10949

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གནས་ངན་ལེན་ཉི་ཤུ་རྩ་བཞི།
Tibetan Alternate
Tibetan Definition ཁག་གཉིས་པ།

ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། 1.མངོན་པར་བརྗོད་པའི་གནས་ངན་ལེན་ཀུན་ཏུ་འགྲོ་བ་ནི། མིག་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་མིང་ལ་མངོན་པར་ཞེན་པའི་བག་ཆགས་ཀུན་ཏུ་ལེན་པའི་རྣམ་པར་ཤེས་པ་ལ་གནས་པ། ཐོག་མ་མེད་པའི་དུས་ནས་རྗེས་སུ་ཞུགས་པ་གང་ཡིན་པའོ། ། དེ་ལ་མིག་ལ་སོགས་པའི་ཆོས་མིང་ལ་མངོན་པར་ཞེན་པ་དང་བཅས་པ་རྣམ་པ་ཡང་དང་ཡང་འབྱུང་བའི་ཕྱིར། གང་དེ་སྤྲོས་པའི་བག་ཆགས་ཞེས་རྟོགས་སོ། ། 2.ཚོར་བའི་གནས་ངན་ལེན་ནི། ཟག་པ་དང་བཅས་པའི་ཚོར་བ་རྣམས་ཀྱི་བག་ཆགས་སོ། ། 3.ཉོན་མོངས་པའི་གནས་ངན་ལེན་ནི། ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལ་ལོ། ། ། 4.ལས་ཀྱི་གནས་ངན་ལེན་ནི། ཟག་པ་དང་བཅས་པའི་ལས་ཀྱི་བག་ཆགས་སོ། ། 5.རྣམ་པར་སྨིན་པའི་གནས་ངན་ལེན་ནི། རྣམ་པར་སྨིན་པ་ལས་སུ་མི་རུང་བ་ཉིད་དོ། ། 6.ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་ནི། ཉོན་མོངས་པ་མི་ཟད་ཅིང་རྒྱུན་རིང་བའོ། ། 7.ལས་ཀྱི་སྒྲིབ་པའི་གནས་ངན་ལེན་ནི། ལམ་གྱི་བར་ཆད་བྱེད་པ་མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཉིད་དོ། ། 8.རྣམ་པར་སྨིན་པའི་སྒྲིབ་པའི་གནས་ངན་ལེན་ནི། བདེན་པ་མངོན་པར་རྟོགས་པ་དང་མི་མཐུན་པ་སེམས་ཅན་དམྱལ་བ་ལ་སོགས་པའི་ལུས་ཐོབ་པའོ། ། 9.སྒྲིབ་པའི་གནས་ངན་ལེན་ནི། དགེ་བའི་ཕྱོགས་ལ་སྦྱོར་བ་བར་ཆད་བྱེད་པ་འདོད་པ་ལ་འདུན་པ་ལ་སོགས་པས་ཟིལ་གྱིས་གནོན་པ་ཉིད་དོ། ། 10.རྟོག་པའི་གནས་ངན་ལེན་ནི། རབ་ཏུ་བྱུང་བའི་བགེགས་བྱེད་པར་འདོད་པ་རྣམ་པར་རྟོག་པ་ལ་སོགས་པ་ཟིལ་གྱིས་གནོན་པཉིད་དོ། ། 11.ཟས་ཀྱི་གནས་ངན་ལེན་ནི། ཟས་ཧ་ཅང་ཉུང་བ་དང་། མང་དུ་ཟོས་པར་སྦྱོར་བའི་འོས་སུ་མ་གྱུར་པ་ཉིད་དོ། ། 12.འཁྲིག་པའི་གནས་ངན་ལེན་ནི། གཉིས་ཀྱིས་གཉིས་སྤྲད་པ་ལས་གྱུར་པའི་ལུས་དང་། སེམས་ལ་གནོད་པ་ཉིད་དོ། ། 13.རྨི་ལམ་གྱི་གནས་ངན་ལེན་ནི། གཉིད་ལས་གྱུར་པའི་ལུས་བེམས་པོ་ཉིད་དོ། ། 14.ནད་ཀྱི་གནས་ངན་ལེན་ནི། ཁམས་རབ་ཏུ་མ་སྙོམས་པ་ལས་གྱུར་པའི་ཉམས་རབ་ཏུ་མི་བདེ་བ་ཉིད་དོ། ། 15.རྒ་བའི་གནས་ངན་ལེན་ནི། འབྱུང་བ་འགྱུར་བས་དབང་མེད་པ་ཉིད་དོ། ། 16.འཆི་བའི་གནས་ངན་ལེན་ནི། འཆི་བ་ནའང་དབང་པོ་ཐམས་ཅད་འཁྲུག་པ་ཉིད་དོ། ། 17.ཡོངས་སུ་ངལ་བའི་གནས་ངན་ལེན་ནི། ཧ་ཅང་འགྲོ་བ་ལ་སོགས་པས་ལུས་དུབ་པ་ཉིད་དོ། ། 18.གནས་ངན་ལེན་བརྟན་པ་ནི། མངོན་པར་བརྗོད་པའི་གནས་ངན་ལེན་ལ་སོགས་པ་འདི་དང་མཐུན་མཐུན་དུ་སྦྱར་ཏེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། ། 19.གནས་ངན་ལེན་ཆེན་པོ་ནི། འདོད་པ་ན་སྤྱོད་པ་རྣམས་སུ་རིག་པར་བྱའོ། ། 20.གནས་ངན་ལེན་འབྲིང་པོ་ནི། གཟུགས་ཀྱི་ཁམས་ན་སྤྱོད་པ་རྣམས་སུ་རིག་པར་བྱའོ། ། 21.གནས་ངན་ལེན་ཆུང་དུ་ནི། གཟུགས་མེད་པ་ན་སྤྱོད་པ་རྣམས་སུ་རིག་པར་བྱའོ། ། 22.ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མི་མཐུན་པའི་ཕྱོགས་སོ། ། 23.སྙོམས་པར་འཇུག་པའི་སྒྲིབ་པའི་གནས་ངན་ལེན་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་པར་བསྒྲུབ་པའི་མི་མཐུན་པའི་ཕྱོགས་སོ། ། 24.ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནི། ཐམས་ཅད་མཁྱེན་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་སོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ལི་པ་》ཤ་229བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number