11129

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དཔེ་རྒྱན་སོ་གཉིས།
Tibetan Alternate
Tibetan Definition དེ་ཡང་། དཔེ་རྒྱན་གྱི་ངོ་བོ་ནི། དཔེ་དོན་ཐ་དད་བཀོད་པ་ལས། ། མཚུངས་པར་རྟོགས་བྱེད་དཔེ་རྒྱན་ཡིན། ། ཞེས་སོ། ། དཔེ་རྒྱན་གྱི་དབྱེ་བ་སོ་གཉིས་ལས།

1.ཆོས་དཔེ་ནི། དཔེ་དང་དཔེ་ཅན་མཚུངས་པའི་ཆོས། ། མཇུག་ཏུ་བཀོད་པ་ཆོས་དཔེར་འདོད། ། ཅེས་སོ། ། 2.དངོས་དཔེ་ནི། དཔེ་དང་དཔེ་ཅན་ཙམ་ཞིག་ལས། ། མཚུངས་ཆོས་མི་སྟོན་དངོས་པོའི་དཔེ། ། ཞེས་སོ། ། 3.བཟློག་པའི་དཔེ་ནི། དཔེ་དང་དཔེ་ཅན་གོ་ལྡོག་ནས། ། དེ་གཉིས་མཚུངས་སྟོན་བཟློག་པའི་དཔེ། ། ཞེས་སོ། ། 4.ཕན་ཚུན་དཔེ་ནི། དཔེ་དང་དཔེ་ཅན་ཕན་ཚུན་དུ། ། འཇལ་རེས་བྱེད་པ་ཕན་ཚུན་དཔེ། ། ཞེས་སོ། ། 5.ངེས་པའི་དཔེ་ནི། དཔེར་བཀོད་དེ་ལས་གཞན་མཚུངས་དཔེ། ། ཡོད་པ་འགོག་བྱེད་ངེས་པའི་དཔེ། ། ཞེས་སོ། ། 6.ངེས་མེད་དཔེ་ནི། དཔེར་བཀོད་དེ་མཚུངས་གཞན་དག་ཀྱང་། ། ཡོད་ན་དཔེར་འོས་ངེས་མེད་དཔེ། ། ཞེས་སོ། ། 7.བསྡུས་པའི་དཔེ་ནི། ཕྱོགས་རེས་མཚུངས་མིན་གཞན་གྱིས་ཀྱང་། ། མཚུངས་པར་སྟོན་པ་བསྡུས་པའི་དཔེ། ། ཞེས་སོ། ། 8.ཕུལ་བྱུང་གི་དཔེ་ནི། འདྲ་མིན་ཁྱད་པར་གཉིས་ལས་གཞན། ། མེད་པར་བརྗོད་པ་ཕུལ་བྱུང་དཔེ། ། ཞེས་སོ། ། 9.རབ་བཏགས་དཔེ་ནི། དཔེ་དེར་མ་སྙེམས་གཞན་ལ་ཡང་། ། འདྲ་ཆོས་ཡོད་ཅེས་རབ་བཏགས་དཔེ། ། ཞེས་སོ། ། 10.རྨད་བྱུང་གི་དཔེ་ནི། དཔེ་དེར་ཁྱད་ཆོས་དེ་ལྡན་ན། དཔེར་འོས་ཞེས་བརྗོད་རྨད་བྱུང་དཔེ། ། ཞེས་སོ། ། 11.རྨོངས་པའི་དཔེ་ནི། དཔེ་དང་དཔེ་ཅན་ཕན་ཚུན་དུ། ། འཁྲུལ་པར་སྟོན་པ་རྨོངས་པའི་དཔེ། ཞེས་སོ། ། 12.ཐེ་ཚོམ་གྱི་དཔེ་ནི། ཆོས་མཚུངས་དཔེ་དང་དཔེ་ཅན་གཉིས། ། དབྱེ་བ་འབྱེད་མིན་ཐེ་ཚོམ་དཔེ། ། ཞེས་སོ། ། 13.གཏན་འབེབས་ཀྱི་དཔེ་ནི། འདྲ་དང་འདྲ་མིན་ཆོས་གཞན་གྱིས། ། དཔེ་དང་དབྱེ་འབྱེད་གཏན་འབེབས་དཔེ། ། ཞེས་སོ། ། 14.སྦྱར་བའི་དཔེ་ནི། གཉིས་ལས་མི་ཉུང་དོན་སྦྱར་ཞིང་། ། མཚུངས་སྒྲ་ལྡན་པ་སྦྱར་བའི་དཔེ། ། ཞེས་སོ། ། 15.མཉམ་ཉིད་ཀྱི་དཔེ་ནི། སྒྲ་གཅིག་གཅོད་མཚམས་མིང་གཅིག་ལ། ། དོན་གཉིས་མཚུངས་སྦྱར་མཉམ་ཉིད་དཔེ། ། ཞེས་སོ། ། 16.སྨད་པའི་དཔེ་ནི། མཚུངས་དཔེ་འགའ་ཡིས་སྐྱོན་བརྗོད་དེ། ། དཔེ་ལ་སྨོད་པ་སྨད་པའི་དཔེ། ། ཞེས་སོ། ། 17.བསྔགས་པའི་དཔེ་ནི། ཆོས་མཚུངས་དཔེ་འགའ་སྔོན་བཀོད་ནས། ། དེ་དང་མཚུངས་ཞེས་བསྔགས་པའི་དཔེ། ། ཞེས་སོ། ། 18.བརྗོད་འདོད་ཀྱི་དཔེ་ནི། སྐྱོན་ཡོན་ཇི་ལྟར་ལྡན་གྱུར་ཀྱང། ། དཔེ་དོན་མཚུངས་ཞེས་བརྗོད་འདོད་དཔེ། ། ཞེས་སོ། ། 19.འགལ་བའི་དཔེ་ནི། ཆོས་མཚུངས་དཔེ་དང་དཔེ་ཅན་གཉིས། ། འགལ་བར་བརྗོད་པ་འགལ་བའི་དཔེ། ། ཞེས་སོ། ། 20.དགག་པའི་དཔེ་ནི། དཔེ་ཡི་སྐྱོན་འགས་མཚུངས་པའི་དཔེར། ། མི་འོས་ཞེས་འགོག་དགག་པའི་དཔེ། ། ཞེས་སོ། ། 21.ངོ་བསྟོད་ཀྱི་དཔེ་ནི། མཚུངས་ཆོས་ཆ་ཚང་མི་ལྡན་ཀྱང་། དཔེ་དོན་མཚུངས་ཞེས་ངོ་བསྟོད་དཔེ། ། ཞེས་སོ། ། 22.དེ་ཉིད་བརྗོད་པའི་དཔེ་ནི། མཚུངས་ཆོས་ལྡན་འདི་དཔེ་མིན་ཞིང་། ། དཔེ་ཅན་ཡིན་ཞེས་དེ་ཉིད་དཔེ། ། ཞེས་སོ། ། 23.ཐུན་མོང་མིན་པའི་དཔེ་ནི། ཆོས་མཚུངས་དཔེ་འགས་མཚུངས་མིན་པས། ། རང་ཉིད་དཔེར་སྟོན་ཐུན་མོང་མིན། ། ཞེས་སོ། ། 24.བྱུང་མིན་གྱི་དཔེ་ནི། དཔེ་ཡི་ཁྱད་ཆོས་ཀུན་བསྡུས་པ། ། ཁྱོད་ལ་ལྡན་ཞེས་བྱུང་མིན་དཔེ། ། ཞེས་སོ། ། 25.སྲིད་མིན་གྱི་དཔེ་ནི། དཔེ་ལ་སྐྱོན་དེ་མེད་པ་ལྟར། ། དཔེ་ཅན་མཚུངས་ཞེས་སྲིད་མིན་དཔེ། ། ཞེས་སོ། ། 26.མང་བའི་དཔེ་ནི། ཆོས་མཐུན་དཔེ་འགའི་ཁྱད་ཆོས་གཅིག ། དོན་ལ་ལྡན་ཞེས་མང་བའི་དཔེ། ། ཞེས་སོ། ། 27.རྣམ་འགྱུར་གྱི་དཔེ་ནི། ཆོས་མཚུངས་དཔེ་ཅན་དཔེའི་ནང་ནས། ། བྱུང་བ་ལྟར་བཅོས་རྣམ་འགྱུར་དཔེ། ། ཞེས་སོ། ། 28.ཕྲེང་བའི་དཔེ་ནི། འབྲེལ་མཚུངས་དཔེ་འགའ་སྔ་ཕྱི་རུ། ། དཔེ་ཅན་ལྟར་ བརྗོད་ཕྲེང་བའི་དཔེ། ། ཞེས་སོ། ། 29.ངག་དོན་གྱི་དཔེ་ལས་བཞིན་སྒྲ་གཅིག་པ་དང་། བཞིན་སྒྲ་དུ་མའི་དབྱེ་བ་གཉིས་ནི། བྱེད་ཅན་གསུམ་གཉིས་གཙོར་བྱས་ཤིང་། ། དོན་དང་དཔེ་ཡི་སོ་སོའི་ཆོས། ། རིམ་བཞིན་བཀོད་མཐར་ཐུན་མོང་གི། མཚུངས་ཆོས་གཅིག་སྦྱར་ངག་དོན་དཔེ། ། དཔེ་ཅན་སོ་སོར་མི་འདྲའི་དཔེ། ། བཀོད་པའི་བཞིན་སྒྲ་འགའ་ཞིག་མཐར། ། ཐུན་མོང་མཚུངས་ཆོས་གཅིག་སྦྱོར་བ། ། དེ་ནི་བཞིན་སྒྲ་དུ་མའི་དཔེ། ། ཞེས་སོ། ། 30.ཟླ་བོ་དངོས་པོའི་དཔེ་ནི། སྔ་ཕྱིར་དོན་དང་དཔེ་བཀོད་པས། ། མཉམ་རྟོགས་ཟླ་བོ་དངོས་པོའི་དཔེ། ། ཞེས་སོ། ། 31.མཚུངས་སྦྱོར་གྱི་དཔེ་ནི། དཔེ་ལྷག་དོན་དམན་བྱ་བ་གཅིག ། དཔེ་དོན་མཚུངས་སྟོན་མཚུངས་སྦྱོར་དཔེ། ། ཞེས་སོ། ། 32.རྒྱུའི་དཔེ་ནི། མཚུངས་ཆོས་དེ་ཉིད་རྒྱུ་མཚན་དུ། ། བཀོད་ནས་མཚུངས་སྟོན་རྒྱུ་ཡི་དཔེ། ། ཞེས་སོ། ། གཞན་ཡང་། རྟགས་ཚིག་ཐ་དད་དཔེ་དམན་ལྷག ། སྦྱོར་མཁས་སྐྱོན་ནི་མེད་པའང་ཡོད། ། ཞེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་574.14ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number