11456
Tibetan | བསླབ་པའི་ཆོས་སམ་དེ་ལས་ལྡོག་ན་ཉེས་བྱས་སུ་འགྱུར་བ་བརྒྱ་དང་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ལྟུང་བ་སྡེ་ལྔའི་ནང་གསེས་ཏེ། ཤམ་ཐབས་ལ་ནི་རྣམ་པ་བཅུ་ནི། ། གླང་སྣ་ལྟར་ནར་ལྟེབ་ཕུར་སྦྲུལ་སྒོ་ཡི། ། གདེངས་ཀ་ལྟར་སོགས་ཤམ་ཐབས་རྣམ་པ་བདུན། ། བླུམ་པོར་མ་བགོས་བརྩེངས་འཇོལ་སྟོད་གཡོགས་གསུམ། སྤྱོད་ཡུལ་འགྲོ་བ་ཉི་ཤུ་ནི། དྲན་ཤེས་མ་བསྡམས་ཆོས་གོས་ཚུལ་བཞིན་དུ། ། མ་བགོས་འདུ་འཛི་ཅ་ཅོ་ཕྱར་གཡེང་བལྟ། ། གཉའ་ཤིང་གང་ཙམ་མི་ལྟ་ཉེས་བྱས་ལྔ། ། མགོ་གཡོགས་ཆོས་གོས་བརྗེས་དང་ཕྲག་གཉིས་གཟེར། ། ལག་གཉིས་གཉའ་དང་ལྟག་པར་བསྣོལ་བ་ལྔ། ། མཆོང་དང་བརྐྱང་བསྐུམས་ཙོག་པུ་བྲང་གི་འགྲོ། ། གྲུ་བརྒྱངས་འགྲོ་དང་ལྔ་འོ་མགོ་བོ་བསྒྱུར། ། ལུས་བསྒྱུར་ལག་དབྱུགས་དཔུང་སྤྲད་ལག་སྦྲེལ་འགྲོ། ། སྟན་ལ་འདུག་པའི་ཚུལ་དགུ་ནི། ཁྱིམ་པས་མ་བསྐོས་མ་བརྟགས་སྐྱིད་ཕབ་བསྡད། ། རྐང་སྟེང་རྐང་པ་བརླ་སྟེང་བརླ་དང་ནི། ། ལོང་སྟེང་ལོང་བུ་ཁྲི་འོག་རྐང་པ་བཅུག ། རྐང་པ་སོ་སོར་བརྐྱང་དང་འདོམས་སྣང་བ། ། འདུག་པའི་ཉེས་པོ་རྣམ་པ་དགུར་གསུངས་སོ། ། ཟས་ལེན་ཚུལ་བརྒྱད་ནི། ལེགས་པར་མ་བླངས་མུ་དང་ཁ་ད་ཆད། ། འབྲས་ཆན་ཚོད་མ་མཉམ་བླངས་མཐར་ཆགས་མིན། ། ཡིད་མ་གཏད་པར་བླངས་དང་བཟའ་བཅའ་ནི། ། མ་འོངས་ལྷུང་བཟེད་བཟེད་དང་འབྲས་ཆན་དང་། ། ཚོད་མ་ཅི་རིགས་ལྷག་འདོད་ཕན་ཚུན་འགེབ། ། ཟས་སྟེང་ལྷུང་བཟེད་བཟེད་དང་རྣམ་པ་བརྒྱད། ། ཁ་ཟས་སྤྱོད་ཚུལ་ཉེར་གཅིག་ནི། ཚུལ་མཐུན་མ་ཟོས་ཧ་ཅང་ཁམ་ཆུང་ཆེས། ། རན་མིན་ཟས་མ་འོངས་པར་གདངས་བཀང་སྨྲ། ། འདི་རྣམས་ལེགས་སྤྱོད་ཉམས་པའི་ཉེས་བྱས་དྲུག ། ཙུག་ཙུག་ཅག་ཅག་ཧུ་ཧུ་ཕུ་ཕུ་དང་། ། ལྕེ་ཕྱིར་ཕྱུང་སྟེ་ཟ་བའི་ཉེས་བྱས་ལྔ། ། འབྲུ་ནི་རེ་རེ་ནས་ཟ་ཟས་ལ་འཕྱ། ། མཁུར་བ་གཡས་གཡོན་སྤོ་དང་རྐན་སྒྲ་ཏོག ཁོམ་འཕྲོ་བཅད་དང་ཟ་བ་རྣམ་པ་ལྔ། ། བལྡག་དང་འབྱོག་དང་ལག་སྤྲུག་ལྷུང་བཟེད་སྐྱོམ། ། མཆོད་རྟེན་འདྲ་བའི་ཟས་གཞོམ་རྣམ་པ་ལྔ། ། ལྷུང་བཟེད་སྤྱོད་ཚུལ་བཅུ་བཞི་ནི། གཞན་གྱི་ལྷུང་བཟེད་ལ་འཕྱི་ཟས་གོས་པའི། ། ལག་པས་ཆུ་སྣོད་རེག་དང་ཟོས་བཅས་ཆུས། ། དགེ་སློང་ལ་ཐོར་ཁྱིམ་བདག་མ་དྲིས་པས། ། ཅི་བདེར་སྦགས་ཆུ་འདོར་དང་རྣམ་པ་བཞི། ། ལྷག་མ་ནང་བླུགས་གཞི་མེད་གད་གཡང་དཀོན། ། གཟར་པོར་འཇོག་དང་འགྲེང་དང་དེ་གསུམ་དུ། ། བྱི་དོར་བྱས་དང་རྒྱུན་ཕྱོགས་བཟློག་བྱས་ནས། ། ཆུ་བཅུ་ལྷུང་བཟེད་ལ་བརྟེན་བཅུ་ཕྲག་གཅིག ཆོས་སྟོན་ཚུལ་དྲུག་ནི། འདུག་འགྲེང་ཉལ་སྟན་མཐོ་བཟང་མདུན་ལམ་དབུས། ། མགོ་གཡོགས་བརྗེས་གཟར་ལག་གཉིས་གཉའ་ལྟག་བསྣོལ། ། དོ་ཀེར་ཅན་དང་ཞྭ་གྱོན་ཅོད་པན་དང་། ། ཕྲེང་བ་ཅན་དང་ཐོད་དཀྲིས་རྟ་གླང་ཞོན། ། ཁྱོགས་ལྷམ་འཁར་གདུགས་མཚོན་རལ་དགྲ་ཆ་ཐོགས། གོ་ཆ་གྱོན་པ་རྣམས་ལ་ཆོས་བཤད་པ། ། དེ་དག་ཉེས་བྱས་དྲུག་ལྷག་བཅུ་ཕྲག་གཉིས། ། སྒྲུབ་པའི་ཚུལ་གསུམ་ནད་མེད་པ་ནི། འགྲེང་དང་ཕྱོགས་ཀུན་ཆུ་དང་རྩྭ་སྔོན་གྱིས། ། ཁེབས་སོགས་མ་གཏོགས་དེར་ནི་བཤང་གཅི་འདོར། རྒྱུ་བ་གཅིག་ནི། ། དགོས་མེད་འདོམས་གང་ཚད་ལས་མཐོ་བ་ཡི། ། ཤིང་ལ་འཛེགས་པར་མ་གནང་ཉེས་བྱས་གསུངས། ། ཞེས་གསུངས་སོ། ། ཞེས་གསུངས་པ་ཞིབ་པར་བཀྲལ་ན་འདི་ལྟ་སྟེ།
1.གོས་བགོ་བའི་སྡེ་བཅུ་ནི། (1)ཤམ་ཐབས་མཐོ་དམན་པའི་ཟླུམ་པོར་བགོ་བ། (2)ཧ་ཅང་ཐུང་ནས་བརྩེངས་པ། (3)རིང་ནས་འཇོལ་བ། (4)མས་སྣ་གླང་ཆེན་སྣ་ལྟར་ཕྱོགས་སུ་འཕྱང་བ། (5)གོང་ནས་ཏཱ་ལའི་ལོ་མ་བཞིན་དུ་བལྟེབ་པ། (6)སྐ་རགས་བར་ནས་འཕུར་མ་བཞིན་དུ་འབུར་བ། (7)སྐ་རགས་གོང་དུ་སྦྲུ་ལ་མགོའི་གདེངས་ཀ་ལྟར་མཐོ་དམན་ཅན་རྣམས་ནམ་ཡང་མི་བྱ་བ། (8)སྣམ་སྦྱར་བླ་གོས་ཟླུམ་པོར་བགོ་བ། (9)ཧ་ཅང་རིང་བ། (10)ཧ་ཅང་ཐུང་བ་མིན་པའོ། ། 2.སྤྱོད་ཡུལ་འགྲོ་བ་ཉི་ཤུ་ནི། (1)དྲན་དང་ཤེས་བཞིན་ལུས་ངག་ཡོངས་སུ་བསྡམ་པ། (2)གོས་ཚེགས་ལེགས་པར་བགོ་བ། (3)ཅ་ཅོ་བསྐྱུང་བ། (4)མིག་མི་གཡེང་བ། (5)མིག་གཉའ་ཤིང་གང་ཙམ་བལྟ་བ། (6)མགོ་བོ་མི་གཏུམས་པ། (7)ཤམ་ཐབས་བརྫེ་བར་མི་བྱེད་པ། (8)བླ་གོས་ཕྲག་པ་གཉིས་ཀར་གཟར་བ་མིན་པ། (9)ལག་གཉིས་མདུན་ནས་གཉའ་བར་བསྣོལ་བ། (10)རྒྱབ་གཉིས་ལྟག་པར་བསྣོལ་ཏེ་འགྲོ་བར་མི་བྱ་བ། (11)མཆོངས་ནས་འགྲོ་བར་མི་བྱ་བ། (12)གོས་བརྒྱངས་ནས་འགྲོ་བར་མི་བྱ་བ། (13)རྐང་པའི་རྟིང་པ་བཙུགས་ནས་མི་འགྲོ་བ། (14)རྐང་པའི་བྲང་ཁ་ཁོ་ན་བཙུགས་ནས་མི་འགྲོ་བ། (15)ལག་པ་དཀུར་བརྟེན་གྲུ་རྒྱངས་བཅས་ཏེ་མི་འགྲོ་བ། (16)ལུས་ཉིད་ཀྱོག་པོར་མི་བསྒྱུར་བ། (17)ལག་པ་མི་གཡོབ་པ། (18)མགོ་བོ་མི་བསྒྱུར་བ། (19)གཞན་དང་ཕྲག་པ་སྤྲོད་དེ་མི་འགྲོ་བ། (20)ཕན་ཚུན་ལག་པ་སྦྲེལ་ནས་མི་འགྲོ་བའོ། ། 3.སྟན་ལ་འདུག་པའི་ཚུལ་དགུ་ནི། (1)ཁྱིམ་བདག་སོགས་ཀྱིས་བསྡད་པར་མ་བགོས་པ། (2)སྟན་ལ་སྲོག་ཆགས་ཡོད་མེད་མ་བརྟགས་པ། (3)ལུས་ཀྱི་ལྗིད་བསྐྱུར་བ། (4)རྐང་པ་བསྣོལ་ཏེ་བརྐྱང་བ། (5)བརླ་གཉིས་བརྩེགས་པ། (6)ལོང་བུ་བརྩེགས་པ། (7)ཁྲི་འོག་རྐང་པ་བཀུག་པ། (8)རྐང་པ་གཉིས་གདངས་ཏེ་བགྲད་པ། (9)འདོམས་བར་བསྟན་པའི་སྐྱོན་དང་དགུ་སྤངས་ནས་འདུག་པའོ། ། ཞར་བྱུང་བསླབ་བྱ་ལག་པས་འགྲམ་མི་བརྟེན། ། རྒྱབ་ཏུ་འདུག་སྟན་ཁུར་ནས་མི་འགྲོའོ། ། 4.ཟས་ལེན་ཚུལ་བརྒྱད་ནི། (1)ཟས་རྣམས་ལྷུང་བཟེད་ཁ་ལས་མཐོར་མི་ལེན་པ། (2)འབྲས་ཆན་ཚོད་མ་མང་ཉུང་མཉམ་པར་ལེན་པ། (3)གྲལ་རིམ་མཐར་ཆགས་སྔ་ཕྱི་མེད་པར་ལེན་པ། (4)བླང་ཚེ་མི་གཡེང་བ་ལྷུང་བཟེད་ལ་མིག་གིས་ལྟ་བ། (5)ཟས་མ་བྱུང་བར་ལྷུང་བཟེད་མི་བཟེད་པ། (6)ཚོད་མ་འདོད་ནས་འབྲས་ཆེན་འགེབ་པ། (7)འབྲས་ཆན་འདོད་ནས་ཚོད་མ་འགེབ་པར་མི་བྱ་བ། (8)བཟའ་བཅའི་སྟེང་དུ་སྣོད་གཞན་མི་བཟེད་པ་དང་བརྒྱད་དོ། ། 5.ཁ་ཟས་སྤྱོད་ཚུལ་ཉེར་གཅིག་ནི། (1)སྤྱོད་ལམ་མི་ལེགས་པ་ཡིས་བཟའ་བར་མི་བྱ་བ། (2)ཁམ་ཚད་ཧ་ཅང་ཆེ་བ་མིན་པ། (3)ཁམ་ཚད་ཧ་ཅང་ཉུང་བ་མིན་པ། (4)འཇིག་རྟེན་དང་མཐུན་པར་རན་པར་བཟའ་བར་བྱ་བ། (5)ཁ་སྒོར་མ་སླེབ་བར་དུ་ཁ་མི་གདངས་པ། (6)ཁ་ནང་ཟས་ཀྱིས་གང་ནས་གཏམ་མི་སྨྲ་བ། (7)མི་ཞིམ་པར་ཙུག་ཙུག (8)ཞིམ་ལ་ཅག་ཅག (9)གྲང་ལ་ཧུ་ཧུ། (10)ཚ་མོར་ཕུ་་མི་བྱ་བ། (11)ཁ་ཡི་ཕྱི་རོལ་ལྕེ་ཕྱུང་བཟའ་བར་མི་བྱ་བ། (12)ཆན་སོགས་འབྲུ་མ་རེ་རེར་འཐུ་བ། (13)ཟས་ལ་འཕྱ་སྨོད་བྱེད་པ། (14)མཁུར་བ་གཡས་གཡོན་སྤོ་བ། (15)རྐན་སྒྲ་ཏོག་པ། (16)ཁམ་འཕྲོ་སོ་ཡིས་གཅོད་པ། (17)ལག་པ་སྣོད་དུ་འགོས་པ། (18)ལྕེ་ཡིས་ལྡག་པ། (19)ལག་པར་ཟས་ཀྱིས་འགོས་པ་སྤྲུགས་པ། (20)ལྷུང་བཟེད་ཟས་དང་བཅས་པ་སྐྱོམ་སྐྱོམ་བྱེད་པ། (21)ཟས་ལ་མཆོད་རྟེན་དབྱིབས་བཅོས་ནས་བཟའ་བ་རྣམས་སྤོང་བའོ། ། 6.ལྷུང་བཟེད་སྤྱོད་ཚུལ་བཅུ་བཞི་ནི། (1)དགེ་སློང་གཞན་གྱི་ལྷུང་བཟེད་ལ་འཕྱས་མི་གདགས་པ། (2)ལག་པ་ཟས་སྦགས་ཆུ་སྣོད་ལ་མི་རེག་པ། (3)གཞན་ལ་ཟས་དང་བཅས་པའི་ཆུ་མི་འཐོར་བ། (4)ཟས་དང་བཅས་པའི་འཁྲུད་ཆུ་ཁྱིམ་གཞན་འཕོ་བར་མི་བྱ་བ། (5)ཟས་ཀྱི་ལྷག་མ་ལྷུང་བཟེད་ནང་མི་བླུག་པ། (6)ལྷུང་བཟེད་འོག་སྟེགས་མེད་པར་ས་རྗེན་ལ་མི་འཇོག་པ། (7) གཡང་སར་མི་འཇོག་པ། (8)གད་ཁར་མི་འཇོག་པ། (9)དཀན་གཉེར་གཟར་ལ་མི་འཇོག་པ། (10)གད་ཁར་མི་བཀྲུ་བ། (11)གཡང་སར་མི་བཀྲུ་བ། (12)དཀན་གཉེར་གཟར་མི་བཀྲུ་བ། (13)འགྲེང་བཞིན་དུ་ལྷུང་བཟེད་མི་བཀྲུ་བ། (14)འབབ་ཆུའི་རྒྱུན་ལས་བཟློག་སྟེ་དེ་ཡིས་ཆུ་མི་བཅུ་བ་དང་བཅུ་བཞིའོ། ། 7.ཆོས་སྟོན་ཚུལ་ཉེར་དྲུག་ནི། (1)ཉན་པོ་མི་ན་བཞིན་དུ་འདུག་པ་ལ་རང་ཉིད་འགྲེངས་ཏེ་ཆོས་འཆད་པ། (2)ཉལ་བར་ཆོས་འཆད་པ། (3)ཁྲི་སྟན་ཆེ་མཐོར་འདུག་པ་ལ་ཆོས་འཆད་པ། (4)མདུན་ནས་འགྲོ་བ་ལ་རྒྱབ་ནས་ཆོས་འཆད་པ། (5)དབུས་ནས་འགྲོ་བར་མདུན་ནས་ཆོས་འཆད་པ། (6)མགོ་གཡོགས་པ། (7)གོས་བརྗེས་པ། (8)བླ་གོས་ཕྲག་པ་གཉིས་ལ་གཟར་བ། (9)ལག་པ་གཉལ་གོང་བསྣོལ་བ། (10)ལྟག་པར་བསྣོལ་བ། (11)ཐོར་ཚུགས་བཅིངས་པ། (12)ཞྭ་མོ་གྱོན་པ། (13)ཅོད་པན་བཏགས་པ། (14)མེ་ཏོག་ཕྲེང་བ་བཏགས་པ། (15)དར་སོགས་ཐོད་ཀྱིས་དཀྲིས་པ། (16)གླང་ཆེན་ལ་ཞོན་པ། (17)རྟ་ལ་ཞོན་པ། (18)ཁྱོགས་ལ་ཞོན་པ། (19)བཞོན་པར་འདུག་པ། (20)མཆིལ་ལྷམ་གྱོན་པ། (21)ལག་ན་འཁར་བ་ཐོགས་པ། (22)གདུགས་ཐོགས་པ། (23)མཚོན་ཆ་ཐོགས་པ། (24)རལ་གྲི་ཐོགས་པ། (25)མདའ་གཞུ་ཐོགས་པ། (26)གོ་ཆ་གྱོན་པ་བཅས་ལ་ཆོས་བཤད་པར་མི་བྱ་བའོ། ། 8.སྒྲུབ་པའི་ཚུལ་གསུམ་ནད་མེད་པ་ནི། (1)འགྲེང་བཞིན་པར་བཤང་གཅི་མི་འདོར་བ། (2)ཕྱོགས་ཀུན་ཆུ་དང་། རྩྭ་སྔོན་གྱིས་ཁེབས་པ་མ་གཏོགས་རྩྭ་སྔོན་ནང་བཤང་གཅི་མི་འདོར་བ། (3)ཆུ་ལ་མཆིལ་སྣབས་དང་སྐྱུག་པ་སོགས་ཀྱང་འདོར་བར་མི་བྱའོ། ། 9.རྒྱུ་བ་གཅིག་ནི། དགོས་པ་མེད་པར་འདོམས་གང་ཚད་ལས་མཐོ་བའི་ཤིང་ལ་འཛེག་པར་མི་བྱེད་པའོ། ། |
Tibetan Source | ཉེས་བྱས་ཀྱི་སྡོམ་ནི《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་503.18ལས་བཏུས་ཤིང་། ཞིབ་ཕྲའི་དབྱེ་བ་ནི་དཔྱད་གཞི་གཞན་ལ་ཡང་གོ་བསྡུར་ཏེ་གོ་བདེར་བཀོད་པའོ། ། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |