10916

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཟུང་འཇུག་ཉི་ཤུ་རྩ་གཉིས།
Tibetan Alternate
Tibetan Definition 1.འཁོར་འདས་ཟུང་འཇུག་ནི། འཁོར་འདས་ལ་སྤང་བླང་མེད་པར་རྟོགས་པ་འཁོར་འདས་ཟུང་འཇུག་གོ །

2.ཀུན་བྱང་ཟུང་འཇུག་ནི། ཀུན་ནས་ཉོན་མོངས་ཀྱི་ཆོས་དང་རྣམ་བྱང་གི་ཆོས་གཉིས་ཀྱི་རང་བཞིན་བདེ་སྟོང་དུ་གཅིག་པར་ཤེས་པ་ཀུན་བྱུང་ཟུང་འཇུག 3.རྣམ་བཅས་རྣམ་མེད་ཟུང་འཇུག་ནི། གཟུགས་སྒྲ་སོགས་རྣམ་བཅས་དང་ནམ་མཁའ་སོགས་རྣམ་པར་རྟོག་པ་གཉིས་གདོད་ནས་སྟོང་པ་གཅིག་ཏུ་རྟོགས་པ་རྣམ་བཅས་རྣམ་མེད་ཟུང་འཇུག 4.གཟུང་འཛིན་གཉིས་མེད་ཟུང་འཇུག་ནི། གཟུང་འཛིན་གཉིས་ཀ་སྟོང་པ་མཉམ་ཉིད་དུ་རྟོགས་པས་མཉམ་གཞག་ཏུ་གཉིས་སྣང་འགགས་པ་གཟུང་འཛིན་གཉིས་མེད་ཀྱི་ཟུང་འཇུག 5.རྟག་ཆད་གཉིས་མེད་ཟུང་འཇུག་ནི། རྟག་ཆད་ཀྱི་མཐར་འཛིན་ལྷན་སྐྱེས་དང་ཀུན་བརྟགས་ཐམས་ཅད་སྤངས་པ་ནི་རྟག་ཆད་གཉིས་མེད་ཟུང་འཇུག 6.སྟོང་ཉིད་སྙིང་རྗེ་ཟུང་འཇུག་ནི། སྙིང་རྗེ་ཐམས་ཅད་སྟོང་ཉིད་སྟོང་ཉིད་ཐམས་ཅད་སྙིང་རྗེར་ངོ་བོ་ གཅིག་ཏུ་འཆར་བ་ནི་སྟོང་ཉིད་སྙིང་རྗེ་ཟུང་འཇུག 7.ཐབས་ཤེས་ཟུང་འཇུག་ནི། ཡབ་ཡུམ་སྙོམས་འཇུག་བདེ་ཆེན་ལ་གནས་པ་ནི་ཡབ་ཡུམ་ཐབས་ཤེས་ཟུང་འཇུག ། 8.ལྷག་བཅས་ལྷག་མེད་ཟུང་འཇུག་ནི། རྡོ་རྗེའི་སྐུ་འགྲུབ་པས་སྐྱེ་འཆི་དང་བྲལ་བས་ན་ལྷག་བཅས་ལྷག་མེད་གཉིས་མེད་པ་ནི་ལྷག་བཅས་ལྷག་མེད་ཟུང་འཇུག 9.བདག་མེད་གཉིས་ཟུང་འཇུག་ནི། ཆོས་ཉིད་ཐམས་ཅད་རང་བཞིན་སྣང་སྟོང་ཟུང་འཇུག་ཏུ་དབྱེར་མེད་པ་གཟིགས་པས་ཆོས་དང་གང་ཟག་བདག་མེད་སོ་སོའི་ངོ་བོར་མ་གྲུབ་པར་མཁྱེན་ནས་དེར་འཛིན་པ་མེད་པ་ནི་བདག་མེད་གཉིས་ཟུང་འཇུག 10.སྒྱུ་ལུས་དང་འོད་གསལ་ཟུང་འཇུག་ནི། དང་པོར་བདག་བྱིན་རླབས་པའི་རིམ་པ་སྒྱུ་ལུས་རྐྱང་པ་ཐོབ། དེ་ནས་འོད་གསལ་གྱི་རིམ་པ་རྣམ་མེད་ཤེས་མཐར་དེ་གཉིས་ངོ་བོ་གཅིག་ལ་འདུས་པ་ཐོབ་པ་ནི་སྒྱུ་ལུས་དང་འོད་གསལ་ཟུང་འཇུག 11.རིལ་རྗེས་ཟུང་འཇུག་ནི། བདག་ཉིད་བདེ་བ་ཆེན་པོའི་ངོ་བོར་གྱུར་པ་རིལ་པོར་འཛིན་པ་དང་། སྣང་བ་ཐམས་ཅད་བདེ་ཆེན་དུ་གྱུར་པ་ལ་རང་ཉིད་ཐིམ་པར་བྱེད་པ་འདི་གཉིས་གཅིག་ཏུ་བགྲངས་ན་ཟུང་འཇུག་ཉེར་གཉིས་དང་། ཐ་དད་དུ་བྱེད་ན་ཉེར་གསུམ་མོ། ། 12.བདེན་གཉིས་ཟུང་འཇུག་ནི། བདེན་གཉིས་ངོ་བོ་མཉམ་ཉིད་དུ་གཟིགས་པ་བདེན་གཉིས་ཟུང་འཇུག 13.དམིགས་པ་ཟུང་འཇུག་ནི། དེ་བཞིན་ཉིད་ལ་དམིགས་པ་དང་ཇི་སྙེད་པ་ལ་དམིགས་པ་གཉིས་ཆར་ལ་དེ་གཉིས་མཐོང་བའི་ཡེ་ཤེས་ཅིག་ཅར་དུ་འཇུག་པ་དམིགས་པ་ཟུང་འཇུག 14.གཉིད་སད་ཟུང་འཇུག་ནི། འོད་གསལ་གྱི་གཉིད་མ་གཏོགས་གཉིད་ཕལ་པ་གཞན་གཏན་ནས་སྤངས་པས་གཉིད་ལོག་མ་ལོག་ཚོགས་གསོག་པ་དང་འགྲོ་དོན་དང་ཡེ་ཤེས་འཇུག་ཚུལ་གང་ལའང་ཁྱད་མེད་པ་ནི་གཉིད་སད་ཟུང་འཇུག 15.མཉམ་རྗེས་ཟུང་འཇུག་ནི། མཉམ་པར་གཞག་པ་ལ་ཡེ་ཤེས་སྤྱོད་ཡུལ་རྒྱ་ཆེ་ཆུང་མེད་པ་དང་བདེ་སྟོང་ལའང་ཁྱད་པར་མེད་པ་མཉམ་རྗེས་ཟུང་འཇུག ། 16.དངོས་པོ་དང་དངོས་མེད་ཟུང་འཇུག་ནི། དངོས་པོ་དང་དངོས་པོ་མེད་ཐམས་ཅད་རང་བཞིན་མེད་པར་གཟིགས་པ་དངོས་པོ་དང་དངོས་མེད་དབྱེར་མེད་དུ་གཟིགས་པའི་ཟུང་འཇུག སྔར་གྱི་རྣམ་བཅས་རྣམ་མེད་དང་འདི་གཉིས་གཅིག་ ཏུ་བསྡོམས་ནས་ཟུང་འཇུག་ཉེར་གཅིག་མཛད་པའང་བྱུང་ངོ་། ། 17.དྲན་པ་དྲན་མིན་ཟུང་འཇུག་ནི། དྲན་མིན་བརྗེད་ངས་ལས་གྲོལ་བས་རྩོལ་བ་དང་བཅས་མ་བཅས་ལ་ཡེ་ཤེས་ཀྱི་ཁྱད་པར་མེད་པ་ནི་དྲན་པ་དྲན་མེད་ཟུང་འཇུག 18.བདེ་སྟོང་ཟུང་འཇུག་ནི། ཞེན་པ་མེད་པས་འདོད་ཆགས་ལས་གྲོལ། བདེ་ཆེན་སྒྲུབ་པ་མི་འབྲལ་བས་ཆགས་བྲལ་ལས་གྲོལ་བ་རྟག་ཏུ་ལྷན་སྐྱེས་བདེ་ཆེན་ལ་གནས་པ་ནི་ཆགས་དང་ཆགས་བྲལ་ལམ་བདེ་སྟོང་ཟུང་འཇུག 19.བྱ་བྱེད་ཟུང་འཇུག་ནི། བྱ་བྱེད་ལས་གསུམ་ལ་རྣམ་པར་མི་རྟོག་པ་བྱ་བྱེད་ཟུང་འཇུག 20.བསྐྱེད་རྫོགས་ཟུང་འཇུག་ནི། བསྙེན་སྒྲུབ་ཡན་ལག་བཞི་སོགས་གང་བསྒོམས་ཀྱང་བདེ་སྟོང་ལས་མ་གཡོས་ཤིང་མི་རྟོག་པ་འབའ་ཞིག་ལས་ལྷ་སྐུར་འཆར་བ་ནི་སྐྱེད་རྫོགས་ཟུང་འཇུག 21.དག་མ་དག་ཟུང་འཇུག་ནི། སྒྲིབ་པ་ཐམས་ཅད་གཏན་ནས་ཟད་པར་མཐོང་བས་མ་དག་པ་དང་དག་པའི་སྐུའི་དབྱེ་བ་གཟིགས་པས་དག་མ་དག་ཟུང་འཇུག ། 22.གཟུགས་ཅན་གཟུགས་མེད་ཟུང་འཇུག་ནི། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ཐམས་ཅད་སེམས་སུ་གཟིགས་ཤིང་། དེའང་རང་བཞིན་མེད་པར་གཟིགས་པ་གཟུགས་ཅན་དང་གཟུགས་མེད་དུ་ཟུང་འཇུག་གོ །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྨད་ཆ་ཤ་648.4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number