11407

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྟུང་བྱེད་འབའ་ཞིག་དགུ་བཅུ།
Tibetan Alternate
Tibetan Definition དེ་ཡང་། ལྟུང་བྱེད་འབའ་ཞིག་པའི་སྡོམ་གྱི་བཅུ་ཚན་དང་པོ་ནི། རྫུན་སྐྱོན་དགེ་སློང་ཕྲ་མ་དང་། ། སྐྱོ་ངོགས་བྱེད་དང་སྟོན་པ་དང་། ། འདོན་དང་གནས་ངན་ལེན་དང་ཆོས། ། བཤེས་ངོར་བྱེད་དང་ཁྱད་དུ་གསོད། ། བཅུ་ཚན་གཉིས་པ་ནི། ས་བོན་འཕྱ་བ་བསྒོ་བ་དང་། ། ཁྲི་དང་གདིང་དང་བསྐྱོད་པ་དང་། ། ཕྱིས་གནོན་འབྱུང་བ་འདེབས་པ་དང་། ། རིམ་པ་གཉིས་སུ་བརྩིགས་པའོ། ། བཅུ་ཚན་གསུམ་པ་ནི། མ་བསྐོས་ཉི་མ་རྒས་པ་དང་། ། ཟས་དང་ཆོས་གོས་གཉིས་དག་དང་། ། དོན་མཐུན་གྲུ་དང་དབེན་པ་གཉིས། ། དགེ་སློང་མ་ཡི་སྦྱོར་བཅུག་པའོ། ། བཅུ་ཚན་བཞི་པ་ནི། ཡང་ཡང་ཟ་དང་འདུག་གནས་གཅིག ། ཕྱེ་དང་བཅའ་དང་སྟོབས་པ་དང་། ། འདུས་དང་དུས་མིན་གསོག་འཇོག་དང་། ། ཁ་ནས་མིད་དང་བསོད་པ་ཉིད། ། བཅུ་ཚན་ལྔ་པ་ནི། སྲོག་ཆགས་བཅས་དང་ཉལ་སར་འདུག ། འགྲེང་དང་གཅེར་བུ་དམག་དང་ནི། ། ཞག་གཉིས་བཤམས་དཀྲུག་འགྲོ་བ་དང་། ། བརྡེག་དང་ཟས་དང་གནས་ངན་ལེན། ། བཅུ་ཚན་དྲུག་པ་ནི། བདེ་དང་མེ་དང་འདུན་པ་དང་། ། བསྙེན་པར་མ་རྫོགས་ཆོས་དང་སྨྲ། ། དགེ་ཚུལ་ཁ་དོག་བསྒྱུར་བ་དང་། ། རིན་པོ་ཆེ་དང་ཚ་བའི་དུས། ། བཅུ་ཚན་བདུན་པ་ནི། དུད་འགྲོ་འགྱོད་པ་སོར་མོ་དང་། ། རྩེ་དང་ལྷན་ཅིག་དངངས་བྱེད་དང་། ། སྦེད་དང་གདེངས་མེད་གཞི་མེད་དང་། ། སྐྱེས་པ་མེད་པར་ལམ་འགྲོ་བའོ། ། བཅུ་ཚན་བརྒྱད་པ་ནི། རྐུ་དང་ཉི་ཤུ་མ་ལོན་དང་། ། རྐོ་དང་མགྲོན་དང་བསླབ་པ་དང་། ། ཉན་རྣ་མི་སྨྲ་འགྲོ་བ་དང་། ། མ་གུས་ཆང་འཐུང་དུས་མིན་པའོ། ། བཅུ་ཚན་དགུ་པ་ནི། ཟས་བཅས་སྐྱ་རེངས་ད་གདོད་དང་། ། ཁབ་རལ་དང་ནི་ཁྲི་རྐང་དང་། ། བདལ་དང་གདིང་དང་གཡན་པ་དང་། ། རས་ཆེན་བདེ་གཤེགས་ཆོས་གོས་སོ། ། ཞེས་གསུངས་པའི་ཞིབ་པར་བཀྲལ་ན་འདི་ལྟ་སྟེ།

1.རྫུན་སྨྲ་བའི་ལྟུང་བྱེད། 2.སྐྱོན་བརྗོད་པའི་ལྟུང་བྱེད། 3.བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད། 4.ཕྲ་མ་བྱེད་པའི་ལྟུང་བྱེད། 5.སྐྱོ་ངོགས་བྱེད་པའི་ལྟུང་བྱེད། 6.བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་འདོན་པའི་ལྟུང་བྱེད། 7.གནས་ངན་ལེན་བརྗོད་པའི་ལྟུང་བྱེད། 8.མི་ཆོས་བླ་མ་བདེན་པར་སྨྲ་བའི་ལྟུང་བྱེད། 9.ཁྱད་གསོད་ཀྱི་ལྟུང་བྱེད། 10.བཤེས་ངོར་བྱེད་ཅེས་སྐུར་པ་འདེབས་པའི་ལྟུང་བྱེད། 11.ས་བོན་སྐྱེ་བ་དང་འཇིག་པའི་ལྟུང་བྱེད། 12.འཕྱ་བའི་ལྟུང་བྱེད། 13.བསྒོ་བ་རྣར་གཟན་པའི་ལྟུང་བྱེད། 14.གནས་མལ་ལས་གྱུར་པའི་ལྟུང་བྱེད། 15.གདིང་བ་ལས་གྱུར་པའི་ལྟུང་བྱེད། 16.སྐྱོད་པའི་ལྟུང་བྱེད། 17.ཕྱིས་གནོན་བྱེད་པའི་ལྟུང་བྱེད། 18.རྩ་བ་འབྱུང་བའམ་དབུག་པའི་ལྟུང་བྱེད། 19.སྲོག་ཆགས་དང་བཅས་པས་འདེབས་པའི་ལྟུང་བྱེད། 20.རིམ་པ་ལྷག་པ་རྩིག་པའི་ལྟུང་བྱེད། 21.དགེ་སློང་མ་ལ་ཆོས་སྟོན་པའི་ལྟུང་བྱེད། 22.ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད། 23.ཟས་ཅུང་ཟད་ཙམ་གྱི་ཆེད་དུ་ཆོས་སྟོན་ནོ་ཟེར་བའི་ལྟུང་བྱེད། 24.ཆོས་གོས་གཉིས་ལས་གོས་བྱིན་པའི་ལྟུང་བྱེད། 25.ལམ་དུ་འགྲོ་བའི་ལྟུང་བྱེད། 26.དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད། 27.ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་འཚེམས་པའི་ལྟུང་བྱེད། 28.དབེན་པ་སྐྱབས་ཡོད་དུ་འདུག་པའི་ལྟུང་བྱེད། 29.འགྲེང་བའི་ལྟུང་བྱེད། 30.ཟས་སྦྱོར་དུ་འཇུག་པའི་ལྟུང་བྱེད། 31.ཡང་ཡང་ཟ་བའི་ལྟུང་བྱེད། 32.ཟས་ཟ་བའི་ལྟུང་བྱེད། 33.ལྷག་པ་ལེན་པའི་ལྟུང་བྱེད། 34.སྤངས་པ་ཟ་བའི་ལྟུང་བྱེད། 35.སྤངས་པ་སྟོབ་པའི་ལྟུང་བྱེད། 36.འདུས་ཤིང་ཟ་བའི་ལྟུང་བྱེད། 37.དུས་མ་ཡིན་པར་ཟ་བའི་ལྟུང་བྱེད། 38.གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད། 39.བྱིན་ལེན་མ་བྱས་པ་ཟ་བའི་ལྟུང་བྱེད། 40.ཟས་བསོད་པ་སློང་བའི་ལྟུང་བྱེད། 41.ཆུ་ལ་སྤྱོད་པའི་ལྟུང་བྱེད། 42.ཉལ་པོ་བྱེད་པའི་ཁྱིམ་དུ་གནས་པའི་ལྟུང་བྱེད། 43.ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བའི་ལྟུང་བྱེད། 44.གཅེར་བུ་ལ་ཟས་བྱིན་པའི་ལྟུང་བྱེད། 45.དམག་ལ་ལྟ་བའི་ལྟུང་བྱེད། 46.དམག་གི་ནང་དུ་གནས་པའི་ལྟུང་བྱེད། 47.བཤམས་པ་དཀྲུགས་པའི་ལྟུང་བྱེད། 48.རྡེག་པའི་ལྟུང་བྱེད། 49.བརྡེག་པར་གཟས་པའི་ལྟུང་བྱེད། 50.གནས་ངན་ལེན་འཆབ་པའི་ལྟུང་བྱེད། 51.ཟན་གཅོད་དུ་འཇུག་པའི་ལྟུང་བྱེད། 52.མེ་ལ་རེག་པའི་ལྟུང་བྱེད། 53.འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད། 54.ནུབ་ལྷག་པོར་ཉལ་བའི་ལྟུང་བྱེད། 55.སྡིག་ལྟ་མི་གཏོང་བའི་ལྟུང་བྱེད། 56.སྤངས་པ་རྗེས་སུ་ཕྱོགས་པའི་ལྟུང་བྱེད། 57.དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད། 58.གོས་ཁ་མ་བསྒྱུར་བ་གྱོན་པའི་ལྟུང་བྱེད། 59.ལོངས་པ་སྟེ་རྒྱགས་པའི་གཞིར་གཏོགས་རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད། 60.ཁྲུས་བྱེད་པའི་ལྟུང་བྱེད། 61.དུད་འགྲོ་གསོད་པའི་ལྟུང་བྱེད། 62.འགྱོད་པ་སྐྱེད་པའི་ལྟུང་བྱེད། 63.གག་ཚིལ་བྱེད་པའི་ལྟུང་བྱེད། 64.ཆུ་ལ་རྩེ་བའི་ལྟུང་བྱེད། 65.བུད་མེད་དང་ལྷན་ཅིག་ཏུ་ཉལ་བའི་ལྟུང་བྱེད། 66.དངངས་པར་བྱེད་པའི་ལྟུང་བྱེད། 67.སྦེད་པའི་ལྟུང་བྱེད། 68.མ་བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད། 69.སྐུར་པ་འདེབས་པའི་ལྟུང་བྱེད། 70.བུད་མེད་དང་ལྷན་ཅིག་ཏུ་འགྲོ་བའི་ལྟུང་བྱེད། 71.རྐུན་པོ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད། 72.ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད། 73.ས་རྐོ་བའི་ལྟུང་བྱེད། 74.མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད། 75.བསླབ་པ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད། 76.ཉན་རྣ་བྱེད་པའི་ལྟུང་བྱེད། 77.མི་སྨྲ་བར་འགྲོ་བའི་ལྟུང་བྱེད། 78.མ་གུས་པའི་ལྟུང་བྱེད། 79.ཆང་འཐུང་བའི་ལྟུང་བྱེད། 80.དུས་མིན་ཕྱི་དྲོ་གྲོང་དུ་འཇུག་པའི་ལྟུང་བྱེད། 81.གྲོང་དུ་རྒྱུ་བའི་ལྟུང་བྱེད། 82.རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད། 83.ཁྱད་དུ་གསོད་པའི་ལྟུང་བྱེད། 84.ཁབ་རལ་བྱེད་པའི་ལྟུང་བྱེད། 85.ཁྲི་རྐང་འཆོས་པའི་ལྟུང་བྱེད། 86.ཤིང་བལ་གྱིས་གོས་པར་བྱེད་པའི་ལྟུང་བྱེད། 87.གདིང་བ་ཚད་ལྷག་བྱེད་པའི་ལྟུང་བྱེད། 88.གཡན་པ་དགབ་པ་ཚད་ལས་ལྷག་པའི་ལྟུང་བྱེད། 89.དབྱར་གྱི་གོས་རས་ཆེན་ཚད་ལས་ལྷག་པའི་ལྟུང་བྱེད། 90.ཆོས་གོས་ཚད་ལས་ལྷག་པའི་ལྟུང་བྱེད་དང་དགུ་བཅུའོ། ། ས་བོན་གྱི་སྐབས་ས་བོན་ནི་མང་དུ་ཡོད་དེ། (1)རྩ་བའི་ས་བོན་ལ་བུག་ཉུང་མ་ལྟ་བུ། (2)སྡོང་པོའི་ས་བོན་ལྕམ་པ་ལྕང་མ་ལྟ་བུ། (3)གོང་བུའི་ས་བོན་ཁམ་བུ་སྟར་ཀ་ལྟ་བུ། (4)གས་པའི་ས་བོན་ཨརྫ་ཀ་སྟེ་ལྕམ་པིའི་འབྲས་བུ་ལྟ་བུ། (5)འབྲུ་ཡི་ས་བོན་ནས་གྲོ་སྲན་མ་ལྟ་བུའོ། ། ཞེས་དང་། དབེན་པའི་སྐབས། དབེན་པ་དུ་མ་ཡོད་དེ། ། (1)ཁང་པའི་སྐྱབས། (2)རྩིགས་པའི་སྐྱབས། (3)རིབ་མའི་སྐྱབས། (4)ཡོལ་བའི་སྐྱབས། (5)རྩི་ཤིང་ནགས་ཚལ་ཐིབས་པོའི་སྐྱབས། (6)མཚན་མོ་མུན་པའི་སྐྱབས་སོགས་ཤིན་ཏུ་མང་ངོ། ། (གོང་དུ་འདུལ་བ་ཅ་པ་ལས་བྱུང་བ་དང་སྐབས་འགར་མི་འདྲ་བས་སྐབས་འདིར་གསུངས་པ་ ཡང་ཆ་ཚང་བཀོད་པ་ལགས་སོ། །)

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་502.2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number