11265
Tibetan | ཡིད་ལ་བྱེད་པ་བཞི་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།
1.ཆོས་ལ་དམིགས་པའི་ཡིད་ལ་བྱེད་པ་ནི། ཐོས་པ་ལས་བྱུང་བའི་ཤེས་རབ་དང་མཚུངས་པར་ལྡན་པ་གང་ཡིན་པའོ། ། 2.དོན་ལ་དམིགས་པའི་ཡིད་ལ་བྱེད་པ་ནི། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་མཚུངས་པར་ལྡན་པ་གང་ཡིན་པའོ། ། 3.-6.ལུས་ལ་དམིགས་པ་ནས་ཆོས་ལ་དམིགས་པའི་བར་རྣམས་ཀྱི་ཡིད་ལ་བྱེད་པ་ནི། དྲན་པ་ཉེ་བར་གཞག་པ་ལ་བརྩོན་པའི་ཡུས་ལ་སོགས་པ་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པ་གང་ཡིན་པའོ། ། 7.མོས་པའི་ཡིད་ལ་བྱེད་པ་ནི། བསམ་གཏན་པ་རྣམས་ཀྱི་ཇི་ལྟར་འདོད་པའི་མཚན་མའི་དངོས་པོ་ལ་མོས་པའི་གང་ཡིན་པའོ། ། 8.དེ་ཁོ་ན་ཉིད་ཡིད་ལ་སེམས་པ་ནི། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དང་། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་ཚུལ་བཞིན་གྱི་ཆོས་ཡིད་ལ་བྱེད་པའི་ཡིད་ལ་བྱེད་པ་གང་ཡིན་པའོ། ། 9.སློབ་པ་ཡིད་ལ་བྱེད་པ། སློབ་པའི་ངོ་བོ་ཉིད་དང་། རྒྱུད་ལས་རྣམ་པ་གཉིས་ཏེ། དེ་ལ་ངོ་བོ་ཉིད་ནི་སློབ་པའི་ཟག་པ་མེད་པ་ཡིད་ལ་བྱེད་པའོ། ། རྒྱུད་ལ་ནི་སློབ་པའི་དགེ་བ་ཡིད་ལ་བྱེད་པ་ཐམས་ཅད་དོ། ། 10.མི་སློབ་པ་ཡིད་ལ་བྱེད་པ་ནི། སློབ་པ་ཇི་ལྟ་བ་བཞིན་དུ་མི་སློབ་པའི་ཡང་དེ་དང་འདྲ་བར་རྣམ་པ་གཉིས་སུ་རིག་པར་བྱའོ། ། 11.སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡིད་ལ་བྱེད་པ་ནི། འཇིག་རྟེན་པའི་ཡིད་ལ་བྱེད་པ་ཐམས་ཅད་དོ། ། 12.ཡོངས་སུ་ཤེས་པ་ཡིད་ལ་བྱེད་པ་ནི། ཡིད་ལ་བྱེད་པ་གང་གི་དམིགས་པ་ཡོངས་སུ་ཤེས་ལ། ཉོན་མོངས་པ་ནི་སྤོང་བར་མི་བྱེད་པའོ། ། 13.སྤོང་བ་ཡིད་ལ་བྱེད་པ་ནི། གང་གིས་གཉིས་ཀ་བྱེད་པའོ། ། 14.སྤངས་པའི་ཚེ་ཡིད་ལ་བྱེད་པ་ནི། ཉོན་མོངས་པ་རྣམས་སྤངས་པའི་རྗེས་ལ་ཡིད་ལ་བྱེད་པ་གང་ཡིན་པའོ། ། 15.རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པ་ཡིད་ལ་བྱེད་པ་ནི། གང་གིས་རྣམ་པར་རྟོག་པའི་ལུས་ལ་དམིགས་པའི་ལྷག་མཐོང་བསྒོམ་པའོ། ། 16.རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པ་ནི། གང་གི་རྣམ་པར་མི་རྟོག་པའི་ལུས་ལ་དམིགས་པའི་ཞི་གནས་བསྒོམ་པའོ། ། 17.དངོས་པོའི་མཐའ་ལ་དམིགས་པའི་ཡིད་ལ་བྱེད་པ་ནི། གང་གི་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་རྣམས་ཀྱི་ལུས་ལ་སོགས་པའི་མཐའ་ལ་དམིགས་པ་སྟེ། དེ་ལས་ལུས་མེད་པ་ནས་ཆོས་ཀྱི་བར་དུ་མེད་པའི་ཕྱིར་རོ། ། 18.དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པའི་ཡིད་ལ་བྱེད་པ་ནི། བདག་འདི་ཡིད་ལ་བྱེད་པ་དང་། བདག་འདི་ལྟར་ཡིད་ལ་བྱེད་ན། འདི་དང་འདིར་འགྱུར་རོ། ། འདི་དང་འདི་ཡང་འགྲུབ་པར་འགྱུར་རོ་སྙམ་པ་གང་ཡིན་པ་དང་། ཡོངས་སུ་དག་པ་ལ་དམིགས་པ་གང་ཡིན་པའོ། ། 19 མོས་པ་རྣམ་པར་འབྱེད་པའི་ཡིད་ལ་བྱེད་པ་ནི། གང་གི་ཐོག་མ་ནས། ཆོས་རྣམ་པར་འབྱེད་པའམ། ཡང་ན་ཞི་གནས་སྔོན་དུ་བཏང་སྟེ། རྣམ་པར་འབྱེད་པ་དང་། ཡེ་ཤེས་མཐོང་བ་རྣམ་པར་དག་པར་བྱེད་དོ། ། 20.ཉེ་བར་ཞི་བར་བྱེད་པ་ནི། ཐོག་མ་ནས་སེམས་ནང་དུ་འཇོག་པའམ། ཡང་ན་ལྷག་མཐོང་སྔོན་དུ་བཏང་སྟེ་འཇོག་པ་དང་། ཤིན་ཏུ་སྦྱངས་པ་བསྐྱེད་དོ། ། 21.ཆ་གཅིག་བསྒོམ་པའི་ཡིད་ལ་བྱེད་པ་ནི། གང་གིས་ཞི་གནས་སམ། ཡང་ན་ལྷག་མཐོང་ཆ་གཅིག་ལ་བསྒོམ་པའོ། ། དེ་ལ་ཆ་གཅིག་བསྒོམ་པ་དང་གཉི་གའི་བསྒོམ་པས་སྒྲིབ་པ་རྣམས་ལས་སེམས་གྲོལ་བར་བྱེད་དོ། ། 22.གཉི་གའི་ཆ་བསྒོམ་བའི་ཡིད་ལ་བྱེད་པ་ནི། གང་གི་གཉིས་ཀ་ཟུང་དུ་བསྒོམ་པའོ། ། 23.རྟག་ཏུ་ཡིད་ལ་བྱེད་པ་ནི། དུས་ཐམས་ཅད་དུ་བར་ཆད་མེད་པར་རྒྱུན་དུ་འབྱུང་བ་གང་ཡིན་པ་དང་། དུས་ཆུད་མི་ཟ་བར་བྱེད་དོ། ། 24.བསྟི་སྟང་དུ་བྱས་ཏེ་ཡིད་ལ་བྱེད་པ་ནི། མི་ལྷོད་པའི་སྦྱོར་བ་ལས་བྱུང་བ་གང་ཡིན་པ་དང་། མངོན་པར་ཤེས་པ་མྱུར་བར་འཐོབ་པར་བྱེད་དོ། ། 25.མཐུན་པ་ལས་བྱུང་བ་ནི། ཉོན་མོངས་པ་སྤོང་བ་དང་མཐུན་པ་གང་ཡིན་པ་སྟེ། དེས་ནི་དམིགས་པ་སུན་འབྱིན་པར་བྱེད་དོ། ། 26.གཉེན་པོ་ལས་བྱུང་བ་ནི། གང་གིས་ཉོན་མོངས་པ་རྣམས་སྤོང་བ་དང་། སྤོང་བ་འཛིན་པ་དང་། ཉོན་མོངས་པ་རྣམས་ལས་རྒྱུད་ཐག་རིང་དུ་བྱེད་པའོ། ། 27.དད་པར་བྱ་བར་འོས་པ་ནི། རྗེས་སུ་དྲན་པ་དྲུག་བསྒོམ་པའམ། དད་པར་བྱ་བར་འོས་པ་དངོས་པོ་གཞན་གང་ཡང་རུང་བ་ཡིད་ལ་བྱེད་པ་གང་ཡིན་པའོ། ། 28.སོ་སོར་བརྟག་པར་འོས་པ་ནི། གང་གིས་ཉོན་མོངས་པ་རྣམས་སྤངས་པ་དང་། མ་སྤངས་པ་དང་། སྤོང་བ་ཡོངས་སུ་དཔྱོད་པའམ། ཡང་ན་བདག་གིས་རྟོགས་པའམ། སྔོན་དཔྱད་པའི་ཆོས་རྣམས་ལ་སོ་སོར་རྟོག་པའོ། ། 29.བསྒྲིམས་ཏེ་འཇུག་པ་ནི། ལས་དང་པོ་པ་ཡིད་ལ་བྱེད་པ་མ་ཐོབ་པ་རྣམས་ཀྱི་གང་ཡིན་པའོ། ། 30.སྐབས་སུ་ཆད་ཅིང་འཇུག་པ་ནི། ཡིད་ལ་བྱེད་པ་ཐོབ་པ་རྣམས་ཀྱི་རྗེས་ལ་སྦྱོར་བ་ལྷོད་པ་རྣམས་ཀྱི་གང་ཡིན་པའོ། ། 31.རྩོལ་བ་དང་བཅས་པར་འཇུག་པ་ནི། བརྩོན་འགྲུས་བརྩམས་པ་སྦྱོར་བ་མི་ལྷོད་པ་དེ་དག་ཉིད་ཀྱི་གང་ཡིན་པའོ། ། 32.རང་གི་ངང་གིས་འཇུག་པ་ནི། དུས་བཞི་པོ་ཡིད་ལ་བྱེད་པ་འཐོབ་པའི་དུས་དང་དངས་གཞི་ལ་སྙོམས་པར་འཇུག་པའི་དུས་དང་སྙོམས་པར་ཞུགས་པ་རྣམས་ཀྱི་མངོན་པར་རྟོགས་པའི་དུས་དང་། དགྲ་བཅོམ་པ་ཉིད་འཐོབ་པ་དང་ཐོབ་ཟིན་པའི་དུས་སུ་ངེས་པར་འབྱུང་བ་གང་ཡིན་པའོ། ། 33.རྣམ་པར་འབྱེད་པའི་ཡིད་ལ་བྱེད་པ་ནི། ལྷག་མཐོང་གི་ཕྱོགས་གང་ཡིན་པའོ། ། 34.ནང་དུ་ཡང་དག་པར་སྡུད་པ་ནི། ཞི་གནས་ཀྱི་ཕྱོགས་གང་ཡིན་པའོ། ། 35.སྒྲིབ་པ་རྣམ་པར་དག་པར་བྱེད་པ་ནི། གང་གིས་ཟག་པ་རྣམས་སྤོང་ཞིང་། གནས་ངན་ལེན་ཡང་དག་པར་འཇོམས་པའོ། ། 36.རྟེན་གྲུབ་པས་སྤྱོད་ཡུལ་རྣམ་པར་དག་པ་ནི། གང་གིས་རྟེན་གྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་དམིགས་པ་ལ་སྤྱོད་དུ་ཟིན་ཀྱང་། ཉོན་མོངས་པ་ཀུན་ཏུ་མི་འབྱུང་བའོ། ། 37.གཞན་གྱིས་བྱས་པ་ནི། ཉན་ཐོས་རྣམས་ཀྱིས་གཞན་གྱིས་གཞན་གྱི་སྒྲ་ལ་བརྟེན་ནས། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་བྱུང་བའོ། ། 38.སོ་སོ་རང་གིས་རྟོགས་པ་ནི། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་སློབ་དཔོན་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། ། 39.རྒྱ་ཆེ་བ་ཡིད་ལ་བྱེད་པ་ནི། བྱང་ཆུབ་སེམས་དཔའ་འཁོར་བའི་ཉེས་པ་དང་། དེ་ལས་བྱུང་བ་ཤེས་པ་རྣམས་ཀྱི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པར་གཏོགས་པའོ། ། 40.ཐམས་ཅད་དུ་འགྲོ་བའི་ཡིད་ལ་བྱེད་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཐམས་ཅད་དུ་ལྐོག་ཏུ་གྱུར་པ་མ་ཡིན་ཞིང་། སྒྲིབ་པ་མེད་པ་དང་ཡང་དག་པར་ལྡན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་གསུམ་པོ་རྣམས་སམ། ཡང་ན་རིག་པའི་གནས་ལྔ་པོ་རྣམས་ལ་མཁས་པར་བྱེད་པ་རྣམས་ཀྱིའོ། ། |
Tibetan Source | 《བསྟན་འགྱུར་ཚི་པ་》ཤ་ལས་131ན་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |