11146
Tibetan | མཚན་མ་སུམ་ཅུ་རྩ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།
1.རང་གི་སེམས་ཀྱི་མཚན་མ་ནི། འདི་ལ་དགེ་སློང་ཀུན་ནས་ཉོན་མོངས་པའི་སེམས་ཀྱི་སྔ་རོལ་དུ། འདི་ལྟར་འདི་ལྟ་བུར་སེམས་ཀུན་ནས་ཉོན་མོངས་སོ་ཞེའམ། ཀུན་ནས་ཉོན་མོངས་པ་མ་ཡིན་ནོ་ཞེས་བྱ་བ་དང་། སེམས་བྱིང་བ་ལ་སོགས་པའི་ཐབས་ནི་འདི་ཡིན་ནོ། ། བྱིང་བ་མེད་པ་ལ་སོགས་པ་བཞིའི་ཐབས་ནི་འདི་ཡིན་ནོ་ཞེས་བྱ་བ་དང་། ཡང་ན་སེམས་ཀུན་ནས་ཉོན་མོངས་པ་ལ་སེམས་མ་ཆགས་པར་བྱ་བའི་ཕྱིར། རང་གི་སེམས་ལ་ལེགས་པར་ཤིན་ཏུ་མཚན་མར་འཛིན་པའོ། ། 2.ཕྱི་རོལ་གྱི་མཚན་མ་ནི། འདི་ལྟར་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ལ། བདག་གི་སེམས་ནི་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ཏོ་སྙམ་དུ་རིག་ནས། འདི་ལྟར་ཀུན་ནས་ཉོན་མོངས་པ་དེ་བསྩལ་བ་དང་། ཀུན་ཏུ་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར། འདི་ལྟ་སྟེ་སྣང་བའི་མཚན་མའམ། དང་བར་བྱ་བའམ། ཡང་ན་གཞན་གང་ཡང་རུང་བའི་ཕྱི་རོལ་གྱི་མཚན་མ་འཛིན་པའོ། ། 3.རྟེན་གྱི་མཚན་མ་ནི། ལུས་སུ་གཏོགས་པའི་ཕུང་པོ་ལྔ་པོ་ས་བོན་དང་བཅས་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་ལུས་གང་ཡིན་པའོ། ། 4.སྤྱོད་ཡུལ་གྱི་མཚན་མ་ནི། གཟུགས་ནས་ཆོས་ལ་ཐུག་པའི་ཡུལ་གང་དང་གང་རྣམ་པར་རྟོག་པའི་ལུས་ཡིད་ལ་བྱེད་པའོ། ། 5.ཡིད་ལ་བྱེད་པའི་མཚན་མ་ནི། དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ཡོད་ན། ཡུལ་དེ་དང་དེ་ལ་དེ་དང་འབྱུང་བའི་རྣམ་པར་ཤེས་པ་འབྱུང་བར་འགྱུར་ཏེ། བདག་གི་སེམས་འདི་ནི་ཡིད་ལ་བྱེད་པ་སྤྱོད་ཡུལ་ལ་འཇུག་གི། ཡིད་ལ་བྱེད་པ་མེད་པར་ནི་མ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 6.སེམས་བསྐྱེད་པའི་མཚན་མ་ནི། བཤད་མ་ཐག་པ་གཅིག་པོ་དེ་དང་། གཉིས་པ་འདུ་བྱེད་ཀྱི་རྐྱེན་དང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་སེམས་འབྱུང་ངོ་སྙམ་དུ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 7.གནས་པའི་མཚན་མ་ནི། རྣམ་པར་ཤེས་པ་གནས་པ་བཞི་སྟེ། གཟུགས་ལ་ཉེ་བར་སོང་བའི་རྣམ་པར་ཤེས་པ་ཉེ་བར་གནས་སོ་ཞེས་མདོ་ལས་རྒྱས་པར་འབྱུང་བ་བཞིན་དུ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 8.རང་གི་མཚན་ཉིད་ཀྱི་མཚན་མ་ནི། རང་གི་རིགས་ཀྱི་མཚན་ཉིད་དམ། སོ་སོ་རང་གི་མཚན་ཉིད་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 9.སྤྱིའི་མཚན་ཉིད་ཀྱི་མཚན་མ་ནི། འདུ་བྱེད་སྤྱིའི་མཚན་ཉིད་དམ། ཟག་པ་དང་བཅས་པའི་སྤྱིའི་མཚན་ཉིད་དམ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིད་ལ་བྱེད་པ་གང་ཡིན་པའོ། ། 10.རགས་པའི་མཚན་མ་ནི། ས་འོག་མ་ལ་རགས་པར་ལྟ་བའི་མཚན་མ་གང་ཡིན་པའོ། ། 11.ཞི་བའི་མཚན་མ་ནི། ས་གོང་མ་ལ་ཞི་བའི་རྣམ་པར་འཛིན་པའི་མཚན་མ་གང་ཡིན་པའོ། ། 12.མྱོང་བའི་མཚན་མ་ནི། སྔོན་མྱོང་བའི་འདུ་བྱེད་འདས་པ་རྣམས་རྗེས་སུ་དྲན་པའི་མཚན་མ་གང་ཡིན་པའོ། ། 13.ཀུན་ཏུ་རྟོག་པའི་མཚན་མ་ནི། མ་འོངས་པའི་འདུ་བྱེད་རྣམས་ལ་ཀུན་ཏུ་རྟོག་པའི་མཚན་མ་གང་ཡིན་པའོ། ། 14.ལྷན་ཅིག་འཇུག་པའི་མཚན་མ་ནི། ད་ལྟར་བྱུང་བའི་འདུ་བྱེད་རྣམས་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 15.ཉོན་མོངས་པ་ཅན་གྱི་མཚན་མ་ནི། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་སྙམ་དུ་ཡིད་ལ་བྱེད་པ་ནས། རྒྱས་པར་སེམས་ཤིན་ཏུ་རྣམ་པ་གྲོལ་བ་མ་ཡིན་པའོ་ཞེས་བྱ་བའི་བར་དུ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 16.ཉོན་མོངས་པ་ཅན་མ་ཡིན་པའི་མཚན་མ་ནི། དེ་ལས་ཟློག་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མཚན་མར་རིག་པར་བྱའོ། ། 17.ཡང་དག་པར་སྦྱོར་བའི་མཚན་མ་ནི། དཀར་པོའི་ཕྱོགས་ཀྱི་གཞིའི་མཚན་མ་ཡིད་ལ་བྱེད་པའི་མཚན་མ་གང་པ་ཡིན་པའོ། ། 18.ལོག་པར་སྦྱོར་བའི་མཚན་མ་ནི། ནག་པོའི་ཕྱོགས་ཀྱི་གཞིའི་མཚན་མ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 19.སྣང་བའི་མཚན་མ་ནི། འདི་ལྟར་འདི་ན་ལ་ལས་མུན་པའི་གཉེན་པོའམ། ཆོས་ཀྱི་སྣང་བ་ལས་ལེགས་པར་ཤིན་ཏུ་མཚན་མར་རབ་ཏུ་བཟུང་ཞིང། ལེགས་པར་ཡིད་ལ་བྱས་ཏེ། འོག་ཇི་ལྟ་བ་བཞིན་དུ་སྟེང་ཡང་དེ་དང་འདྲའོ་ཞེས་བྱ་བ་ལ་སོགས་པ་མུན་པའི་མཚན་མའི་གཉེན་པོར་འདི་གཞག་གོ ། 20.སོ་སོར་རྟོག་པའི་མཚན་མ་ནི། འདི་ལ་དགེ་སློང་གིས་སོ་སོར་རྟོག་པའི་མཚན་མ་ཉིད་ལེགས་པར་ཤིན་ཏུ་རབ་ཏུ་མཚན་མར་བཟུང་བ་ཡིན་ཏེ། དཔེར་ན། འགྲེང་བས་འདུག་པ་ལ་སོ་སོར་རྟོག་པ་བཞིན་དུ། ད་ལྟར་གྱི་འཛིན་པས་མ་འོངས་པའི་གཟུང་བའི་ཆོས་ལ་སོ་སོར་རྟོག་པ་དང་། འདུག་པས་ཉལ་བ་ལ་རྟོག་པ་བཞིན་དུ། ད་ལྟར་གྱི་འཛིན་པ་ཉིད་ཀྱིས་འདས་པའི་གཟུང་བའི་ཆོས་ལ་རྟོག་པ་དང་། མདུན་དུ་འགྲོ་བ་ལ་ཕྱི་ནས་འོང་བས་སོ་སོར་རྟོག་པ་བཞིན་དུ། འཛིན་པ་ཕྱི་མ་ཕྱི་མས་འཛིན་པའི་ཆོས་སྔ་མ་སྔ་མ་ལ་སོ་སོར་རྟོག་པ་སྟེ། དེ་ཡང་མདོར་བསྡུ་ན། གཟུང་བ་དང་འཛིན་པའི་ཆོས་སོ་སོར་བརྟག་པ་ལས་རྣམ་པ་གཉིས་སུ་བསྟན་ཏོ། ། 21.ཏིང་ངེ་འཛིན་བཟང་པོའི་མཚན་མ་ནི། འདོད་པའི་འདོད་ཆགས་ཀྱི་གཉེན་པོར་རྣམ་པར་བསྔོས་པ་ལ་སོགས་པའི་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། ཅིའི་ཕྱིར་བཟང་པོ་ཞེས་བྱ་ཞེ་ན། ཉོན་མོངས་པ་ཐམས་ཅད་ཀྱི་གཙོ་བོ་ནི་འདོད་ཆགས་ཡིན་ཏེ། འདོད་ཆགས་ཐམས་ཅད་ཀྱི་ནང་ན་ཡང་འདོད་པའི་འདོད་ཆགས་ནི་ཐམས་ཅད་ཀྱིས་ལེགས་པར་གཞོམ་པར་དཀའ་བ་ཡིན་ལ། དེ་ནི་དེའི་གཉེན་པོ་ལ་དམིགས་པ་ཡིན་པས་དེའི་ཕྱིར་བཟང་པོ་ཞེས་བྱའོ། ། 22.ཞི་གནས་ཀྱི་མཚན་མ་ནི། རྣམ་པར་མི་རྟོག་པའི་གཟུགས་བརྙན་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 23.རབ་ཏུ་འཛིན་པའི་མཚན་མ་ནི། དང་བར་བྱ་བའི་མཚན་མ་གང་ཡང་རུང་བའམ། སྣང་བའི་མཚན་མས་སེམས་རབ་ཏུ་འཛིན་པའི་མཚན་མ་གང་ཡིན་པའོ། ། 24.ལྷག་མཐོང་གི་མཚན་མ་ནི། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་ དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་རྣམས་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 25.བཏང་སྙོམས་ཀྱི་མཚན་མ་ནི། དགེ་བའི་ཕྱོགས་ལ་སེམས་མཉམ་པར་གྱུར་ཏེ། ལྷག་པར་བཏང་སྙོམས་སུ་བྱེད་པའི་མཚན་མ་གང་ཡིན་པའོ། ། 26.ཏིང་ངེ་འཛིན་གྱི་མཚན་མ་ནི། གཞི་དང་དམིགས་པ་དང་། བརྟེན་པར་བྱ་བ་རྣམས་ཀྱི་མཚན་མ་གང་དག་གིས། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའམ། ཐོབ་ཟིན་པ་སྔོན་དུ་བྱེད་པའོ། ། 27.ཏིང་ངེ་འཛིན་གནས་པའི་མཚན་མ་ནི། མཚན་མ་དེ་དག་ཉིད་ལེགས་པར་འཛིན་པ་གང་ཡིན་པ་སྟེ། ལེགས་པར་བཟུང་བས་ན། ཇི་སྲིད་དུ་འདོད་པ་དེ་སྲིད་དུ་སྙོམས་པར་ཞུགས་པར་གནས་པ་དང་། ཏིང་ངེ་འཛིན་དེ་ལས་ཡོངས་སུ་ཉམས་པར་མ་གྱུར་པའི་ཆོས་གང་དག་ཡིན་པའོ། ། 28.ཏིང་ངེ་འཛིན་ལས་ལྡང་བའི་མཚན་མ་ནི། མཉམ་པར་གཞག་པའི་སའི་རྣམ་པར་རྟོག་པའི་ལུས་ལས་མ་གཏོགས་པ་གང་ཡིན་པའོ། ། 29.སྐྱེ་བའི་མཚན་མ་ནི། ཏིང་ངེ་འཛིན་ཐོབ་ཟིན་པ། ཕྱིར་ཞིང་སྐྱེ་བ་དང་། འཕེལ་བ་དང་། རྒྱས་པར་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 30.འབྲལ་བའི་མཚན་མ་ནི། ཏིང་ངེ་འཛིན་ཐོབ་ཟིན་པ་ཉམས་པ་དང་། འགྲིབ་པ་དང་། ཆུང་བ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། ། 31.ཐབས་ཀྱི་མཚན་མ་ནི། གཉི་ག་སྟེ། ཕྱིར་ཞིང་འབྱུང་བ་དང་། འཕེལ་བ་དང་། རྒྱས་པར་འབྱུང་བའམ། ཉམས་པར་འགྱུར་བའི་ལམ་གང་ཡོན་པའོ། ། 32.མངོན་པར་བསྒྲུབ་པའི་མཚན་མ་ནི། ཚིག་དང་ཡི་གེ་རྒྱས་པའི་དོན་མདོར་བསྡུ་བ་དང་། མངོན་པར་ཤེས་པ་བསྒྲུབ་པ་དང་། ཉོན་མོངས་པ་མེད་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྨོན་ནས་ཤེས་པ་དང་། གཞན་ཡང་ཏིང་ངེ་འཛིན་ལ་བརྟེན་པའི་ཡོན་ཏན་ཁྱད་པར་ཅན་ནམ། སྟོབས་དང་མི་འཇིགས་པ་ལ་སོགས་པ་བསྒྲུབ་པའམ། ཟབ་མོའི་དོན་དང་། ཚིག་ཤེས་རབ་ཀྱིས་རྟོགས་པའི་མཚན་མ་གང་ཡིན་པའོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཚི་པ་》ཤ་134བ་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |