10912

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྨོན་འཇུག་སེམས་བསྐྱེད་ཀྱི་དབྱེ་བ་ཉི་ཤུ་རྩ་གཉིས།
Tibetan Alternate
Tibetan Definition ཁག་གཉིས་པ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལས་ བྱུང་བ་སྟེ།

1.ས་ལྟ་བུའི་སེམས་བསྐྱེད་ནི། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་འདོད་པས། འདུན་པ་ས་ལྟ་བུ། 2.གསེར་ལྟ་བུའི་སེམས་བསྐྱེད་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་མཚན་ཉིད་དེ་དུས་ཐམས་ཅད་དུ་མི་འགྱུར་བར་འདོད་པས་ན་བསམ་པ་གསེར་ལྟ་བུ། ། 3.ཟླ་བ་ཚེས་པ་ལྟ་བུའི་སེམས་བསྐྱེད་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་དེ་དག་འཕེལ་བར་འདོད་པས། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ། 4.མེ་ལྟ་བུའི་སེམས་བསྐྱེད་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་མེའི་ཁྱད་པར་དང་འདྲ་བ་རྟོགས་པས་སྦྱོར་བ་མེ་ལྟ་བུ། 5.གཏེར་ལྟ་བུའི་སེམས་བསྐྱེད་ནི། སེམས་ཅན་ཚད་མེད་པའི་རྒྱུད་ཚིམ་པར་མཛད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཏེར་ལྟ་བུ། 6.རིན་པོ་ཆེའི་འབྱུང་གནས་ལྟ་བུའི་སེམས་བསྐྱེད་ནི། ཡོན་ཏན་རིན་པོ་རིན་པོ་ཆེ་རྣམས་དེ་ལས་འབྱུང་བས་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་འབྱུང་གནས་ལྟ་བུ། 7.རྒྱུ་མཚོ་ལྟ་བུའི་སེམས་བསྐྱེད་ནི། མི་སྡུག་པའི་མཚན་མ་ཐམས་ཅད་ཀྱིས་མི་བསྐྱོད་པས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་ཆེན་པོ་ལྟ་བུ། 8.རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ནི། ཡང་དག་པའི་ཤེས་པ་ལ་བརྟེན་པ་མི་ཕྱེད་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ལྟ་བུ། 9.རི་ཡི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ནི། དམིགས་པ་ཐམས་ཅད་ཀྱི་རྣམ་པར་གཡེང་བས་བསྐུལ་བར་མི་ནུས་པས་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རི་བོ་ལྟ་བུ། 10.སྨན་ལྟ་བུའི་སེམས་བསྐྱེད་ནི། སྒྲིབ་པ་གཉིས་ཀྱི་ནད་རབ་ཏུ་ཞི་བར་མཛད་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨན་ལྟ་བུ། 11.བླ་མ་བཤེས་གཉེན་ལྟ་བུའི་སེམས་བསྐྱེད་ནི། གནས་སྐབས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་མི་སྤོང་བས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་མ་ལྟ་བུ། 12.ཡིད་བཞིན་ནོར་བུ་ལྟ་བུའི་སེམས་བསྐྱེད་ནི། སྨོན་ལམ་ཇི་ལྟ་བུའི་འབྲས་བུས་དོན་མཛད་པས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ། 13.ཉི་མ་ལྟ་བུའི་སེམས་བསྐྱེད་ནི། གདུལ་བྱའི་སྐྱེ་བོ་རྣམས་ཡོངས་སུ་སྨིན་པར་བྱེད་པས་ན་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་མ་ལྟ་བུ། 14.གླུ་དབྱངས་ལྟ་བུའི་སེམས་བསྐྱེད་ནི། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡིད་དགའ་བར་བྱེད་པའི་ཆོས་སྟོན་པས་ན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱངས་སྙན་པ་ལྟ་བུ། 15.རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ནི། མཐུ་ཐོགས་པ་མེད་པའི་མངོན་པར་ཤེས་པ་དང་ལྷན་ཅིག་པར་རྟོགས་པ་ནི། གཞན་གྱི་དོན་ལྷུར་མཛད་པས་ན་རྒྱལ་པོ་ཆེན་པོ་ལྟ་བུ། 16.བང་མཛོད་ལྟ་བུའི་སེམས་བསྐྱེད་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་པར་རྟོགས་པ་ནི་མཛོད་ལྟ་བུ། 17.ལམ་པོ་ཆེ་ལྟ་བུའི་སེམས་བསྐྱེད་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྷན་ཅིག་པར་རྟོགས་པ་ནི། འཕགས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་བཞུད་པས་ལམ་པོ་ཆེ་ལྟ་བུ། 18.བཞོན་པ་ལྟ་བུའི་སེམས་བསྐྱེད་ནི། ཞི་གནས་དང་ལྷག་མཐོང་དང་ལྷན་ཅིག་པར་རྟོགས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པར་མི་ལྟུང་བ་བདེ་བླག་ཏུ་འགྲོ་བས་བཞོན་པ་ལྟ་བུ། 19.བཀོད་མའི་ཆུ་ལྟ་བུའི་སེམས་བསྐྱེད་ནི། གཟུངས་དང་སྤོབས་པ་དང་ལྷན་ཅིག་པར་རྟོགས་པ་ནི། བསྟན་པ་མཐའ་ཡས་པ་འཛིན་ཅིང་མི་ཟད་པས་བཀོད་མའི་ཆུ་ལྟ་བུ། 20.སྒྲ་སྙན་ལྟ་བུའི་སེམས་བསྐྱེད་ནི། ཆོས་ཀྱི་དབྱིངས་དང་ལྷན་ཅིག་པར་རྟོགས་པ་ནི། ཐར་པ་འདོད་པ་རྣམས་ཀྱིས་ཐོས་ན་དགའ་བ་ཡིན་པས་སྒྲ་བརྙན་ལྟ་བུ། 21.ཆུ་བོའི་རྒྱུན་ལྟ་བུའི་སེམས་བསྐྱེད་ནི། བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་པར་རྟོགས་པ་ནི། ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར། རང་གི་ངང་གིས་འཇུག་པའི་ཕྱིར་ཆུ་བོའི་རྒྱུན་ལྟ་བུ། 22.སྤྲིན་ལྟ་བུའི་སེམས་བསྐྱེད་ནི། ཆོས་ཀྱི་སྐུ་དང་ལྷན་ཅིག་པར་རྟོགས་པ་ནི། དོན་གྱི་བྱ་བ་ཐམས་ཅད་དེ་ལ་རག་པས་སྤྲིན་ལྟ་བུའོ། ། དེ་ལྟར་ཉི་ཤུ་རྩ་གཅིག་པོ་དེ་ཉིད་བཞིར་བསྡུ་སྟེ། ། 1.དེ་ཡང་འདུན་པ་ལ་སོགས་པ་གསུམ་ནི། ལས་དང་པོ་བའི་གནས་སྐབས་ཏེ། ཆུང་དང་འབྲིང་དང་ཆེན་པོའོ། ། 2.སྦྱོར་བ་ནི་ངེས་པར་འབྱིན་པའི་གནས་སྐབས་སོ། ། 3.སྦྱིན་པ་ལ་སོགས་པ་བཅུ་ནི་རྒྱུའི་གནས་སྐབས་སོ། ། 4.མངོན་པར་ཤེས་པ་ལ་སོགས་པ་བརྒྱད་ཀྱིས་ནི་འབྲས་བུ་སྟེ། དེ་ཡང་དང་པོ་ལྔ་ནི་ཁྱད་པར་གྱི་ལམ་མོ། ། འོག་མ་གསུམ་ནི་སྦྱོར་བ་དང་། དངོས་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་པ་སྟེ། སེམས་གང་གིས་དང་པོའི་ལས་ལ་མངོན་པར་སྦྱོར་བ་དང་། གང་གི་ལས་རྫོགས་པར་བྱེད་པ་དང་། ལས་རྫོགས་པར་བྱས་པ་ལས་ལེགས་པར་བྱས་པས་སོ་ཞེས་བྱ་བ་ལ་སོགས་པ་དང་གོ་རིམ་བཞིན་ནོ། ། དེ་དག་ཉིད་གཉིས་སུ་བསྡུས་ཏེ། ། 1.དང་པོ་གསུམ་ནི་སྨོན་པའི་སེམས་སོ། ། 2.ལྷག་མ་བཅུ་དགུ་ནི་འཇུག་པའི་སེམས་སོ། །

Tibetan Source 《བསྟན་འགྱུར་རྒྱུད་ཙུ་པ་》ཤ་184ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number