10887

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསླབ་པའི་དངོས་པོ་རེ་རེ་ལ་ཡང་བཤད་པའི་སྤྱི་དོན་ཉེར་གཅིག
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དགེ་སློང་མའི་སོ་སོར་ཐར་པའི་མདོའི་འགྲེལ་པ་ལས་བྱུང་བ་སྟེ།

1.གླིང་གཞི་ནི། དེས་གྲོང་ཁྱེར་གང་དུ་བཅས་པ་དེ་གླེ་ང་གཞིའོ། ། 2.-3.གང་ཟག་དང་ཉེས་པ་ནི། གང་ལ་བརྟེན་ཏེ་བསླབ་པ་བབས་པ་ནི་གང་ཟག་དེས་ལུས་དང་ངག་གིས་ཉེས་པ་བྱས་པ་གང་ཡིན་པ་དེ་ནི་ཉེས་པའོ། ། 4.དངོས་པོ་ནི། དངོས་པོ་ནི་རྒྱས་པར་དབྱེ་ན་མང་མོད་ཀྱི་མདོར་བསྡུས་ན་རྣམ་པ་གཉིས་ཏེ། (1)སེམས་ཅན། (2)སེམས་ཅན་མ་ཡིན་པར་བརྗོད་པ་སྟེ། བསླབ་པའི་དངོས་པོ་ཐམས་ཅད་འདི་གཉིས་ལས་བཅས་པའི་ཕྱིར་རོ། ། 5.ཉོན་མོངས་པ་ནི། ཉོན་མོངས་པ་རྒྱས་པར་དབྱེ་ན་མང་མོད་ཀྱི་མདོར་བསྡུ་ན། (1)ལྷན་ཅིག་སྐྱེས་པ། (2)ཀུན་ནས་བརྟགས་པའི་ཉོན་མོངས་པ་གཉིས་ཏེ། ལྟུང་བ་ཐམས་ཅད་འདི་གཉིས་ལས་འབྱུང་བའི་ཕྱིར་རོ། ། 6.མཚན་ཉིད་ནི། མཚན་ཉིད་བསླབ་པའི་དངོས་པོ་རྣམས་ཀྱི་མཚན་ཉིད་བསྟན་པ་སྟེ། ཡང་ཞེས་བྱ་བའི་སྒྲ་ནི་ལས་དང་པོ་པ་ལ་ཉེས་པ་མེད་པར་སྟོན་ཏོ་ཞེས་བཤད་པ་ལྟ་བུའོ། ། 7.ཉེས་པར་འགྱུར་བ་ནི། འདི་ལྟར་བྱས་ན་ཉེས་པར་འགྱུར་རོ་ཞེས་བསྟན་པའོ། ། 8.ཉེས་པར་མི་འགྱུར་བ་ནི། འདི་ལྟར་བྱས་ན་ཉེས་པར་མི་འགྱུར་རོ་ཞེས་བསྟན་པ་རྣམས་སོ། ། 9.ཡན་ལག་རྣམས་ནི། ཡན་ལག་འདི་རྣམས་དང་ལྡན་ན་ཉེས་པར་འགྱུར་འདི་རྣམས་དང་མི་ལྡན་ན་ཉེས་པར་མི་འགྱུར་རོ་ཞེས་བསྟན་པ་རྣམས་སོ། ། 10.འབྱུང་བ་ནི། འབྱུང་བ་ནི་རྣམ་པ་དྲུག་སྟེ། (1)ལུས་ལས་འབྱུང་བ། (2)ངག་ལས་འབྱུང་བ། (3)ལུས་དང་སེམས་ལས་འབྱུང་བ། (4)ངག་ལས་འབྱུང་བ། (5)ངག་དང་སེམས་ལས་འབྱུང་བ། (6)ལུས་དང་ངག་དང་སེམས་རྣམས་ལས་འབྱུང་བ་སྟེ། ལྟུང་བ་ཐམས་ཅད་འདི་དྲུག་གིས་འབྱུང་བའི་ཕྱིར་རོ། ། 11.མཚན་མ་ནི། ཕས་ཕམ་པ་ལ་སོགས་པའི་མིང་སྟེ། དགེ་བའི་ཆོས་ཀྱི་ཕོངས་པར་བྱེད་པ་དང་། ངན་སོང་གི་ཁ་ན་མ་ཐོ་བ་སྐྱེད་པའི་ཕྱིར་ཕས་ཕམ་པ་ཞེས་བྱའོ། ། ། དགེ་འདུན་གྱིས་བསྐྲད་པའི་ཕྱིར་ལྷག་མ་ཡང་ཡིན་ཏེ་། དེ་ལྟར་ཉེས་པ་དེ་བྱུང་བ་དགེ་འདུན་གྱིས་བསྡིགས་ཏེ་བསྒོ་བའི་ཕྱིར་རོ། ། ངན་སོང་རྣམས་སུ་བསྲེག་པ་དང་འཚེད་པ་དང་ལྟུང་བའི་ཕྱིར་ལྟུང་བ་ཡང་ཡིན་ནོ། ། མ་བཤགས་ན་ཁ་ན་མ་ཐོ་བ་མང་དུ་སྐྱེད་དོ། ། བཤགས་པར་བྱ་བའི་ཕྱིར་སོ་སོར་བཤགས་པ་ཡིན་ནོ། ། ངན་པར་བྱས་པས་སྨད་པའི་ཕྱིར་ཉེས་བྱས་ཀྱང་ཡིན་ནོ། ། 12-13.རྒྱུན་ཆད་པ་དང་རྒྱུན་མ་ཆད་པ་ནི། གཉེན་པོ་ལ་བརྟེན་པ་ནི་ཉེས་པའི་རྒྱུན་ཆད་པ་ཞེས་བྱའོ། ། དེ་ལས་བཟློག་པ་ནི་རྒྱུན་མ་ཆད་པའོ། ། 14.ཁ་ན་མ་ཐོ་བ་ནི། ཁ་ན་མ་ཐོ་བ་ནི་གཉིས་ཏེ། (1)རང་བཞིན་གྱི་ཁ་ན་མ་ཐོ་བ། (2)བཅས་པའི་ཁ་ན་མ་ཐོ་བ་སྟེ་། ལྟུང་བ་ཐམས་ཅད་འདི་གཉིས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། ། 15.བྱས་མ་བྱས་ནི། སྦྱོར་བ་བྱས་པ་དང་སྦྱོར་བ་མ་བྱས་ཀྱང་ཉེས་པར་འགྱུར་བ་གང་ཡིན་པའོ། ། 16.སྤྱད་མ་སྤྱད་ནི། ཉེས་པར་གྱུར་ནས་བཅས་པ་གང་ཡིན་པའོ། ། 17.ལྕི་ཡང་ནི། ལྕི་བ་ལ་རྣམ་པ་དྲུག་སྟེ། (1)བཅས་པ། (2)དངོས་པོ། (3)ཉོན་མོངས་པ། (4)སྒྲུབ་པ། (5)གང་ཟག (6)དུས་སོ། ། དེ་ལ་བཅས་པ་ལས་ལྕི་བ་ནི་བསླབ་པ་བཅས་ནས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་བྱུང་བའོ། ། དངོས་པོ་ལ་ལྕི་བ་ནི་བྱོལ་སོང་གི་སྐྱེ་གནས་སྲོག་གཅོད་པའི་ལྟུང་བ་ནི་ལྕིའི། དགེ་འདུན་ལྷག་མ་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། ། ཉོན་མོངས་པ་ལས་ལྕི་བ་ནི་མ་གུས་པའི་ཉོན་མོངས་པ་ལས་བྱུང་བ་གང་ཡིན་པའོ། ། བསྒྲུབ་པ་ལས་ལྕི་བ་ནི་རྒྱུན་དུ་གང་བྱུང་བ་གང་ཡིན་པའོ། ། གང་ཟག་ལས་ལྕི་བ་ནི་དག་པའི་རྩ་བ་བསམ་གཏན་པ་བླུན་པོའི་རྒྱུད་ཀྱིས་བྱས་པའོ། ། དུས་ཀྱི་ལྕི་བ་ནི་གང་ཉེས་པ་བྱས་ནས་ཡུན་རིང་པོར་བཅབས་པ་སྟེ། དེ་དྲུག་ལས་བཟློག་པ་ནི་ཡང་བའོ། ། 18.སྤྱིའི་མཚན་ཉིད་ནི། ལུས་དང་ངག་གི་ལས་ཀྱི་མཚན་ཉིད་དེ་བསླང་བ་ཐམས་ཅད་འདི་གཉིས་ཀྱི་ལས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། ། 19.གསོ་བ་ནི། གསོ་བ་ནི་རྣམ་པ་བཞི་སྟེ། (1)ཆད་པ་ཆེན་པོའི་ལས་ཀྱི་གསོ་བ་ནི་ཕས་ཕམ་པའོ། ། (2)ཆད་པ་འབྲིང་གི་གསོ་བ་ནི་དགེ་འདུན་ལྷག་མའོ། ། (3)ཆད་པ་ཆུང་ངུའི་ལས་ཀྱི་གསོ་བ་ནི་སྤངས་པའོ། ། (4)ཆད་པ་མེད་པའི་ལས་ཀྱི་གསོ་བ་ནི་གཞན་རྣམས་སོ། ། 20.ཉོན་མོངས་པར་མི་འགྱུར་བ་ནི། ཉོན་མོངས་པར་འགྱུར་བ་ནི་གང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལས་བྱུང་བ་གང་ཡིན་པའོ། ། ཉོན་མོངས་པར་མི་འགྱུར་བ་ནི་དེ་མ་ཡིན་པ་ཉོན་མོངས་པ་གཞན་དག་ལས་བྱུང་བའོ། ། 21.ཉེས་པ་འབྱུང་བའི་རྒྱུ་ནི། ཉེས་པ་འབྱུང་བའི་རྒྱུ་ནི་རྣམ་པ་བཞི་སྟེ། (1)མི་ཤེས་པ། (2)བག་མེད་པ། (3)ཉོན་མོངས་པ་མང་བ། (4)མ་གུས་པའོ། ། ཇི་ལྟར་མི་ཤེས་པས་འབྱུང་ཞེ་ན། འདི་ལྟར་འདི་ན་ལ་ལས་ལྟུང་བ་མ་ཐོས་ཤིང་མ་རྟོགས་པས་དེ་བློ་མ་བྱང་བའི་ཕྱིར་ལྟུང་བ་ལ་ལྟུང་བ་མེད་པར་འདུ་ཤེས་པས་ལྟུང་བ་འབྱུང་བར་འགྱུར་བའི་ཕྱིར་རོ། ། ཇི་ལྟར་བག་མེད་པས་འབྱུང་ཞེ་ན། འདི་ན་ལ་ལ་ལྟུང་བ་ལ་བློ་བྱང་བ་ཡིན་ཡང་བརྗེད་ངས་པར་གནས་ཤིང། ཤེས་བཞིན་དུ་མ་ཡིན་པར་གནས་པས་དེ་དྲན་པ་ཉེ་བར་མི་གནས་པས་ལྟུང་བ་འབྱུང་བར་འགྱུར་རོ། ། ཇི་ལྟར་ཉོན་མོངས་པ་མང་བས་འབྱུང་ཞེ་ན། འདི་ལྟར་འདི་ན་ལ་ལ་ལྟུང་བ་ལ་བློ་བྱང་བ་ཡིན་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཤས་ཆེ་བའི་རང་བཞིན་ཅན་ཡིན་པས་འདི་ནི་བྱ་བ་མ་ཡིན་ནོ་ཞེས་བྱ་བར་ཤེས་ཀྱང་རང་དབང་མེད་པས་ཉོན་མོངས་པ་རྣམས་ཀྱི་ལྟུང་བ་འབྱུང་བར་འགྱུར་བའི་ཕྱིར་རོ། ། ཇི་ལྟར་མ་གུས་པས་འབྱུང་ཞེ་ན། འདི་ལྟར་འདི་ན་ལ་ལ་ལྟུང་བ་ལ་བློ་བྱང་བ་ཡིན་ཡང་། དམན་པ་ལ་མོས་ཤིང་སྔོན་རྒྱུ་མ་སྤྱད་པ་ཡིན་པས་དེ་དམན་པ་ལ་མོས་པའི་ཕྱིར་དགེ་སློང་གི་ཚུལ་ལ་མི་ལྟ་ཞིང་མྱ་ངན་ལས་འདས་པ་དང་། ཆོས་དང་དགེ་འདུན་ལ་གུས་པ་དང་ཞེ་ས་བྱེད་པ་དང་། ངོ་ཚ་མེད་པ་དང་། བསླབ་པ་མི་འདོད་པ་དང་། མི་གུས་པས་འདོད་དགུར་ལྟུང་བ་འགྱུར་བའི་ཕྱིར་ཏེ། ཉི་ཤུ་རྩ་གཅིག་པོ་འདི་རྣམས་ཀྱིས་བསླབ་པའི་དངོས་པོ་རྣམས་དང་ཅི་རིགས་པར་ཀུན་དང་སྦྱར་ཞིང་བཤད་པར་བྱའོ། །

Tibetan Source 《བསྟན་འགྱུར་འདུལ་བ་ཙུ་པ་》ཤ་31བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number