10879

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཟག་པ་མེད་པའི་ཆོས་ཉི་ཤུ་རྩ་གཅིག
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.བྱང་ཆུབ་ཕྱོགས་ནི། བྱང་ཆུབ་ཀྱི་ཕྱོགས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སུམ་ཅུ་རྩ་བདུན་ནོ། ། 2.ཚད་མེད་པ་ནི་བཞི་སྟེ། (1)བྱམས་པ། (2)སྙིང་རྗེ། (3)དགའ་བ། (4)བཏང་སྙོམས་སོ། ། 3.རྣམ་པར་ཐར་པ་ནི་བརྒྱད་དེ། (1)གཟུགས་ཅན་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། ། (2)ནང་གཟུགས་ཅན་མ་ཡིན་པ་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། ། (3)སྡུག་པའོ་ཞེས་ལྷག་པར་མོས་པར་འགྱུར་བ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། ། (4)ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ནི་རྣམ་པར་ཐར་པ་བཞི་པའོ། ། (5)རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་ནི་རྣམ་པར་ཐར་པ་ལྔ་པའོ། ། (6)ཅི་ཡང་མེད་པའི་སྐྱེ་མཆེད་ནི་རྣམ་པར་ཐར་པ་དྲུག་པའོ། ། (7)འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་རྣམ་པར་ཐར་པ་བདུན་པའོ། ། (8)འདུ་ཤེས་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ནི་རྣམ་པར་ཐར་པའོ། ། 4.མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ནི་དགུ་སྟེ། (1)བསམ་གཏན་བཞི། (2)གཟུགས་མེད་པ་བཞི། (3)འདུ་ཤེས་ཚོར་བ་འགོག་པའི་སྙོམས་པར་འཇུག་པའོ། ། 5.ཟད་པར་ནི་བཅུ་སྟེ། (1)ཟད་པར་ས། (2)ཟད་པར་ཆུ། (3)ཟད་པར་མེ། (4)ཟད་པར་རླུང་། (5)ཟད་པར་སྔོན་པོ། (6)ཟད་པར་སེར་པོ། (7)ཟད་པར་དམར་པོ། (8)དཀར་པོ། (9)ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད། (10)ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། ། 6.ཟིལ་གནོན་སྐྱེ་མཆེད་ནི་བརྒྱུད་དེ། (1)ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གཟུགས་ཆུང་ངུ་ལ་ལྟ་ཞིང་ཟིལ་གྱིས་མནན་ནས་ཤེས་ཤིང་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད། ། (2)ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གཟུགས་ཆེན་པོར་གྱུར་པ་རྣམས་ཟིལ་གྱིས་མནན་ནས་ཤེས་ཤིང་ལྟ་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའོ། ། (3)ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གཟུགས་ཆུང་ངུ་ལ་ལྟ་ཞིང་ཟིལ་གྱིས་མནན་ནས་ཤེས་ཤིང་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའོ། ། (4)དེ་བཞིན་དུ་ཆེན་པོ་ཞེས་པའོ། ། (5)ནང་གཟུགས་མེད་པས་ཕྱི་རོལ་གཟུགས་སྔོན་པོ་ལ་ལྟ་སྟེ། དེ་དག་ཅེས་པ་ལ་སོགས་པ་སྔོན་བཞིན། ། (6)དེ་བཞིན་དུ་སེར་པོ་ཞེས་པའོ། ། (7)དེ་བཞིན་དུ་དམར་པོ་ཞེས་པའོ། ། (8)དེ་བཞིན་དུ་དཀར་པོ་ཞེས་པའོ། ། 7.ཉོན་མོངས་པ་མེད་པ་ནི། འཐབ་རྩོད་ལ་སོགས་པ་སྟེ། འདིར་ནི་རྩོད་པའི་རྒྱུ་ཉོན་མོངས་པ་རྩོད་པའོ། ། བདག་དམིགས་པས་འདི་རྣམས་ཀྱི་རྩོད་པ་མི་སྐྱེ་བར་བྱའོ་ཞེས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གང་ལས་བཞེངས་ནས་གྲོང་ལ་སོགས་པར་ཞུགས་ཏེ་དེ་དམིགས་པས་དེ་ན་འཁོད་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་མི་སྐྱེ་བ་དེ་ནི་ཉོན་མོངས་པ་མེད་པའོ། ། 8.སྨོན་ལམ་ཤེས་པ་ནི། འདི་ནི་ཤེས་པར་བྱ་ཞེས་སྨོན་པའི་ཆེད་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་གང་འཇིག་རྟེན་སྐྱེ་འགག་ལ་སོགས་པ་མཁྱེན་པ་སྐྱེ་བ་དེ་ནི། ཉན་ཐོས་ཀྱི་སྨོན་པ་མཁྱེན་པའོ། ། དེ་བཞིན་གཤེགས་པ་རྣམས་ཀྱི་སྨོན་པ་མཁྱེན་པ་ནི་རྣམ་པར་རྟོག་པ་མེད་པས་རྩོལ་བ་མེད་པའོ། ། ལྟོས་པ་མེད་པའི་ཕྱིར་མ་ཆགས་པའོ། ། ཐམས་ཅད་དུ་ཐོགས་པ་ མེད་པས་གེགས་མེད་པའོ། ། 9.མངོན་ཤེས་ནི་དྲུག་སྟེ། (1)རྫུ་འཕྲུལ་གྱི་མངོན་པར་ཤེས་པ། (2)ལྷའི་མིག་གི་མངོན་པར་ཤེས་པ། (3)ལྷའི་རྣ་བའི་མངོན་པར་ཤེས་པ། (4)གཞན་སེམས་ཤེས་པའི་མངོན་པར་ཤེས་པ། (5)སྔོན་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ། (6)ཟག་པ་ཟད་པའི་མངོན་པར་ཤེས་པའོ། ། 10.སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། (1)དོན་སོ་སོ་ཡང་དག་པར་རིག་པ། (2)ཆོས་སོ་སོ་ཡང་དག་པར་རིག་པ། (3)ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། (4)སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། ། 11.རྣམ་པ་ཐམས་ཅད་དག་པ་ནི་བཞི་སྟེ། (1)རྟེན་ཡོངས་སུ་དག་པ། (2)དམིགས་པ་ཡོངས་སུ་དག་པ། (3)སེམས་ཡོངས་སུ་དག་པ། (4)ཡེ་ཤེས་ཡོངས་སུ་དག་པའོ། ། 12.དབང་གྱུར་ནི་བཅུ་སྟེ། (1)ཚེ་ལ་དབང་བ། (2)སེམས་ལ་དབང་བ། (3)ཡོ་བྱད་ལ་དབང་བ། (4)ལས་ལ་དབང་བ། (5)སྐྱེ་བ་ལ་དབང་བ། (6)རྫུ་འཕྲུལ་ལ་དབང་བ། (7)སྨོན་ལམ་ལ་དབང་བ། (8)མོས་པ་ལ་དབང་བ། (9)ཡེ་ཤེས་ལ་དབང་བ། (10)ཆོས་ལ་དབང་བའོ། ། 13.སྟོབས་ནི་བཅུ་སྟེ། (1)གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། (2)ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། (3)ཁམས་སྣ་ཚོགས་མཁྱེན་པའི་སྟོབས། (4)མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། (5)དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། (6)ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། (7)བསམ་གཏན་རྣམ་པར་དག་པའི་ཏིང་ངེ་འཛིན་སྙོསམ་པར་འཇུག་པ་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བ་བཞེངས་པ་མཁྱེན་པའི་སྟོབས། (8)སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། (9)ཤི་འཕོ་བ་མཁྱེན་པའི་སྟོབས། (10)ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། ། 14.མི་འཇིགས་པ་ནི་བཞི་སྟེ། (1)མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ། (2)ཟག་པ་ཟད་པ་ལ་མི་འཇིགས་པ། (3)བར་དུ་གཅོད་པའི་ཆོས་བསྟན་པ་ལ་མི་འཇིགས་པ། (4)ངེས་པར་འབྱུང་བ་ལ་མི་འཇིགས་པའོ། ། 15.བསྲུང་བ་མེད་པ་ནི་གསུམ་སྟེ། (1)དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཡོངས་སུ་དག་པ་སྟེ། དེ་ལ་ལུས་ཀྱི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་ཉིད་དེ། གང་ཁ་ཅིག་གཞན་གྱིས་མི་ཤེས་པར་བྱ་བ་ཡོངས་སུ་འཆབ་པར་བྱ་བར་སེམས་པ་དེ་མེད་དོ། ། དེ་ནི་བསྲུང་བ་མེད་པ་དང་པོའོ། ། (2)དེ་བཞིན་དུ་ངག་གི་ལས་ནི་གཉིས་པའོ། ། (3)དེ་བཞིན་དུ་ཡིད་ཀྱི་ལས་སོ། ། 16.མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་ནི་གསུམ་སྟེ། (1)དེ་བཞིན་གཤེགས་པ་ཆོས་བསྟན་པ་ལས་ལ་ལ་གུས་པར་ཉན་པ་དང་རྣ་གཏོད་པར་བྱེད་པ། (2)ཀུན་ཤེས་པ་སེམས་ལ་ཉེ་བར་འཇོག་པར་བྱེད་པ། (3)ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པའོ། ། 17.བསྙེལ་བ་མེད་པའི་ཆོས་ཉིད་ནི། སེམས་ཅན་གྱི་དོན་བྱ་བ་དུས་ལས་མི་འདའ་བས་བསྙེལ་བ་མེད་པའི་ཆོས་ཉིད་དོ། ། 18.བག་ཆགས་ཡང་དག་པར་བཅོམ་པ་ནི། ཉོན་མོངས་སངས་ཀྱང་གང་ཞིག་ཉོན་མོངས་མ་སྤངས་པ་བཞིན་དུ་སྤྱོད་པ་དེ་ནི་ཉོན་མོངས་བག་ཆགས་ཏེ། བུམ་སྣམ་ལ་སོགས་པ་རྣམས་ཀྱིས་ཏིལ་གྱི་མེ་ཏོག་ལ་སོགས་པ་བསལ་ཡང་དེ་དང་འདྲེས་པའི་དྲི་ཕྲ་མོ་གནས་པ་བཞིན་ནོ། ། དེ་ལ་མ་རིག་པའི་བག་ཆགས་ནི་གང་ཤེས་བྱ་ཡོངས་སུ་སྤྱོད་པའི་གེགས་སུ་གྱུར་པའོ། ། འདོད་ཆགས་ལ་སོགས་པའི་བག་ཆགས་ནི་ལུས་ངག་གིས་འཇུག་པའི་ཁྱད་པར་གྱི་རྒྱུ་ཡང་ངོ་། ། དཔེར་ན་དགེ་སློང་སྔོན་སྤྲེའུ་རུ་གྱུར་པས་འགྲོ་བ་ན་མཆོང་བ་དང་། སྔོན་བྲམ་ཟེར་གྱུར་པས་དམངས་མོ་སྨྲ་བའོ། ། དེ་བཞིན་གཤེགས་པ་དེ་ཐམས་ཅད་ནུབ་སྟེ། ཉོན་མོངས་པའི་བག་ཆགས་ཡང་དག་པར་བཅོམ་པ་དེ་ནི་བཅོམ་ལྡན་འདས་ཞེས་བརྗོད་དོ། ། དེས་ན་བཅོམ་ལྡན་འདས་འདི་ནི་བག་ཆགས་ཡང་དག་པར་བཅོམ་པ་ཉིད་དོ། ། 19.སྙིང་རྗེ་ཆེན་པོ་ནི། གང་བཅོམ་ལྡན་འདས་ཕན་པར་འདོད་ པས་དུས་ཐམས་ཅད་དུ་ལན་དྲུག་ཏུ་ནི་སུ་ནི་འགྲིབ་སུ་ནི་འཕེལ་ཞེས་པ་ལ་སོགས་པའི་འཇིག་རྟེན་རྣམས་ལ་རྣམ་པར་གཟིགས་པ་དེ་ནི་སྙིང་རྗེ་ཆེན་པོའོ། ། 20.སངས་རྒྱས་ཀྱི་མ་འདྲེས་པའི་སྐོར་(འགྲེལ་པ་མི་གསལ་བ་སངས་རྒྱས་ཀྱི་མ་འདྲེས་པོ་ཆོས་བཅོ་བརྒྱད་ལ་དགོངས་སམ་དཔྱད།) 21.རྣམ་པ་ཐམས་ཅད་མཁྱེན་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཁྱད་པར་མཚན་ཉིད་མཐར་ཐུག་པ་མཁྱེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། ། ཆོས་དེ་རྣམས་ཕུང་པོ་ནི། ཆོས་ཀྱི་སྐུ་སྟེ། ཆོས་ཉིད་ཀྱི་སྐུ་ནི་མ་ཡིན་པར་རིག་པར་བྱའོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་295ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number