10995

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དབང་བཞི་ལ་མཉམ་བཞག་སོགས་དམ་ཚིག་ཉི་ཤུ་རྩ་ལྔ།
Tibetan Alternate
Tibetan Definition དེ་ཡང་། གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། །
དང་པོ་བུམ་དབང་ལ་ལྔ་སྟེ། 

1.མཉམ་བཞག་གི་དམ་ཚིག་བསྐྱེད་རིམ་སྒོམ་པ། 2.རྗེས་ཐོབ་ཀྱི་དམ་ཚིག་ལྷ་དང་མི་འབྲལ་ཞིང་། ལུས་ངག་ཐ་མལ་དུ་མི་འཁྲུལ་བ། ། 3.བཟའ་བའི་དམ་ཚིག་ཤ་ལྔ་བདུད་རྩི་ལ་རོལ་པ། 4.བཅང་བའི་དམ་ཚིག་རྡོ་རྗེ་དྲིལ་བུ་དང་མི་འབྲལ་བ། 5.བསྲུང་བའི་དམ་ཚིག་སྣོད་བཅུད་གཞལ་ཡས་ལྷ་རུ་ཤེས་པའོ། ། གཉིས་པ་གསང་དབང་ལ་ལྔ་སྟེ། 1.མཉམ་བཞག་གི་དམ་ཚིག་གཏུམ་མོ་ཙཎྜ་ལོ་སྒོམ་པ། 2.རྗེས་ཐོབ་ཀྱི་དམ་ཚིག་རྗེས་སྤྱོད་ཐམས་ཅད་གཏུམ་མོའི་ཉམས་དང་མི་འབྲལ་བ། 3.བཟའ་བའི་དམ་ཚིག་ཟས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་མེ་རུ་བྱིན་གྱིས་བརླབས་ནས་རོལ་པ། 4.བཅང་བའི་དམ་ཚིག་རླུང་ཁ་སྦྱོར་ཉེར་གཅིག་སྒོམ་པ། 5.བསྲུང་བའི་དམ་ཚིག་ཁམས་མི་ཉམས་པར་བྱེད་པའོ། །

དབང་གསུམ་པའི་དམ་ཚིག་ལྔ་སྟེ། 

1.མཉམ་བཞག་གི་དམ་ཚིག་དངོས་སམ་ཡིད་ཀྱི་རིག་མ་བརྟེན་པ། 2.རྗེས་ཐོབ་ཀྱི་དམ་ཚིག་བདེ་ཆེན་ཉམས་དང་མི་འབྲལ་བར་བྱེད་པ། 3.བཟའ་བའི་དམ་ཚིག་ཟས་སྙོམས་འཇུག་གི་ཚུལ་དུ་རོལ་པ། 4.བཅང་བའི་དམ་ཚིག་བྱང་སེམས་ལུས་ལ་མི་ཉམས་པར་བྱེད་པ། 5.བསྲུང་བའི་དམ་ཚིག་གཟུངས་མ་མཚན་ལྡན་བརྟེན་པའོ། །

དབང་བཞི་པའི་དམ་ཚིག་ལྔ་སྟེ། 

1.མཉམ་བཞག་གི་དམ་ཚིག་ཟུང་འཇུག་གཉིས་མེད་སྒོམ་པ། 2.རྗེས་ཐོབ་ཀྱི་དམ་ཚིག་རྗེས་སྤྱོད་ཐམས་ཅད་དེའི་ངོ་བོར་འཆར་བ། 3.བཟའ་བའི་དམ་ཚིག་ཆོས་ཉིད་དུ་རོལ་པ། 4.བཅང་བའི་དམ་ཚིག་རྟག་ཏུ་གཉིས་མེད་ཀྱི་དོན་ལ་གནས་པ། 5.བསྲུང་བའི་དམ་ཚིག་གཉིས་མེད་ཡེ་ཤེས་ལས་མི་འདའ་བ་བཅས་སོ། ། དེས་ན་དབང་། ལྟ་བ། སྒོམ་པ། སྤྱོད་པ། དམ་ཚིག་ལྔ་རྒྱུད་ཐོག་གཅིག་ན་གནས་ཤིང་འབྲལ་མེད་དུ་ཤེས་པ་ནི་མན་ངག་གི་གནད་དེ། སྨིན་བྱེད་བུམ་པའི་དབང་། གྲོལ་བྱེད་ལམ་བསྐྱེད་རིམ་གྱི་ལྟ་བ། ཡིད་ལ་ལྷ་བསྒོམ་པ། དེའི་དོན་ལ་སྤྱོད་པ། དེ་ལས་མི་འདའ་བའི་དམ་ཚིག་གི་ཐོག་གཅིག་ན་ཀྲོང་ངེ་། སྨིན་བྱེད་གསང་བའི་དབང་། གྲོལ་བྱེད་ལམ་རྩ་རླུང་ཤེས་པའི་ལྟ་བ། གཏུམ་མོ་ལམ་ཙཎྜ་ལཱི་སྒོམ་པ། དེའི་དོན་ལ་སྤྱོད་པ། དེ་ལས་མི་འདའ་བའི་དམ་ཚིག་ཐོག་གཅིག་ན་ཀྲོང་ངེ་། སྨིན་བྱེད་ཤེས་རབ་ཀྱི་དབང་། གྲོལ་བྱེད་འོག་སྒོ་བདེ་ཆེན་གྱི་ལྟ་བ། ཐིག་ལེ་དབབ་ཟློག་གི་གནད་སྒོམ་པ། དེའི་དོན་ལ་སྤྱོད་པ། དེ་ལས་མི་འདའ་བའི་དམ་ཚིག་དང་ལྔ་ཐོག་གཅིག་ན་རུག་གེ། སྨིན་བྱེད་ཆེན་པོའི་དབང་། གྲོལ་བྱེད་ལམ་ཟུང་འཇུག་མཐའོ་བྲལ་གྱི་ལྟ་བ། གནས་ལུགས་གཉིས་མེད་དོན་སྒོམ་པ། དེའི་དོན་ལ་སྤྱོད་པ། དེ་ལས་མི་འདའ་བའི་དམ་ཚིག་ལྔ་ཐོག་གཅིག་ན་ཀྲོང་ངེ་། དེ་ལྟར་ཤེས་ཙ་ན་ལམ་ལ་ནོར་བ་མེད། ལམ་མ་ནོར་བ་ནས་ཞུགས་ཙམ་ན། འབྲས་བུ་ཕྱིན་ཅི་མ་ལོག་པ་མི་ཐོབ་མི་སྲིད་པས་ཤིན་ཏུ་ཟབ་པ་ཡིན་ནོ། ། དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན་ནོ། །

Tibetan Source 《རིན་ཆེན་གཏེར་མཛོད་མེ་པ》ཤ54ན3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number