10849

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འཇིག་རྟེན་མི་ཆོས་ཀྱི་སྤྱོད་པ་བསྟན་པའི་མི་ཆོས་ཀྱི་ཐབས་དངོས་སུ་བསྟན་པ་རྣམ་གྲངས་ཉི་ཤུ་རྩ་གཅིག
Tibetan Alternate
Tibetan Definition 1.ཆད་དོན་བཙན་པར་བྱ་ཞིང་ཚིག་རྗེས་དོན་གྱིས་བསབ། ། ཅེས་པ་ནི། དུས་གང་དུའང་རུང་། བྱ་བ་གང་ཞིག་ཡིན་ཡང་འདི་དང་འདི་བྱའོ་ཞེས་རང་དོན་དང་། མི་ཕན་ཚུན་བར་ཁ་ཆད་བྱས་པ་སྟེ། ཁས་བླང་བའི་དོན་དེ་མི་བསླུ་བར་དབང་བཙན་པར་བྱས་ཏེ་ཆད་ཕུལ་བ་དེ་ལྟར་བསྒྲུབ་པར་བྱ་བ་ལས་གཞན་དུ་འདོར་བར་མི་བྱ་ཞིང་། སྔར་སྨྲས་པའི་ཚིག་གི་རྗེས་དེ་དོན་གྱིས་བསབ་ཐུབ་པ་བྱེད་དགོས། དེ་ནི་སྐྱེས་བུ་དམ་པ་ཡ་རབས་ཀྱི་སྤྱོད་ཚུལ་ཡིན་པས་དེ་ལྟར་དོན་ཐོག་ཏུ་སྨིན་ངེས་བྱེད་དགོས། ཤེས་རབ་སྡོང་བུ་ལས། དམ་པས་མང་པོ་ཁས་འཆེ་མི་བྱ་ཞིང་། ། གལ་ཏེ་དཀའ་བའི་ཁས་ནི་བླང་གྱུར་ན། ། རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། ། ཤི་ཡང་གཞན་དུ་འདོར་བ་མ་ཡིན་ནོ། ། ཞེས་གསུངས་པ་ལྟར་རོ། །

2.ངན་ལས་ཆད་ཀྱང་བཟློག་ཅིང་བཟང་ལས་བཤོལ་ཡང་བརྩམ། ། ཞེས་པ་ནི། ངན་པའི་ལས་འཇིག་རྟེན་དུ་སྨད་པར་འོས་པའི་བྱ་བ་གསོད་རྐུ་སོགས་བྱེད་པར་ཆད་ཟིན་ཀྱང་མི་འཇུག་པར་ཐབས་ཀྱིས་ཟློག་པར་བྱེད། བཟང་པོའི་ལས་གཞན་གྱིས་བཤོལ་བཏབ་ཅིང་གནས་སྐབས་ཕྱིར་བཤོལ་བྱ་དགོས་བྱུང་ན་ཡང་། ཐབས་དང་འབད་པ་དུ་མས་སླར་བཟང་པོའི་ལས་ཀྱི་འཕྲོ་དེ་རྩོམ་པར་བྱའོ། ། ཞེས་སོ། ། 3.གཞིག་པ་སྔོན་ལ་བཏང་ཞིང་ཕྱིས་ཀྱི་ལེགས་འཕེན་བྱ། ། ཞེས་པ་ནི། བྱ་བ་གང་དང་གང་ལའང་། ལས་དང་བྱ་བ་གང་ཞིག་བྱེད་ན་ཡང་རང་ཉིད་ཀྱིས་བསམ་གཞིག་སྔོན་དུ་བཏང་ཞིང་བླང་དོར་ཤེས་པ་དང་། གཙོ་བོར་གནས་སྐབས་ཙམ་མ་ཡིན་པར་ཕྱིས་འབྱུང་ལེགས་འཕེན་གྱི་ཆ་གང་ཡིན་པ་དེ་བརྩམ་པར་དམ་བཅའོ། །ཞེས་སོ། ། 4.ཟེར་རྒྱུ་བདེན་པར་མི་བཟུང་ལེགས་པར་དཔྱད་ནས་བཟུང་། ། ཞེས་པ་ནི། གཞན་གྱི་ཕྲ་མ་དང་མགོ་སྐོར་འོག་ཚུད་པའི་ཆེད་དུ་གཞན་གྱིས་ཟེར་རོ་ཅོག་ལ་བདེན་པར་མི་བཟུང་བར་ལེགས་པར་བརྟགས་ཤིང་དཔྱད་དེ་བདེན་པའི་ངེས་པ་ཐོབ་ན་གཞི་ནས་དོན་དུ་བཟུང་ངོ་། ། ཞེས་སོ། ། 5.སྨྲ་དགུ་བསམ་ལ་སྨྲ་ཞིང་རང་གི་མདོ་དོན་བསྡམ། ། ཞེས་པ་ནི། རང་ཉིད་ཀྱིས་སྨྲ་ཆུ་སྟེ་གཏམ་སྨྲ་བའི་ཚེ། རྫུན་ཕྲ་ཚིག་རྩུབ་སོགས་ངག་གི་ཉེས་པ་མི་འབྱུང་ཕྱིར་ལེགས་པར་བསམས་ལ་སྨྲ་ཞིང་། རང་གི་མདོ་དོན་གྱི་ཚིག་“གསང་དགོས་སྲོག་ལ་བབས་ཀྱང་བསྲུང་”ཞེས་པ་ལྟར་ནམ་ཡང་མི་སྨྲ་བར་བསྡམ་དགོས། ། ཞེས་སོ། ། 6.བུད་མེད་ངག་ལ་མི་ཉན་རྦད་ཁ་ལྕི་བར་བྱ། ། ཞེས་པ་ནི། ཁྱད་པར་དུ་བུད་མེད་ངན་མ་སྟེ་ཤེས་རྒྱུ་དང་། བརྟན་ཚུགས་ཆུང་ཞིང་། གཡོ་སྒྱུ་དང་ཕྲག་དོག་ཆེ་བས་གཞན་ལ་གནོད་པ་སྐྱེད་པའི་ཕྲ་མའི་ངག་ལ་ནམ་ཡང་མི་ཉན། རང་གིས་ཀྱང་། དོན་མེད་བྲེ་མོ་ངག་འཆལ་གྱི་རིགས་མི་སྨྲ་བར་རྦད་ཁ་ལྕི་བར་བྱ། །ཞེས་སོ། ། 7.བྱམས་ལྟོས་མི་ལ་ཚིག་དྲོན་མིག་གཞུག་ལྷུག་པར་སྨྲ། ། ཞེས་པ་ནི། རང་ལ་ཁ་ཞེ་མེད་པར་བྱམས་ཤིང་རེ་ལྟོས་འཆའ་བའི་མི་ལ་གཡོ་ཚིག་རྫུན་གཏམ་ཚིག་དྲོན་བསླུ་བ་ཅན་མི་བྱིན་པར་ཟོལ་མེད་ལྷུག་པོའི་གཏམ་གྱིས་ཡིད་མགུ་བར་བྱའོ། ། ཞེས་སོ། ། 8.ཅམ་ལ་བརླིང་ཞིང་འཕྲལ་ལ་འགྲོགས་པ་བདེ་བར་བྱ། ། ཞེས་པ་ནི། ཅམ་ལ་བརླིང་བ་སྟེ། ཁ་ཞེ་མེད་པར་བབ་ཆགས་པ་བརླིང་བ་འཆལ་བར་མི་སྤྱོད་པ། འཕྲལ་ཡུན་ཀུན་ཏུ་རང་དང་འགྲོགས་དགོས་ཀྱི་མིར་རང་ཚུགས་ཐུབ་པོ་སེམས་དང་བསྟུན་འབྲེལ་བ་གང་བཟང་ལ་འགྲོགས་གཤིབ་བདེ་བར་བྱའོ། ། ཞེས་སོ། ། 9.དགྲ་བོ་ཡན་པར་མི་གཏོང་འདམ་རིང་ཐབས་ཀྱིས་འདུལ། ། ཞེས་པ་ནི། རང་ལ་གནོད་པའི་དགྲ་བོ་སུ་འདྲ་ཞིག་ཡིན་རུང་གཉའ་རེངས་སུ་མི་གཏོང་བ་སྟེ་ཡན་པོར་མི་གཏོང་བ། དགའ་སྡུག་གི་རྣམ་འགྱུར་ཕྱིར་མི་མངོན་པའམ་བསམ་པའི་གཏིང་དཔོག་དཀའ་བས་འདམ་རིང་པོས་ཐབས་ཀྱིས་ནོན་པར་བྱེད་མཁས་པ། ། ཞེས་སོ། ། 10.ཉེ་འཁོར་ཤ་ཚས་བསྐྱང་ཞིང་སྔར་དྲིན་མིག་རིང་བལྟ། ཞེས་པ་ནི། རང་ལ་རུས་ཉེ་བའི་གཉེན་ཉེ་དང་། བྲན་འཁོར་ལ་སོགས་པ་རྣམས་ནི། ཤ་ཚས་བསྐྱང་ཞིང་། རང་ལ་སྔར་དྲིན་ཆེ་བའི་མི་ལ་མིག་རིང་དུ་བལྟས་ཏེ་ནམ་ཡང་མི་བརྗེད་པར་དྲིན་གཟོ་བ། ཞེས་སོ། ། 11.སློབ་དཔོན་པ་ཁུ་ལ་སོགས་རྒན་རིགས་ཕུད་དུ་ཁུར། ། ཞེས་པ་ནི། ཁྱད་པར་སློབ་དཔོན་དང་ཕ་ཁུ་ལ་སོགས་པ་བཀུར་བར་འོས་པའི་རྒན་རིགས་རྣམས་གུས་པས་ཕུད་དུ་ཁུར་བ་སྟེ་གོང་དུ་བཀུར་བ་དང་། སོགས་སྒྲས་དགེ་སྦྱོང་དང་། རྒྱལ་པོ་ལ་སོགས་པའང་བསྡུས་ཏེ། འདུལ་བ་ལས། མི་གང་ནོར་གྱིས་རྒན་པ་དང་། ། རིགས་ཀྱིས་རྒན་དང་ན་ཚོད་རྒན། ། དེ་དག་ཐོས་པས་རྒན་པ་ཡི། ། སྒོ་ནས་དོན་དུ་གཉེར་བས་སྡོད། ། ཅེས་པས། ཡང་རབ་ཐོས་པས་རྒན་པ། རབ་རིགས་ཀྱིས་རྒན་པ། འབྲིང་ནོར་གྱིས་རྒན་པ། ཐ་མ་ན་ཚོད་རྒན་པ་སྟེ་དེ་རྣམས་གུས་པས་བཀུར་རོ། ། ཞེས་སོ། ། 12.ཡུལ་མི་མཛའ་བཤེས་འགྲོགས་དགོས་རྣམས་དང་བློ་སེམས་བསྟུན། ། ཞེས་པ་ནི ཡུལ་མི་དང་མཛའ་བཤེས་སམ་དུས་རྟག་ཏུ་འགྲོགས་དགོས་རྣམས་དང་བློ་སེམས་ལྷག་པར་བསྟུན་པར་བྱའོ། ། མདོར་ན་མཐོ་བ་རྣམས་ནི་ཞྭ་བཞིན་བཀུར། ། དམའ་བ་རྣམས་ནི་ས་གཞི་བཞིན་དུ་སྐྱོང་། ། མཉམ་ཉིད་རྨོན་དོར་བཞིན་དུ་དགའ་བས་འགྲོགས། ། ཞེས་པའི་དོན་བཞིན་ནོ། ། 13.སོ་ནམ་ཞིབ་མོར་བྱ་ཞིང་དགོས་དུས་རྩིང་པོར་སྤྱད། །ཅེས་པ་ནི། སོ་ནམ་བྱ་གཞག་སོགས་འཇིག་རྟེན་ན་ནོར་སྤེལ་ལོངས་སྤྱོད་རྒྱས་པ་བྱེད་པའི་བྱ་བ་རྣམས་སླ་བཅོས་སུ་མ་སོང་བར་ཞིབ་ཚགས་པོའི་སྒོ་ནས་བསྒྲུབ་དགོས་པ་ཡིན་ལ། དེ་ལྟར་བསགས་པའི་རྒྱུ་ནོར་རྣམས་དགོས་ངེས་ཀྱི་དུས་ཤིག་བྱུང་ཚེ། དཔེར་ན་སྦྱིན་པ་གཏོང་བ་ལ་སོགས་པའི་ཚེ་སེར་སྣས་མ་བཅིང་བར་རྩིང་པོར་སྤྱོད་དེ་ཟས་ནོར་ལ་སྙིང་པོ་ལེན་ཤེས་པ། ཞེས་སོ། ། 14.མི་བདེན་འཕམ་ངོས་བླང་ཞིང་རྒྱལ་ན་ཚོད་ཟིན་བྱ། ། ཞེས་པ་ནི། རང་གིས་བཤད་པ་དང་། བྱས་པའི་བྱ་བ་གང་ལའང་རང་ཉིད་ནོར་བ་དང་མི་བདེན་པའི་ཆ་མཐོང་ན་འཕམ་ངོས་བླངས་ཤིང་། རྒྱལ་བར་ཤེས་ན་ཡང་ཚོད་ཟིན་པར་བྱའོ། ། ཞེས་སོ། ། 15.མཁས་ན་དྲེགས་པ་བསྐྱུང་ཞིང་ཕྱུག་ན་ཆོག་ཤེས་བྱ། །ཞེས་པ་ནི། མཁས་པའི་བློ་གྲོས་དང་ལྡན་ན་ངའོ་སྙམ་པའི་དྲེགས་པ་བསྐྱུངས་ཤིང་། ལོངས་སྤྱོད་ཀྱིས་ཕྱུག་ནའང་ཆོག་ཤེས་བྱའོ། ། ཞེས་སོ། ། 16.མི་བྲན་ཁྱད་དུ་མི་གསོད་མཐོ་ལ་ཕྲག་དོག་སྤང་། ། ཞེས་པ་ནི། རང་ལས་དམན་པའི་རིགས་མི་བྲན་རྣམས་ལ་བརྙས་བཅོས་དང་ཁྱད་གསོད་མི་བྱེད། རང་ལས་ཆེ་ཞིང་མཐོ་བའི་རིགས་རྣམས་ལའང་ཕྲག་དོག་དང་། འགྲན་སེམས་ཀྱི་རྟོག་པ་ངན་པ་སྤོང་དགོས། ། ཞེས་སོ། ། 17.མི་ངན་བསྟེན་རྫི་མི་བྱ་བན་བོན་དགྲར་མི་བསླངས། ། ཞེས་པ་ནི། རྐུན་པོ་དང་། ཁྲམ་པ་གཡོ་ཅན་སོགས་རང་གི་འཁོར་དུ་བསྟེན་པའམ་ཡང་ན་དེ་དག་གི་རྒྱབ་གནོན་ནམ་རྒྱབ་རྫི་བྱས་ན་རང་ལའང་དྲང་པོ་མིན་པའི་གྲགས་པ་ངན་པ་འཕོག་པས་བྱ་བ་དེ་དག་མི་བྱ་བར་སྤང་དགོས། གཞན་ཡང་མཐུ་གཏད་སོགས་བྱེད་མཁན་གྱི་བན་བོན་རྣམས་ནམ་ཡང་དགྲར་མི་བཟུང་ལ་གཉེན་དུའང་མི་བརྩི་བར་བཏང་སྙོམས་སུ་འཇོག་ཤེས་པ། ཞེས་སོ། ། 18.གཞན་གྱི་ནོར་ལ་མི་འབགས་ལ་ཡོག་མནའ་ལ་འཛེམས། ། ཞེས་པ་ནི། རང་ཉིད་དབུལ་པོར་གྱུར་ཀྱང་གཞན་གྱི་ནོར་ལ་རློམ་སེམས་ཀྱིས་མི་འབགས། གཞན་ལ་མ་བྱས་པའི་ལ་ཡོག་བཀལ་ནི་ངན་འབྲས་རང་ཐོག་ལ་འཁོར་བས་སྨྱོན་འཛུགས་དེ་རིགས་དང་། ཡེ་ཤེས་དང་། འཇིག་རྟེན་གྱི་ལྷ་སོགས་དཔང་དུ་བཙུགས་པའི་མནའ་སོགས་ལ་འཛེམ་དགོས། ། ཞེས་སོ། ། 19.མི་འགྱོད་རྡོག་གཏད་བྱ་ཞིང་ངན་ལ་དབང་མི་བསྐུར། ཞེས་པ་ནི། བྱ་བ་གང་ཞིག་ཡིན་རུང་ཐོག་མ་ནས་མནོ་བསམ་ཞིབ་མོར་བཏང་ནས། ལེགས་ཉེས་དང་། རྒྱལ་ཕམ་ག་རེ་བྱུང་ཡང་འགྱོད་མེད་རྡོག་གཏད་ཡོང་བ་བྱ་དགོས། ། སེམས་རྒྱུད་མ་རུངས་པ། ཉེ་རིང་ཀུན་ལ་གཡོ་ཁྲམ་དང་ངན་སེམས་ཁོ་ན་བྱེད་མཁན་གྱི་མི་ངན་པའི་རིགས་ལ་དབང་བསྐུར་བར་མི་བྱའོ། ། ཞེས་སོ། ། 20.སེམས་ཀྱི་སྟོབས་དྲང་ངང་རིང་ཡངས་ཤིང་གཞི་བསྐྱེད་ལ། ། ཞེས་པ་ནི། སེམས་ཀྱི་སྟོབས་ཤིན་ཏུ་དྲང་ཞིང་ངང་རྒྱུད་རིང་ལ་ཁོང་ཡངས་པ། བསྒྲུབ་དགོས་ཀྱི་བྱ་བའི་རིགས་ལ། བསམ་བློའི་དོན་དངོས་དང་བསྟུན་ཏེ། འཆོར་གཞིའི་རྒྱ་ཁྱོན་གུ་དོག་པོ་མིན་པར་སྐྱེད་དགོས། ཞེས་སོ། ། 21.ལས་རྣམས་ཕལ་ཆེར་ཟླ་ཚོད་དུས་སུ་བླང་བ་གཅེས། ། ཞེས་པ་ནི། ལས་རྣམས་གོ་རིམ་དང་། གདེང་ཚོད་ཡོད་པའི་སྒོ་ནས་ཟླ་བ་དང་། ཞག་གྲངས་ཀྱི་དུས་ཕྱི་བཤོལ་མེད་པར་བསྒྲུབ་པ་གཅེས་སོ། ། ཞེས་སོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་307.18ལས་བཏུས། །
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number