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་གི་དུས་ན་རིག་པར་བྱའོ། ། [16]སེམས་གནས་པ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་ཡིད་ཆེས་པའི་རྣམ་པ་བསྒོམ་པ། [17]ཇི་ལྟར་ཡིད་ཆེས་པའི་རྣམ་པ་བསྒོམ་པ། [18]དེ་བཞིན་དུ་འབད་པའི་རྣམ་པ་བསྒོམ་པ། [19]ཆོས་མི་བརྗེད་པའི་རྣམ་པ་བསྒོམ་པ། [20]སེམས་གནས་པའི་རྣམ་པ་བསྒོམ་པ། [21]རབ་ཏུ་རྣམ་པར་འབྱེད་པའི་རྣམ་པ་བསྒོམ་པ་ནི་དབང་པོ་དག་གི་དུས་ནའོ ། ཡིད་ལ་བྱེད་པ་ལྔ་པོ་དེ་དག་ཉིད་མི་མཐུན་པའི་ཕྱོགས་སྤངས་པ་ནི་སྟོབས་དག་གི་དུས་ནའོ། ། [22] རྫོགས་པའི་བྱང་ཆུབ་རབ་ཏུ་སྣང་བའི་རྣམ་པ་བསྒོམ་པ། [23]-[28]དེ་ཉིད་ལ་རྣམ་པར་འབྱེད་པ་དང་། སྤྲོ་བ་དང་། ཡིད་བདེ་བ་དང་། ལས་སུ་རུང་བ་དང་། སེམས་གནས་པ་དང་། མཉམ་པ་ཉིད་ཀྱི་རྣམ་པ་བསྒོམ་པ་ནི་བྱང་ཆུབ་ཡན་ལག་བདུན་དག་གི་དུས་ནའོ། ། [29]ཐོབ་པར་ངེས་པའི་རྣམ་པ་བསྒོམ་པ། [30]ཡོངས་སུ་སྦྱོང་བའི་ས་ཤེས་པའི་རྣམ་པ་བསྒོམ་པ། [31]གཞན་ལ་གོ་བར་བྱེད་པའི་རྣམ་པ་བསྒོམ་པ། [32]འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཞུགས་པའི་རྣམ་པ་བསྒོམ་པ། [33]ཡོ་བྱད་བསྙུངས་པའི་ཚུལ་ཀུན་ཏུ་སྤྱོད་པའི་རྣམ་པ་བསྒོམ་པ། [34]སྔོན་བསྒོམས་པས་ཐོབ་པའི་ལམ་གོམས་པའི་རྣམ་པ་བསྒོམ་པ། [35]ཆོས་ལ་གནས་པའི་རྒྱུ་མཚན་མི་བརྗེད་པའི་རྣམ་པ་བསྒོམ་པ། [36] མཚན་མ་མེད་པ་ལ་སེམས་གནས་པས་གནས་ཡོངས་སུ་གྱུར་པའི་རྣམ་པ་བསྒོམ་པ་ནི། ལམ་གྱི་ཡན་ལག་གི་དུས་ནའོ། །(སྐབས་འདིར་རྣམ་པ་གཅིག་ཆད་འདྲ་བ་དཔྱད།) 12.ཞི་གནས་དང་ལྷག་མཐོང་བསྒོམ་པ་ལམ་གྱི་རང་བཞིན་དག་ལ་ནི་བཤད་པ་གང་ཡང་མེད་དོ། ། 13.ཕན་ཡོན་ཡིད་ལ་བྱེད་པ་ནི་རྣམ་པ་གཉིས་ཏེ། (1)གནས་ངན་ལེན་སེལ་བ། (2)ལྟ་བའི་མཚན་མ་སེལ་བའོ། ། 14.ནོད་པར་བྱེད་པ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་ཆོས་ཀྱི་རྒྱུན་གྱི་གདམས་ངག་ནོད་པར་བྱེད་པ་གང་ཡིན་པའོ། ། 15.སྦྱོར་བའི་ཡིད་ལ་བྱེད་པ་ནི་ལྔ་སྟེ། (1)ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་གྲངས་ཉེ་བར་རྟོག་པ་སྦྱོར་བ་པ་ནི་གང་གི་མདོ་ལ་སོགས་པ་ལ་མིང་དང་། ཚིག་དང་། ཡི་གེའི་གྲངས་ཉེ་བར་རྟོག་པར་བྱེད་པའོ། ། (2)གནས་པ་ཉེ་བར་རྟོག་པ་སྦྱོར་བ་པ་ནི་གང་གིས་གནས་རྣམ་པ་གཉིས་ཉེ་བར་རྟོག་པར་བྱེད་པ་སྟེ། ། [1]ཚད་ཡོད་པར་གནས་པ་ནི་ཡི་གེ་རྣམས་སོ། ། [2]ཚད་མེད་པར་གནས་པ་ནི་མིང་དང་ཚིག་དག་གོ ། (3)ཀུན་ཏུ་རྟོག་པ་ཉེ་བར་རྟོག་པ་སྦྱོར་བ་པ་ནི་གང་གིས་གཉིས་ལ་བརྟེན་ནས་གཉིས་སུ་ཀུན་ཏུ་རྟོག་པ་ཉེ་བར་རྟོག་པའི་བྱེད་པ་སྟེ། [1] མིང་དུ་ཀུན་ཏུ་རྟོག་པ་ལ་བརྟེན་ནས་དོན་ཀུན་ཏུ་རྟོག་པ། [2]དོན་དུ་ཀུན་ཏུ་རྟོག་པ་ལ་བརྟེན་ནས་མིང་ཀུན་ཏུ་རྟོག་པའོ། ། ཡི་གེ་ནི་ཀུན་བརྟག་པར་བྱ་བ་མ་ཡིན་ནོ། ། (4)རིམ་པ་ཉེ་བར་རྟོག་པ་སྦྱོར་བ་པ་ནི་གང་གི་མིང་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་དོན་འཛིན་པ་ལ་འཇུག་པ་ཉེ་བར་རྟོག་པར་བྱེད་པའོ། ། (5)རྟོགས་པ་ཉེ་བར་རྟོག་པ་སྦྱོར་བ་པ་ནི་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། [1]གློ་བུར་བ་ཉིད་རྟོགས་པ། [2]སྣང་བའི་རྒྱུ་མཚན་རྟོགས་པ། [3]དོན་མི་དམིགས་པ་རྟོགས་པ། [4]དམིགས་པ་མི་དམིགས་པ་རྟོགས་པ། [5]ཆོས་ཀྱི་དབྱིངས་རྟོགས་པ། [6]གང་ཟག་ལ་བདག་མེད་པ་རྟོགས་པ། [7]ཆོས་ལ་བདག་མེད་པ་རྟོགས་པ། [8]བསམ་པ་དམན་པ་རྟོགས་པ། [9]ཡངས་ཤིང་བདག་ཉིད་ཆེན་པོའི་བསམ་པ་རྟོགས་པ། [10]ཇི་ལྟར་རྟོགས་པའི་ཆོས་རྣམ་པར་གཞག་པ་རྟོགས་པ། [11]ཆོས་རྣམ་པར་གཞག་པ་རྟོགས་པ་དང་བཅུ་གཅིག་གོ ། 16.དབང་བསྒྱུར་བའི་ཡིད་ལ་བྱེད་པ་ནི་གསུམ་སྟེ། (1)ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ། (2)ཤེས་བྱའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ། (3)ཡོན་ཏན་མངོན་པར་སྒྲུབ་པ་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ་དང་གསུམ་མོ། ། 17.ཆུང་ངུ་ཡིད་ལ་བྱེད་པ། 18.རྒྱུ་ཆེན་པོ་ཡིད་ལ་བྱེད་པའོ། །(འདི་གཉིས་ཀྱི་འགྲེལ་པ་དམིགས་བསལ་མ་གསལ་བ་གོ་སླ་བར་དགོངས་སམ་སྙམ།)

Tibetan Source 《བསྟན་འགྱུར་སེམས་ཙམ་ཕི་པ་》ཤ་166ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number