11334

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྟ་བ་ལོག་པ་དྲུག་ཅུ་རྩ་གཉིས།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱུས་འགྲེལ་སྐབས་བཅུ་གསུམ་འཇིག་རྟེན་པའི་ཐེག་པ་ལས་བྱུང་བ་སྟེ།

1.སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད་ནི། དེ་ལ་ནང་གསེས་སྡེ་ཚན་ལྔ་སྟེ། (1)ཐམས་ཅད་རྟོག་པར་སྨྲ་བའི་སྡེ་ཚན་བཞི་ནི། [1]-[2]བསྐལ་པ་དང་པོའི་དུས་ན་འགའ་ཞིག་ཁྱིམ་ནས་རབ་ཏུ་བྱུང་སྟེ་བསམ་གཏན་སྒོམ་པ་སྒྲུབ་པ་དག་གི་མངོན་ཤེས་ཀྱིས་བར་གྱི་བསྐལ་པ་སུམ་ཅུ་ཚུན་ཆད་དྲན་པ་ལ་དཔགས་ཏེ། དེ་ཡན་ཆད་མན་ཆད་ལ་མཐོང་བས་སྔོན་དང་ཕྱི་མའི་མཐའ་ཐུག་མེད་དུ་ཡོད་སྙམ་ནས་བདག་དང་འཇིག་རྟེན་ཐམས་ཅད་རྟག་ཅེས་སྨྲའོ། ། [3]-[4]དེ་བཞིན་དུ་བར་གྱི་བསྐལ་པ་དྲུག་ཅུ་དང་དགུ་བཅུ་དྲན་པ་དང་། ཁྱིམ་ནས་ཁྱིམ་དུ་སྐྱེ་བ་བརྒྱད་པ་དག་མཐོང་བ་ལ་དཔགས་ཏེ་ཐམས་ཅད་རྟག་པར་སྨྲའོ། ། (2)ཁ་ཅིག་ཆད་པར་སྨྲ་བ་བཞི་ནི། ། [1]ཡང་ན་རབ་ཏུ་བྱུང་བ་ཁ་ཅིག་གི་མངོན་ཤེས་ཀྱིས་རང་ཉིད་ཚངས་པའི་གནས་ནས་འཕོས་ཀྱང་ཚངས་པའི་དབང་པོ་ད་དུང་གནས་པོར་མཐོང་བ་ལ་དཔགས་ནས་ཚངས་པ་ཆེན་པོ་རྟག་ལ། ལྷ་གཞན་དང་འཇིག་རྟེན་མི་རྟག་པར་སྨྲ་བ། ། [2]ཁ་ཅིག་སུམ་ཅུ་རྩ་གསུམ་པའི་ལྷ་གཞན་ལ་ཁྲོས་ནས་ཤི་བ་ལས། ལྷ་གཞན་དེ་ཀུན་ད་དུང་འདུག་པ་ལ་དཔགས་ནས་འདོད་ཁམས་ཀྱི་ལྷ་ཡིད་སུན་འབྱིན་པ་དང་། མི་རྟག་ལ་གཞན་རྟག་པར་སྨྲ་བ། ། [3]ཁ་ཅིག་སུམ་ཅུ་རྩ་གསུམ་པའི་ལྟད་མོ་ལ་ཡེངས་ནས་ཟས་ཟ་བ་བརྗོད་ནས་ཤི་བ་མཐོང་བ་ལ་དཔགས་ནས། འདོད་པའི་ལྷ་རྩེ་དགས་བསླུ་བ་རྣམས་མི་རྟག་ལ་གཞན་རྟག་པར་སྨྲ་བ། [4]ཁ་ཅིག་གིས་གཟུགས་མེད་ཀྱི་འབྱུང་བ་བཞི་འགག་སེམས་དང་སེམས་བྱུང་ལ་སོགས་པ་འབྱུང་བ་མཐོང་བ་ལ་དཔགས་ནས། འབྱུང་བ་བཞི་མི་རྟག་ལ་སེམས་སེམས་བྱུང་རྟག་པར་སྨྲའོ། ། དེ་བཞི་ཀས་ལྷ་རྟག་པ་དེ་དག་ཐར་པར་མཐོང་ནས་རྟག་པའི་ལྷ་ཐོབ་པར་འདུན་པ་ཡིན་ནོ། ། (3)མཐའ་ཡོད་མེད་དུ་སྨྲ་བ་བཞི་ནི། [1]ཁ་ཅིག་ནི་མངོན་ཤེས་ཀྱིས་དམྱལ་བ་ནས་བསམ་གཏན་བཞི་པའི་བར་ལས་གཞན་མ་མཐོང་བས་དེ་ཕན་ཆད་མེད་སྙམ་ནས་བདག་དང་འཇིག་རྟེན་ལ་མཐའ་ཡོད་པར་སྨྲའོ། ། [2]ཁ་ཅིག་གི་ས་ཐམས་ཅད་མ་མཐོང་ཡང་མཐའི་མཚམས་མཐོང་བས། དེ་ཕན་ནའང་ཡོད་པར་དཔགས་ནས་བདག་དང་འཇིག་རྟེན་ལ་མཐའ་མེད་པར་སྨྲའོ། ། [3]ཁ་ཅིག་གིས་མིའི་འཇིག་རྟེན་གྱི་མཐའ་མཐོང་ཡང་ཚངས་པའི་འཇིག་རྟེན་གྱི་མཐའ་མ་མཐོང་བས་མཐའ་ཡོད་མེད་གཉིས་ཀྱི་མུར་སྨྲའོ། ། [4]ཁ་ཅིག་གིས་ཚངས་པའི་འཇིག་རྟེན་མཐོང་ཡང་ཚད་ཡོད་མེད་ཀྱིས་གཞལ་དུ་མི་རུང་བར་མཐོང་བ་ལ་ དཔགས་ནས། བདག་དང་འཇིག་རྟེན་ལ་མཐའ་ཡོད་མེད་གཉིས་ཀ་མ་ཡིན་པའི་མུར་སྨྲ་བའོ། ། (4)ལྷ་མི་སྤོང་བར་སྨྲ་བ་བཞི་ནི། ། [1]སྔོན་ཕྱི་རོལ་པའི་གནས་ཞིག་ཏུ་གཞན་དག་འུ་ཅག་ལ་རྩོད་པ་རྒོལ་ན་མི་སྤོང་བ་ཡིན་ཞེས་རྗོད་ཅིག་ཅེས་དམ་བཅས་པ་ལས། བློ་རིགས་བཞིའི་དབང་གིས་བར་དབྱེ་བ་དེ་ཤེས་རབ་ཆུང་བ་ཞིག་ལ་ཁྱོད་ཀྱི་ལྟ་བ་ཅི་ཡིན་དྲིས་པ་ལས། གཞན་མ་ཤེས་ཏེ་ལྷ་མི་སྤོང་བ་སྨྲའོ། ། [2]གྲུབ་པའི་མཐའ་ལ་བློ་མ་སྦྱངས་པ་ལ་དྲིས་པ་ལས་ཀྱང་གཞན་མ་ཤེས་པར་ལྷ་མི་སྤོང་བ་སྨྲའོ། ། [3]སྦྱངས་ཀྱང་ངེས་པ་མེད་པ་དག་ཀྱང་ལྷ་མི་སྤོང་བ་སྨྲའོ། ། [4]རྟོགས་པ་མངོན་པའི་ང་རྒྱལ་ཅན་ལ་དྲིས་པ་ནའང་སུས་ཀྱང་ལན་མི་ཐེབས་སྙམ་ནས་ལྷ་མི་སྤོང་བའོ། ། ཞེས་སྨྲ་བ་ཡིན་ནོ། ། (5)རྒྱུ་མེད་པར་སྨྲ་བ་གཉིས་གང་ཞེ་ན། བསམ་གཏན་དང་རིག་པ་ལ་བརྟེན་པ་གཉིས་ལས། [1]བསམ་གཏན་ལ་བརྟེན་པ་ནི། སྔོན་དུས་འདུ་ཤེས་མེད་པའི་སེམས་ཅན་ལས་ཤི་འཕོས་པ་ཁ་ཅིག་གིས་ཀུན་གཞི་ཆ་ཕྲ་བས་མ་མཐོང་ཞིང་རང་གི་ཚོགས་དྲུག་མེད་པ་ལས་བྱུང་བར་མཐོང་ནས་འཇིག་རྟེན་ཐམས་ཅད་རྒྱུ་མེད་ལས་བྱུང་བར་སྨྲའོ། ། དེའང་སྣོད་རྡུལ་ཕྲན་ཆ་མེད་ལས་བྱུང་བའི་རྡུལ་ཕྲན་མ་མཐོང་བས་རྒྱུ་མེད་ལ། བཅུད་སེམས་མེད་པས་རྒྱུ་མེད་དོ་སྙམ་ནས་དེ་སྐད་སྨྲའོ། ། [2]རིག་པ་ལ་བརྟེན་པ་ནི། ནམ་མཁའ་ལ་སྤྲིན་གློ་བུར་དུ་བྱུང་བ་དང་། རླུང་གློ་བུར་བ་ཙམ་ལ་དཔགས་ནས་རྒྱུ་མེད་དུ་སྨྲའོ། ། 2.ཕྱི་མའི་མཐའ་ལ་བརྟེན་པ་བཞི་བཅུ་རྩ་བཞི་ནི། དེ་ཡང་སྡེ་ཚན་ལྔ་རུ་ཤེས་པར་བྱ་སྟེ། ། (1)འདུ་ཤེས་ཡོད་པར་སྨྲ་བ་བཅུ་དྲུག་ནི། [1]བདག་གཟུགས་ཅན་གྱི་འདུ་ཤེས་ཅན། བདག་གཟུགས་ཅན་མ་ཡིན་པའི་འདུ་ཤེས་ཅན། བདག་གཉིས་ཀའི་འདུ་ཤེས་ཅན། གཉིས་ཀ་མ་ཡིན་པའི་འདུ་ཤེས་ཅན་དང་བཞི། ། [2]བདག་མཐའ་དང་ལྡན་པའི་འདུ་ཤེས་ཅན། བདག་མཐའ་དང་མི་ལྡན་པའི་འདུ་ཤེས་ཅན། བདག་གཉིས་ཀའི་འདུ་ཤེས་ཅན། བདག་གཉིས་ཀ་མ་ཡིན་པའི་འདུ་ཤེས་ཅན་དང་བཞི། ། [3]བདག་བདེ་བའི་འདུ་ཤེས་ཅན། བདག་སྡུག་བསྔལ་གྱི་འདུ་ཤེས་ཅན། བདག་བདེ་སྡུག་གཉིས་ཀའི་འདུ་ཤེས་ཅན། བདག་བདེ་སྡུག་གཉིས་ཀ་མ་ཡིན་པའི་འདུ་ཤེས་ཅན་དང་བཞི། [4]བདག་གཅིག་པུའི་འདུ་ཤེས་ཅན། བདག་ཐ་དད་ཀྱི་འདུ་ཤེས་ཅན། བདག་ཆུང་ངུའི་འདུ་ཤེས་ཅན། བདག་རྒྱ་ཆེན་པོའི་འདུ་ཤེས་ཅན་དང་བཞིའོ། ། དེ་དག་ཀྱང་གཟུགས་དང་། མཐའ་དང་། བདེ་སྡུག་དང་། ཐ་དད་པའི་འདུ་ཤེས་ཅན་བཞིར་བསྡུའོ། ། ཐ་མ་བཞིའི་གཅིག་པུ་ནི་ཐམས་ཅད་ལ་ཁྱབ་པ་དང་། ཐ་དད་ནི་མིར་བདག་རེ་བ་དང་། ཆུང་ངུ་འདོད་ཁམས་པ་དང་། ཆེན་པོ་གཟུགས་ཁམས་ལ་འདོད་པའོ། ། (2)འདུ་ཤེས་མེད་པར་སྨྲ་བ་བརྒྱད་ནི། [1]བདག་གཟུགས་ཅན་འདུ་ཤེས་མེད་པ་སྐྲ་སེན་ལྟ་བུ། གཟུགས་ཅན་མ་ཡིན་ལ་འདུ་ཤེས་མེད་པ་ནམ་མཁའ་ལྟ་བུ། གཉིས་ཀར་འདུ་ཤེས་མེད་པ། གཉིས་ཀ་མ་ཡིན་པར་འདུ་ཤེས་མེད་པའི་མུ་བཞི། [2]བདག་མཐའ་དང་ལྡན་ལ་འདུ་ཤེས་མེད་པ་ལ་སོགས་པ་མུ་བཞིའོ། ། (3)འདུ་ཤེས་ཡོད་མེད་གཉིས་ཀ་མ་ཡིན་པར་སྨྲ་བ་བརྒྱད་ནི། [1]བདག་གཟུགས་ཅན་འདུ་ཤེས་ཡོད་པའང་མ་ཡིན་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའ་མུ་བཞི། [2]མཐའ་ཡོད་མེད་མུ་བཞི་ལ་འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པར་བཞིའོ། ། (4)ཆད་པར་སྨྲ་བ་བདུན་ནི། [1]འདོད་པའི་མི། [2]ལྷ། [3]གཟུགས་ཀྱི་ལྷ། [4]ནམ་མཁའ། [5]རྣམ་ཤེས། [6]ཅི་ཡང་མེད་པ། [7]སྲིད་རྩེའི་ལྷ་རྣམས་མ་ཤིའི་བར་དུ་སྡུག་བསྔལ་ཡོད་ལ། ཤི་ནས་ཆད་པས་བདེ་བར་འདོད་དེ་ཚེ་སྔ་ཕྱིའི་ལས་འབྲས་མེད་པར་འདོད་དོ། ། (5)འདི་ལ་མྱ་ངན་ལས་འདས་པར་སྨྲ་བ་ནི། འདོད་ཁམས་ཀྱི་ལྷས་ཚེ་འདིར་འདོད་ཡོན་ལ་ཆེར་སྤྱད་ན་ཚེ་འདིར་མྱ་ངན་ལས་འདའ་བ་དང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པས་རང་རང་གི་ཏིང་ངེ་འཛིན་ལ་ཆེར་བསྒོམས་པའི་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་བར་སྨྲའོ། ། དེ་ཡང་ཚེ་སྔ་ཕྱི་མེད་པར་འདོད་པའོ། །

Tibetan Source 《མདོ་རྒྱུད་མཛོད་ཀི་པ་》ཤ་693.5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number