11067

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སེམས་ཅན་གྱི་ཚེ་ཚད་རྣམ་པར་གཞག་པ་ཉི་ཤུ་རྩ་དགུ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1.འཛམ་བུའི་གླིང་གི་མི་རྣམས་ཀྱི་ཞག་སུམ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལ་ལོ་གཅིག་གི་ཚུལ་གྱིས་ཚེའི་ཚད་ནི་ངེས་པ་མེད་དེ། རེས་འགའ་ནི་ཚེ་དཔག་ཏུ་མེད་པར་འགྱུར་རོ། ། རེས་འགའ་ནི་ཚེ་ལོ་བརྒྱད་ཁྲི་པར་འགྱུར་རོ། ། རེས་འགའ་ནི་ཚེ་ལོ་བཅུ་པར་འགྱུར་རོ། ། 2.ཤར་གྱི་ལུས་འཕགས་པ་རྣམས་ཀྱི་ཚེའི་ཚད་ནི་ངེས་པ་ཡིན་ཏེ། ལོ་ཉིས་བརྒྱ་ལྔ་བཅུའོ། ། 3.ནུབ་ཀྱི་བ་གླང་སྤྱོད་པ་རྣམས་ཀྱི་ཚེའི་ཚད་ནི་ལོ་ལྔ་བརྒྱའོ། ། 4.བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ངོ་། ། 5.མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ ། དེ་ལྟ་བུའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་ གཉིས་ལ་ལོར་བརྩིས་པའི་ལྷའི་ལོ་བརྒྱ་ཐུབ་བོ། ། 6.མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པའི་ཉིན་ཞག་གཅིག་གོ ། དེ་ལྟ་བུའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལ་ལོར་བརྩིས་པའི་ལྷའི་ལོ་སྟོང་ཐུབ་བོ། ། 7.དེ་ལས་གཞན་པའི་ལྷའི་རིས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་དུ། ལྷ་དེ་དག་གི་ཚེའི་ཚད་ནི་ཉིན་ཞག་དེའི་ཉིས་འགྱུར་ལ། ཚེའི་ཚད་ཀྱང་དེའི་ཉིས་འགྱུར་བ་ཡིན་ནོ། ། 8.རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་རངས་པ་ནི། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ ། དེ་ལྟ་བུའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚེའི་ཚད་ཀྱང་སེམས་ཅན་དམྱལ་བ་པའི་ལོ་ལྔ་བརྒྱ་ཐུབ་བོ། ། 9.རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ཚེ་ཚད་ཀྱིས། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེ་བ་དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཚེའི་ཚད་ཀྱིས་ཐིག་ནག་ཏུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེའོ། ། 10.འཐབ་བྲལ་བ་རྣམས་ཀྱི་ཚེའི་ཚད་ཀྱིས་བསྡུས་འཛོམས་སུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེའོ། ། 11.དགའ་ལྡན་པ་རྣམས་ཀྱི་ཚེའི་ཚད་ཀྱིས་ངུ་འབོད་དུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེའོ། ། 12.འཁྲུལ་དགའ་བ་རྣམས་ཀྱི་ཚེའི་ཚད་ཀྱིས་ངུ་འབོད་ཆེན་པོར་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེའོ། ། 13.གཞན་འཁྲུལ་དབང་བྱེད་པ་རྣམས་ཀྱི་ཚེའི་ཚད་ཀྱིས་ཚ་བར་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེའོ། ། 14.རབ་ཏུ་ཚ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པའི་བསྐལ་པ་ཕྱེད་དོ། ། 15.མནར་མེད་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པའི་བསྐལ་པ་གཅིག་གོ ། 16.ལྷ་མ་ཡིན་རྣམས་ཀྱི་ཚེའི་ཚད་ནི་སུམ་ཅུ་རྩ་གསུམ་པ་རྣམས་དང་འདྲའོ། ། 17.དུད་འགྲོ་དང་ཡི་དྭགས་རྣམས་ཀྱི་ཚེའི་ཚད་ནི་ངེས་པ་མེད་དོ། ། 18.གྲང་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ལས་ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཞུགས་པར་རིག་པར་བྱའོ། ། 19.ཉེ་འཁོར་གྱི་སེམས་ཅན་དམྱལ་བ་དང་། ཉི་ཚེ་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་ངེས་པ་མེད་དོ། ། 20.ཚངས་རིས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་ཉི་ཤུ་ལ་བསྐུལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་གཅིག་གོ ། 21.ཚངས་པའི་མདུན་ན་འདོན་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་གཅིག་གོ ། 22.ཚངས་ཆེན་པ་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་དྲུག་ཅུ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་གཅིག་གོ ། 23.འོད་ཆུང་བ་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་གཉིས་སོ། ། 24.དེ་ཡན་ཆད་དེ་ལས་གཞན་པའི་གཟུགས་ན་སྤྱོད་པའི་ལྷའི་རིས་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་བརྒྱད་ཅུ་པོ་དེའི་ཉིས་འགྱུར་ཉིས་འགྱུར་རོ། ། 25.སྤྲིན་མེད་པ་རྣམས་ནི་མ་གཏོགས་ཏེ། དེ་ལ་ནི་བསྐལ་པ་གསུམ་དབྲི་བར་བྱའོ། ། 26.ནམ་མཁའི་མཐའ་ཡས་སྐྱེ་མཆེད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲིའོ། ། 27.རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བཞི་ཁྲིའོ། ། 28.ཅི་ཡང་མེད་པའི་སྐྱེ་མཆེད་དུ་སྐྱེས་པ་རྣམས་ཀྱི་དྲུག་ཁྲིའོ། ། 29.འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲིའོ། ། བྱང་གི་སྒྲ་མི་སྙན་མ་གཏོགས་པར་དེ་ལས་གཞན་པ་རྣམས་ལ་ནི་བར་མ་དོར་འཆི་བ་ཡོད་དོ། ། དེ་ལ་མི་རྣམས་ཆིས་གྱུར་ཏེ་འདུག་གོ ། ལྷ་རྣམས་དང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་ནི་རྣམ་པར་ཤེས་པ་དང་མགོ་མཉམ་དུ་མི་སྣང་བར་འགྱུར་ཏེ། ལུས་རོར་གྱུར་ཏེ་འདུག་པ་མེད་དོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཚི་པ་》ཤ་39བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number