11468
Tibetan | མདོ་ཁམས་སྟོད་དུ་དར་བའི་དགེ་ལྡན་པའི་དགོན་སྡེ་བརྒྱ་དང་སུམ་ཅུ་རྩ་གཉིས། |
---|---|
Tibetan Alternate | |
Tibetan Definition | 1.ཆབ་མདོ་བྱམས་པ་གླིང་ནི། འཇམ་མགོན་བླ་མ་བཙོང་ཁ་པ་ཆེན་པོའི་དངོས་སློབ་ཆོས་རྗེ་ཤེས་རབ་བཟང་པོས་རབ་བྱུང་བདུན་པའི་ཤིང་བྱ་དང་མེ་སྦྲུལ་གཉིས་ཚོམ་བྱུང་ཡང་གྲགས་ཆེ་བ་ཕྱི་མའི་ལོ་ལ་བཏབ། ཚོགས་པ་སྟོང་ཕྲག་གཅིག་དང་ཉིས་བརྒྱ་སྐོར།
2.ཆབ་མདོའི་དགོན་ལག་རྫོང་གློ་དགོན་ནི། གནས་པོ་བཏབ། དགེ་འདུན་སྐོར། 3.ཆབ་མདོའི་དགོན་ལག་རོ་ཁྲུ་ཕུའི་དགོན་ནི། རྗེ་དྲུང་ཤེས་རབ་དབང་པོའི་སློབ་མ་རྒྱ་ར་ཤེས་རབ་ཕུན་ཚོགས་ཀྱིས་བཏབ། དགེ་འདུན་བརྒྱད་ཅུ་སྐོར། 4.ཆབ་མདོའི་དགོན་ལག་གཡོ་མདའ་དགོན་ནི། ཐོག་མ་སུས་བཏབ་དང་བླ་རབས་མ་བྱུང་། དགེ་འདུན་བཞི་བཅུ་སྐོར། 5.ཆབ་མདོའི་དགོན་ལག་ས་སྒང་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་གྱིས་བཏབ། དགེ་འདུན་བརྒྱ་དང་ཉི་ཤུ་སྐོར། 6.ཆབ་མདོའི་དགོན་ལག་རྨོ་མདའ་དགོན་ནི། འཛམ་མགོན་ཆོས་ཀྱི་རྒྱལ་པོའི་སློབ་མ་ཟླ་བ་གྲགས་པས་ཉ་ཁམས་དགོན་ཞེས་བཏབ་ཀྱང་ལོག་སྨོན་རྣམ་པར་བདོ་བའི་བསྟན་དགྲ་བེ་རི་དོན་ཡོད་ལ་བརྟེན་ནས་སྟོངས་པ་ཞི་བ་བཟང་པོས་རྨོ་མདར་སྤོས། དགེ་འདུན་བརྒྱ་དང་ཉི་ཤུ་སྐོར། 7.ཆབ་མདོའི་དགོན་ལག་གྱང་སྟོད་དགོན་ནི། སྔར་ཀར་ལུགས། ཕྱིས་ཞལ་སྔ་བཀའ་བརྒྱུད་དུ་འགྱུར་ཞིང་གསང་འཇིགས་སོགས་དགེ་ལུགས་ཀྱི་ཆོས་སྤྱོད་འདོན་པར་གྲགས། 8.ཆབ་མདོའི་དགོན་ལག་གཏེར་ཡོ་དགོན་ནི། སྔར་སུས་བཏབ་དང་བླ་རབས་མ་བྱུང་། དགེ་འདུན་ཉི་ཤུ་སྐོར། 9.ཆབ་མདོའི་དགོན་ལག་རྫོང་ཁ་དགོན་ནི། དགེ་འདུན་ཉི་ཤུ་སྐོར། 10.སྤོ་བོ་ཆུ་མདོ་དགོན་ནི། རྩ་བའི་དགོན་པ་མགར་དམ་པས་རྨང་བཏིང་བ་ཕུ་ལུང་དུ་གྲགས། དེ་རྗེས་ཆུ་མོ་ཕག་གི་ལོ་ལ་འཕགས་པ་ལྷས་སྤོ་སྟོད་དང་ཡར་ལུང་གི་ཆུ་གཉིས་འདུས་པའི་མདོར་ཆོས་སྡེ་འདི་ཉིད་ས་གཞི་ལེགས་བཏིང་བས་སྤོ་བོ་ཆུ་མདོར་གྲགས། དགེ་འདུན་བདུན་བརྒྱ་སྐོར། 11.དཔག་ཤོད་དགའ་ལྡན་བསམ་གྲུབ་གླིང་དགོན་ནི། གཞོན་ནུ་དཔག་ཤོད་དུ་བླ་མ་རྒྱལ་མཚན་སེང་གེས་བཏབ། དགེ་འདུན་སུམ་བརྒྱ་སྐོར། 12.སྤོ་བོ་ཆོས་རྫོང་དགོན་ནི། མཚུངས་མེད་ཆོས་རྗེ་རྒྱལ་མཚན་བཟང་པོའི་སློབ་མ་ཆོས་གྲགས་པས་བཏབ། དགེ་འདུན་ཕྱེད་ཉིས་བརྒྱ་སྐོར། 13.སྤོ་བོ་གསུམ་འཛོམ་དགོན་ནི། འབྲུ་ལ་བ་བྱང་ཆུབ་རྒྱལ་མཚན་གྱིས་བཏབ། དགེ་འདུན་བརྒྱ་དང་སུམ་ཅུ་སྐོར། 14.དཔག་ཤོད་གནས་ཐང་དགོན་ནི། ལྷོ་པ་རྒྱལ་མཚན་སེང་གེས་བཏབ། དགེ་འདུན་བཞི་བཅུ་སྐོར། 15.གུང་རུ་དཔལ་འབར་ནི། རྗེ་བླ་མའི་ཡང་སྲིད་གོང་མ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའམ་འཁོན་སྟོན་བློ་གློས་རྒྱལ་མཚན་དཔལ་བཟང་པོ་ཤར་རྒྱལ་པོའི་ཏི་ཤིར་བྱོན་སྐབས་ཞལ་བཀོད་ནང་ནས་གཙུག་ལག་ཁང་ཀུན་དགའ་ར་བ་དང་བཅས་བཏབ་ཅིང་། དཔལ་ལྡན་ས་སྐྱ་པའི་ཆོས་རྒྱུད་བཟུང་ནས་བླ་རབས་ཁ་ཤས་བར་སོང་བའི་ཚེ་གུང་རུ་རིན་ཆེན་བྱང་ཆུབ་པས་འཇམ་མགོན་བླ་མའི་རིང་ལུགས་རྨ་མེད་པ་འདི་ཉིད་ལ་ལྕགས་དང་གསེར་འགྱུར་གྱི་དཔེ་བཞིན་ལེགས་པར་བརྒྱུར། གྲྭ་པ་བརྒྱ་དང་སུམ་ཅུ་སྐོར། 16.གུང་རུ་ཆོས་སྡེ་པུསྟི་མ་ནི། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་དཔལ་གྱི་ཞལ་སློབ་དྲུང་རམས་པ་བསྟན་པའི་ཉི་མར་གྲགས་པས་ཐོག་མར་སེང་གེ་སྒང་དུ་མདོ་སྔགས་ཤུང་འབྲེལ་གྱི་གྲྭ་ཚང་བཙུགས། གྲྭ་པ་བརྒྱ་དང་ལྔ་བཅུ། 17.བྱ་ཕུད་མདོ་སྔགས་དར་རྒྱས་གླིང་ནི། རོང་པོ་འབྲིང་ཚང་པ་གོ་ལས་ཕྱོགས་དེར་བཀའ་བརྒྱུད་པའི་བྱ་བྲལ་མང་པོ་ཡོད་པ་ཕུད་དེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་རིང་ལུགས་པ་བསྟན་པ་དཔལ་གྲུབ་སྤྱི་བོར་བཀུར་ནས་ཆོས་སྡེ་འདི་བཏབ། དགེ་འདུན་བརྒྱ་དང་བཅུ་སྐོར། 18.རྫི་ཐོ་དགོན་ནི། ས་དགེ་འགལ་མེད་ཀྱི་རིང་ལུགས་འཆང་བ་རཏྣའི་མཚན་ཅན་གྱིས་བཏབ། དགེ་འདུན་ཕྱེད་སུམ་བརྒྱ་སྐོར། 19.ངོ་འདུ་དགོན་ནི། རྒྱ་ར་བ་སངས་རྒྱས་ཡེ་ཤེས་ཀྱིས་བཏབ། དགེ་འདུན་བརྒྱ་དང་སུམ་ཅུ་སྐོར། 20.ཆོས་ཁྲི་ཐང་དགོན་ནི། རོང་པོ་ཆུང་ཚང་གིས་སྦྱིན་བདག་བྱས་ཏེ་འཕགས་པ་ལྷས་བཏབ། དགེ་འདུན་ལྔ་བཅུ་སྐོར། 21.ཇུ་ཤོད་དར་རྒྱས་དགོན་ནི། ཆབ་མདོའི་མཁན་ཐོག་བཅུ་པ་རྗེ་དྲུང་ཤེས་རབ་དབང་པོས་བཏབ། དགེ་འདུན་བརྒྱ་སྐོར། 22.དབྱར་ལྷས་དགོན་ནི། སློབ་དཔོན་གཞོན་ནུ་འོད་ཟེར་གྱིས་བཏབ། དགེ་འདུན་བཞི་བཅུ་སྐོར། 23.སྣ་ཁོ་དགོན་ནི། སྔོན་ས་སྐྱ་པའི་དགོན་རོ་ཞིག་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དངོས་སློབ་ཆབ་མདོའི་མཁན་ཐོག་བཅུ་པ་རྗེ་དྲུང་ཤེས་རབ་དབང་པོས་ཉམས་གསོ་མཛད་དེ་ཅི་བསམས་དགོན་དུ་བཏགས། དགེ་འདུན་སུམ་ཅུ་སྐོར། 24.ལ་ཁ་དགོན་ནི། རྗེ་དྲུང་ཤེས་རབ་དབང་པོའི་སློབ་བུ་བསུ་རོང་པ་བཀྲ་ཤིས་རབ་བརྟན་གྱིས་བཏབ། འཕགས་པ་ལྷ་སྐྱེ་འཕྲེང་གཉིས་པས་དགོན་མིང་རི་བོ་ཆོས་འཕེལ་དུ་བཏགས། དགེ་འདུན་སུམ་ཅུ་སྐོར། 25.ཀྱི་རོག་སྣང་ཁ་དགོན་ནི། ཀྱི་རིན་ཆེན་སྒང་ཞེས་ལོ་རྒྱུས་རྙིང་པ་འགར་བྱུང་ནའང་སྟོངས་པའམ་མིང་དོན་ངོ་མ་འཕྲོད་པ་ཇི་ལྟར་ཡིན་རུང་ད་ལྟ་འདི་ཡིན་མ་བྱུང་། 26.སྟག་རྩེ་དགོན་ནི། ལྷ་སྟག་དཔལ་གསུམ་སོགས་ཀྱི་སྐབས་དར་རྒྱས་ཙམ་བྱུང་འདྲ་ཡང་། མདང་ནང་དཔལ་འབར་ནང་སོའི་མི་སེར་ཁྱིམ་པ་ཤ་སྟག་འདུག ། 27.ཟུར་ལྕམ་དགོན་ནི། དྲུང་དཔལ་གྲུབ་བཟང་པོས་བཏབ། དགེ་འདུན་བཅོ་ལྔ་སྐོར། 28.གླིང་ལིང་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་སློབ་མ་ཞང་ཞུང་པ་ཆོས་དབང་གྲགས་པས་བཏབ། དགེ་འདུན་བཞི་བཅུ་སྐོར། 29.ར་ཚག་དགོན་ནི། ཀར་དགོན་ཚ་རག་དགོན་ཡིན་ཚུལ་དང་། འགའ་ཞིག་ནས་དཔལ་འབར་དང་དོན་གཅིག་ཟེར་མི་སྣང་ཡང་། མཁར་ལོ་དཔལ་འབྱོར་རྒྱ་མཚོས་ཆོས་འབྱུང་བསྒྲིགས་སྐབས་ཚ་རག་དགོན་ཀར་ལུགས་ཤ་སྟག་དང་། གུང་རུ་དཔལ་འབར་གྲགས་ཆེ་ཞིང་ལོ་ཙཱ་བ་རང་ངོས་ཀྱི་བྱོན་པ་བཅས་འཁྲུལ་གཞི་དེ་ཙམ་ཡོང་དོན་མི་འདུག་ཅིང་། ཆོས་འབྱུང་དུ་དགོན་འདེབས་པ་པོ་རྗེ་དྲུང་ཤེར་དབང་། ས་ཡུལ་རྡོ་ཤོད་དུ་ཡོད་པར་བྱས་འདུག་པས། དོན་ཁམས་དབུས་ཀྱི་སྐད་བརྡ་ཅུང་ཟད་མ་གཅིག་པའི་ཚིག་ཟུར་ཕྲན་བུ་ཉམས་པ་ལས། དེང་སང་རྡོ་ཤོད་སྲིབས་བརྒྱུད་དུ་ཡོད་པའི་དགེ་དགོན་རྙིང་པ་ཡུལ་སྐད་དུ་ར་ཐག་ཟེར་བ་འདི་ཡིན། དགེ་འདུན་བཞི་བཅུ་སྐོར། 30.རོང་པོ་དགོན་ནི། ཟླ་དཀར་སྟོང་དཔོན་གྱིས་སྦྱིན་བདག་བྱས་ཏེ་རྗེ་དྲུང་ཤེས་རབ་དབང་པོས་བཏབ་པ་ཡིན་ཀྱང་། ཡུན་ཧ་ཅང་མ་ལོན་པ་ནས་སྟོང་དཔོན་གྱིས་མངའ་རིས་རྣམས་བོན་ལུགས་ཀར་རུ་བས་བདག་པའི་རྐྱེན་ལས་དེང་སང་མི་ནག་གི་གྲོང་དུ་སོང་། 31.དབྱར་མ་དགོན་ནི་སྔར་གུང་རུའི་ས་ཁོག་ཏུ་ཡོད་ངེས་ཡིན་འདུག་ཀྱང་ཕྱིས་དེ་འཕྲོད་པ་མ་བྱུང་། 32.དགོན་ལུང་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་སློབ་མ་གཙང་པ་བརྩོན་འགྲུས་བཟང་པོས་བཏབ། དགེ་འདུན་བཞི་བཅུ་སྐོར། 33.སྒོ་ཤར་དགོན་ནི། ས་སྐྱ་པ་དྲུང་ཀུན་དགའ་རྒྱལ་མཚན་གྱིས་བཏབ། ཕྱིས་ཤོ་མདོར་སྤོས་པ་འོག་ཏུ་གསལ། 34.རི་ཁྲོད་དགོན་ནི། དྲུང་བྱང་ཆུབ་བཟང་པོས་བཏབ། གཞན་མའི་རྒྱུ་མཚན་སྒོ་ཤར་དང་མཚུངས། 35.ཀ་མཐོ་དགོན་ནི། གུང་རུ་སྟེང་པ་ཆོས་རྒྱལ་བཟང་པོས་བཏབ། དགེ་འདུན་སུམ་བརྒྱ་སྐོར། 36.གོང་གི་དགོན་ལག་ལྟ་བུ་དཔའ་མགོ་དགོན་དང་། བྲག་ལུང་གཉིས་བར་སྐབས་ཉག་ཕྲ་ཡང་ཕྱིས་ཇེ་འཕེལ་གྱིས་ད་ལྟ་ལྷ་དབང་མགོན་པོས་སྐྱོང་། དགོན་ཁག་གཉིས་སྤྱིར་དགེ་འདུན་དྲུག་ཅུ་སྐོར། 37.རྫོང་དཀར་དགོན་ནི། རྒྱ་སྟོན་པའི་ཆོས་ལུགས་འཛིན་པ་འཇིགས་མེད་གྲགས་པས་བཏབ། དགེ་འདུན་དྲུག་ཅུ་སྐོར། 38.རྒྱང་ཤོད་ཆམ་རྫོང་དགོན་ནི། མཁན་ཆེན་ཆོས་ལེགས་པར་གྲགས་པས་བཏབ། དགེ་འདུན་དྲུག་ཅུ་སྐོར། 39.དིལ་མགོ་དགོན་ནི། མཁན་ཆེན་ཆོས་ལེགས་པར་གྲགས་པས་བཏབ། དགེ་འདུན་བདུན་ཅུ་སྐོར། 40.རྫོང་ཆུང་དགོན་ནི། མཁན་ཆེན་ཆོས་ལེགས་པར་གྲགས་པས་བཏབ། དགེ་འདུན་བདུན་ཅུ་སྐོར། 41.མཛའ་ཤོད་དགོན་གསར། མཁན་ཆེན་བསོད་ནམས་པས་བཏབ། 42.མོད་རོད་མག་དགོན་ནི། མཁན་ཆེན་བསོད་ནམས་པས་བཏབ། 43.རས་རིས་དགོན་ནི། མཁན་ཆེན་བསོད་ནམས་པས་བཏབ། གོང་གསལ་དགོན་གསུམ་སྤྱིར་དགེ་འདུན་དགུ་བཅུ་སྐོར། 44.དིང་ཐང་དགོན་ནི། དགོན་གསར་འདེབས་མི་དང་གཅིག་ཀྱང་། འབའ་རུ་དང་བྱ་ཆོས་པ་ནང་འཁྲུགས་སྐབས་སྟོངས། 45.བོང་དགོན་ནི། ཇོ་གྲོང་པ་བྱམས་མགོན་གྱིས་བཏབ། 46.ཇོ་དགོན་ནི། ཇོ་གྲོང་པ་བྱམས་མགོན་གྱིས་བཏབ། གོང་གསལ་དགོན་པ་གཉིས་ལ་དགེ་འདུན་བཞི་བཅུ་སྐོར། 47.རྨེ་རུ་དཀྱིལ་མཁར་དགོན་ནི། དཀའ་བཅུ་པ་བསམ་གཏན་སེང་གེས་བཏབ། དགེ་འདུན་བརྒྱ་སྐོར། 48.རྨེ་རུ་བསམ་གྲུབ་དགོན་ནི། བསམ་གཏན་སེང་གེས་བཏབ། དགེ་འདུན་དྲུག་ཅུ་སྐོར། 49.ས་ཤོད་ལྷ་རྩེ་དགོན་ནི། རྒྱབ་སྣེ་བ་ཚུལ་ཁྲིམས་དབང་ཕྱུག་གིས་བཏབ། དགེ་འདུན་ལྔ་བཅུ་སྐོར། 50.ལིག་ཆོས་རྫོང་དགོན་ནི། མངའ་རིས་པ་ཞང་ཞུང་ཆོས་དབང་གྲགས་པས་བཏབ། དགེ་འདུན་བཞི་བཅུ་སྐོར། 51.བ་གྱོང་དགོན་ནི། འདེབས་མི་གོང་དང་མཚུངས། དགེ་འདུན་དྲུག་ཅུ་སྐོར། 52.ལྕགས་ར་དགོན་ནི། བྲེས་གསར་རྙིང་དང་ཕུ་ཡུལ་བསུ་ས་ཡུལ་དང་མི་སྡེ་བཅས་འཕགས་པ་ལྷ་མཐོང་བ་དོན་ལྡན་ལ་ཕུལ་བས་གཞི་བྱས་སྦྱིན་བདག་སྡེ་པ་དབང་དྲག་གིས་བགྱིས་ཏེ་བཏབ། དགེ་འདུན་བརྒྱ་སྐོར། 53.སྤར་ཆུ་མདོ་དགོན་ནི། སྔར་སུས་བཏབ་མ་བྱུང་། དགེ་འདུན་ལྔ་བཅུ་སྐོར། 54.དབང་དགོན་ནི། དགེ་དགོན་ཕྱིས་འབྱུང་ཞིག་ཡིན་སྙམ། དགེ་འདུན་བཞི་བཅུ་སྐོར། 55.ཡུལ་བཞིའི་དགོན་གསུམ་ནི། གསེར་པ་བ་རང་གི་གོང་མ་ཞིག་གིས་བཏབ་བམ། དགེ་འདུན་བཞི་བཅུ་སྐོར། 56.འོ་ཆུང་དང་སམ་དབྲ་དགོན་གཉིས་ནི། ད་ལྟ་ལ་རྒྱུའི་ཁ་འཛིན་རྟ་ཚག་རྗེ་དྲུང་གིས་མཛད། དགེ་འདུན་དྲུག་ཅུ་སྐོར། 57.ཧོར་འདྲ་ཁོག་ཡུལ་སྟེང་དགོན་གྱི་བླ་མ་ཆོས་སྤྱོད་གོང་དང་མཚུངས། དགེ་འདུན་སུམ་ཅུ་སྐོར། 58.ཁྱུང་པོ་གྲོང་དཔལ་དགོན་ནི། ཚ་འཕོང་བླ་མ་ན་རིམ་གྱིས་སྐྱོང་། དགེ་འདུན་བཞི་བཅུ་སྐོར། 59.རག་ཉག་ཕུན་ཚོགས་ཐེག་ཆེན་གླིང་དགོན་ནི། ལྡན་མ་ཤ་ཁྲིད་པས་ལུང་བསྟན་ཅིང་ཆོས་སྐྱོང་རྣམ་རྒྱལ་གྱིས་བཏབ། དགེ་འདུན་དྲུག་ཅུ་སྐོར། 60.འགའ་ར་དགོན་ནི། མཁར་པ་བསོད་ནམས་རྒྱ་མཚོས་བཏབ། དགེ་འདུན་ལྔ་བཅུ་སྐོར། 61.འབུམ་དིལ་དགོན་ནི། ཤེས་རབ་འོད་ཟེར་གྱིས་བཏབ། དགེ་འདུན་ལྔ་བཅུ་སྐོར། 62.ཡུལ་ཤུལ་ཤ་ར་དགོན་ནི། དཀོན་ཅོག་གྲགས་པས་བཏབ། དགེ་འདུན་བཞི་བཅུ་ཞེ་དགུ་སྐོར། 63.ཕུན་ཚོགས་ཐེག་ཆེན་གླིང་དགོན་ནི། ཆེ་ཆེན་ཆོས་རྗེས་བཏབ། དགེ་འདུན་ལྔ་བཅུ་སྐོར། 64.ངོམ་ཚ་སྒང་སྐྱོགས་གདེང་དགོན་ནི། བསེད་སྦས་ཀྱིས་བཏབ། དགེ་འདུན་དྲུག་ཅུ་སྐོར། 65.འབར་རྟ་དགོན་ནི། གླང་ཇོ་བཟང་པས་བཏབ། དགེ་འདུན་བཞི་བཅུ་སྐོར། 66.གྲི་པ་དགོན་ནི། ཤེས་རབ་རྒྱལ་མཚན་གྱིས་བཏབ། དགེ་འདུན་ཉི་ཤུ་སྐོར། 67.རྨ་འགྲིལ་དགོན་ནི། སྔར་གྱི་དགོན་རྙིང་ཞིག་རལ་དུ་སོང་བ་ཕྱིས་རབ་འབྱམས་པ་དགེ་འདུན་རྒྱལ་མཚན་གྱིས་ཞིག་གསོ་དར་རྒྱས་སུ་བགྱིས། དགེ་འདུན་སུམ་ཅུ་སྐོར། 68.ཀར་ཕུ་དགོན་ནི། བཀའ་བཞི་པ་བྱང་ཆུབ་སེམས་དཔས་བཏབ། དགེ་འདུན་ཉི་ཤུ་སྐོར། 69.ལྡན་མ་ཐུབ་བསྟན་ཆོས་འཁོར་གླིང་དགོན་ནི། ཉག་རོ་རྡོ་རྗེ་རྒྱལ་མཚན་གྱིས་བཏབ། དགེ་འདུན་ལྔ་བརྒྱ་སྐོར། 70.ལྡན་ལུང་ཡུལ་དགོན་ནི། དགེ་འདུན་བརྒྱད་ཅུ་སྐོར། 71.ག་ཤེ་ནང་དཀར་བུ་དགོན་མ་ལག་གཉིས་ལ། དགེ་འདུན་བདུན་ཅུ་སྐོར། 72.གདོང་འཛོམ་དགོན་དགེ་འདུན་དྲུག་ཅུ། 73.སྲིབས་སྨད་རྣམ་རྒྱལ་གླིང་དགོན་དགེ་འདུན་དྲུག་ཅུ། 74.དམར་འགྲམ་བྱང་ཆུབ་གླིང་པ་དགོན་དགེ་འདུན་དྲུག་ཅུ། 75.ཟིན་ཞི་ཡུལ་དགའ་དགོན་དགེ་འདུན་བཞི་བཅུ། 76.རབ་ནང་དགོན་ཡགས་དགེ་འདུན་བཞི་བཅུ། 77.ཚེ་སྨན་ཡར་འགག་དགོན་དགེ་འདུན་སུམ་ཅུ། 78.ལྡང་ཆུ་ཁ་ཁྲ་མ་དགོན་དགེ་འདུན་སུམ་ཅུ། 79.ཟལ་དཀར་དགོན་མ་ལག་གསུམ་ནི། མཁར་ནག་ཆོས་འབྱུང་དུ་ཆོས་རྗེ་རྣམ་རྒྱལ་གྲགས་པས་ལྡན་སྟོང་ཚེ་དཀར་ཆོས་སྡེ་བཏབ་ནས་གཞུང་བཤད་མཛད་ཅེས་པ་དང་དོན་གཅིག་སྙམ། དགེ་འདུན་སུམ་བརྒྱ་སྐོར། 80.ལབ་ཆོས་སྡེ་ནི། སྔར་སུས་བཏབ་མ་བྱུང་། དགེ་འདུན་བརྒྱ་དང་ཉི་ཤུ། 81.ལབ་ཆོས་སྡེའི་དགོན་ལག་ཡུང་ཤུལ་ཕུན་ཚོགས་གླིང་ལ་དགེ་འདུན་བརྒྱད་ཅུ། 82.ལབ་ཆོས་སྡེའི་དགོན་ལག་ཤ་རུ་དགོན་ལ་དགེ་འདུན་བརྒྱ། 83.ལབ་ཆོས་སྡེའི་དགོན་ལག་ཇོ་གདན་དགོན་ལ་དགེ་འདུན་བདུན་ཅུ། 84.བྱ་མོ་སྣ་དགོན་ནི། སྔར་སུས་བཏབ་མ་བྱུང་། དགེ་འདུན་བདུན་ཅུ་སྐོར། 85.ནགས་ཤོད་སྤུས་མདའ་རྣམ་རྒྱལ་དཔལ་འབར་དགོན་ནི། ཞང་ཞུང་ཆོས་དབང་གྲགས་པས་བཏབ། དགེ་འདུན་བདུན་ཅུ་སྐོར། 86.རྟ་སྨོས་ཆོས་འཁོར་གླིང་དགོན་ནི། མཁར་ནག་ཆོས་འབྱུང་སོགས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རྒྱ་བཟའ་ཨོང་ཆུང་མདོ་ཁམས་བརྒྱུད་བྱོན་པའི་ཡར་ལམ་བཏབ་པར་བཞེད་ཀྱང་། ཆོས་རྒྱལ་དུས་ཕ་བོང་ཁ་དང་ཡེར་པར་གོས་དཀར་ལྕང་ལོའི་ཕྲེང་བ་ཅན་གྱི་སྒོམ་གྲྭ་ཚུགས་ཞེས་ལོ་རྒྱུས་རེ་གཉིས་མཆིས་ནའང་། གཞན་འདུས་སྡེ་ལ་སོགས་པ་བྱུང་བར་མ་བཤད་པས་ཐེ་ཚོམ་གྱི་གཞི། དགེ་འདུན་བརྒྱ་དང་སུམ་ཅུ་སྐོར། 87.ར་ཁྱིམ་དགའ་ལྡན་དར་རྒྱས་གླིང་དགོན་ནི། ནགས་ཤོད་ལྷ་རྩེ་བ་བཀའ་བཞི་གྲགས་པ་རྒྱ་མཚོས་བཏབ། དགེ་འདུན་སུམ་ཅུ་སྐོར། 88.འབྲོང་ང་དགོན་ནི། དྲུང་བློ་གྲོས་བཀྲ་ཤིས་ཀྱིས་བཏབ། དགེ་འདུན་ལྔ་བཅུ་སྐོར། 89.ཤུག་ཐང་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་རྒྱ་སྟོན་བློ་བཟང་གྲགས་པས་བཏབ། དགེ་འདུན་དྲུག་ཅུ་སྐོར། 90.སྟག་ལྡང་རི་བོ་དཔལ་འབར་དང་། གཡབ་བཀྲབ་རི་བོ་མདངས་ཅན་དགོན་གཉིས་ནི། སྟག་ཕུ་གུ་ཤྲི་དཔལ་ལྡན་དོན་གྲུབ་ཀྱིས་བཏབ། དགེ་འདུན་བདུན་ཅུ་སྐོར། 91.རྨ་ལུག་དགོན་ནི། དགེ་བའི་བཤེས་གཉེན་སྣེའུ་ཟུར་པས་བཏབ། དགེ་འདུན་རྟ་སྨོས་ཀྱི་ཁོངས་སུ་འཐུས། 92.ཀར་ཤོད་གོང་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞལ་སློབ་བཀྲ་ཤིས་རྒྱ་མཚོས་བཏབ། དགེ་འདུན་བཞི་བཅུ་སྐོར། 93.རྔུ་ཆུ་བརྒྱུད་ཁྲི་རྡོ་དགོན་ནི། ཞང་ཞུང་པ་ཆོས་དབང་གྲགས་པས་བཏབ། དགེ་འདུན་དྲུག་ཅུ་སྐོར། 94.ངོམ་ཆུ་བརྒྱུད་སྐྱིད་པ་དགེ་འདུན་སྒང་དགོན་ནི། མཁར་ལོའི་ཆོས་འབྱུང་དུ་ཁྱིམ་བར་རིན་ཆེན་སྒང་ཞེས་པ་དང་དོན་གཅིག དགེ་འདུན་སུམ་ཅུ་སྐོར། 95.གཡས་རུ་རེ་རྒྱབ་དགོན་དགེ་འདུན་བཅོ་ལྔ་སྐོར། 96.ལྕམ་མདའ་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་མཁན་ཆེན་བཀྲ་ཤིས་རྒྱ་མཚོས་བཏབ། དགེ་འདུན་བརྒྱད་ཅུ་སྐོར། 97.ཆ་འབོང་དགོན་ནི། ཐོག་མར་ཀར་ལུགས། དེ་རྗེས་དྲུང་དཔལ་ལྡན་བཟང་པོས་དགེ་ལུགས་སུ་བསྒྱུར་བར་གྲགས། དགེ་འདུན་བདུན་ཅུ་སྐོར། 98.སྒང་སྡེ་དགོན་ནི། འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱི་དངོས་སློབ་འབའ་རུ་བ་དགེ་འདུན་བཟང་པོས་བཏབ། དགེ་འདུན་བརྒྱད་ཅུ་སྐོར། 99.རྗོད་ཨ་རིག་ཐང་དགོན་ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྡེ་ལུང་བསྟན། རུ་ཤོད་པས་སྦྱིན་བདག་བགྱིས་ཏེ་བཏབ། དགེ་འདུན་བརྒྱ་དང་སུམ་ཅུ་སྐོར། 100.བྱང་ལྷ་རི་འགོ་བདེ་ཆེན་གླིང་དགོན་ནི། གུ་ཤྲཱི་དཔལ་ལྡན་དོན་གྲུབ་པས་བཏབ། དགེ་འདུན་བརྒྱ་དང་བཅུ་སྐོར། 101.འཇམ་སྣེ་འཛམ་གླིང་རྫོང་ཁ་དགོན་ནི། རྒྱུད་སྟོད་སྔགས་རམས་པ་རྒྱ་བོར་གྲགས་པས་བཏབ། དགེ་འདུན་དྲུག་ཅུ་སྐོར། 102.སྐུ་འབུམ་བྱམས་པ་གླིང་དགོན་ནི། རྒྱལ་བའི་དབང་པོ་བསོད་ནམས་རྒྱ་མཚོའི་དཔལ་གྱིས་འདུས་སྡེ་གསར་སྐྲུན་གྱི་ཞལ་བཀོད་གནང་། དགེ་འདུན་སྟོང་ཕྲག་བརྒལ་བ། 103.སྐུ་འབུམ་སྔགས་གྲྭ་ནི། ཟི་ན་ལེགས་པ་རྒྱལ་མཚན་གྱིས་བཏབ། དགེ་འདུན་སུམ་བརྒྱ་སྐོར། 104.བྱ་ཁྱུང་བཤད་སྒྲུབ་གླིང་དགོན་ནི། རྩ་བའི་འདེབས་པ་པོ་འདི་ཞེས་དངོས་སུ་མ་བྱུང་། དགེ་འདུན་ཉིས་བརྒྱ་སྐོར། 105.བྱམས་པ་འབུམ་གླིང་དགོན་ནི། རྒྱལ་བ་བྱམས་པའི་སྐུ་ཤིན་ཏུ་ཆེ་བ་བཞུགས་པའི་ལྷ་ཁང་གི་མདུན་དུ་དགེ་འདུན་གྱི་སྡེ་རིམ་པར་ཆགས། དགེ་འདུན་ལྔ་བརྒྱ་སྐོར། 106.ཐང་རིང་བཤད་སྒྲུབ་གླིང་དགོན་ནི། དགེ་འདུན་རིན་ཆེན་པས་བཏབ། དགེ་འདུན་དགུ་བརྒྱ་སྐོར། 107.གྲོ་ཚང་དགོན་ནི། འབྲས་སྤུངས་བསམ་བློ་རབས་འབྱམས་པ་ཤེས་རབ་མཆོག་ལྡན་པས་བཏབ། དགེ་འདུན་ལྔ་བརྒྱ་སྐོར། 108.རྒྱལ་མཚན་བྲག་བཤད་སྒྲུབ་ཆོས་འཁོར་གླིང་དགོན་ནི། བསམ་བློ་ཨ་ཞང་མཉྫ་བྷིས་བཏབ། དགེ་འདུན་ལྔ་བརྒྱ་སྐོར། 109.མཛོ་མོ་མཁར་ནི། སེ་ར་བྱམས་ཆེན་ཆོས་རྗེ་རྒྱུ་ནག་རྒྱལ་པོས་གདན་དྲངས་པའི་མར་ལམ་གཞི་འདིར་དགོན་པ་ཐེབས་ན་ལེགས་ཞེས་ལུང་བསྟན་ཅིང་། རྗེས་སོར་རྒྱ་ནག་ཏུ་ཞིང་ཁམས་འཕོས་ པའི་སྐུ་གདུང་ཡར་གདན་དྲངས་པའི་ཚེ། འདི་ཐད་ཤིང་རྟ་འདམ་དུ་ཟུག་པ་ལྟར་འགྲོར་མ་ཉན་པས་མར་ལམ་གྱི་གསུང་དྲན་ཏེ་རྒྱ་ནག་གཡུང་ལོ་རྒྱལ་པོས་ཁྲི་རྐྱེན་ཉུང་ཧྭ་ཞེས་པའི་མཁར་བརྩིགས་ཤིང་། གསེར་གདུང་ལ་སོགས་པའི་རྟེན་མང་པོ་བཞེངས། བུ་ཆེན་སེང་གེ་བཟང་པོ་གདན་སར་བཞག་ཅེས་གྲགས། 110.དགོན་ཀླུངས་བྱམས་པ་གླིང་ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ལུང་བསྟན་ཅིང་། རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་བཏབ། དགེ་འདུན་ཕྱེད་ཉིས་སྟོང་སྐོར། 111.ཁ་ཐི་ཀ་ནི། རྒྱ་ནག་རྒྱལ་པོ་ཧུམ་ཨུ་ལུས་དྲུང་ཆེན་ཆོས་རྒྱལ་ལ་ཏ་གུ་ཤིའི་ལུང་ལས་དང་དགོན་གནས་འདེབས་ཡུལ་ཤེས་སུ་བཅུག་པ་ལྟར་བཏབ་པར་གྲགས། དགེ་འདུན་སུམ་བརྒྱ་སྐོར། 112.དགའ་ལྡན་དམ་ཆོས་གླིང་ནི། སེ་ཆེན་ཆོས་རྗེ་ཤེས་རབ་རྒྱལ་མཚན་ལ་རྗེ་བླ་མ་མཆོག་གི་བཀའ་ཕེབས་ཏེ་བཏབ། དགེ་འདུན་ཉིས་བརྒྱ་སྐོར། 113.ཆོས་ལུང་ཐོས་བསམ་གླིང་ནི། རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་དམ་པས་ལུང་བསྟན་པ་ལྟར་ཧོར་རབ་འབྱམས་པ་བློ་བཟང་དོན་གྲུབ་ཀྱིས་བཏབ། དགེ་འདུན་བདུན་ཅུ་སྐོར། 114.བཤད་སྒྲུབ་གླིང་ནི། ཧོར་རབ་འབྱམས་པས་བཏབ། དགེ་འདུན་བཞི་བཅུ་སྐོར། 115.ཆུ་བཟང་དགོན་མི་འགྱུར་གླིང་ནི། སྟོད་ལུང་ཆུ་བཟང་དཀར་ལེབ་པ་རྣམ་རྒྱལ་དཔལ་འབྱོར་གྱིས་བཏབ། དགེ་འདུན་བརྒྱ་སྐོར། 116.བཙན་པོ་དགོན་དགའ་ལྡན་དམ་ཆོས་གླིང་ནི། ཆོས་རྗེ་དོན་གྲུབ་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་ས་གླང་ལོར་བཏབ། དགེ་འདུན་སྟོང་དང་སུམ་བརྒྱ་སྐོར། 117.བཙན་པོའི་དགོན་ལག་འབྲི་གུ་དགོན་ནི། འདེབས་མི་གོང་དང་མཚུངས། དགེ་འདུན་ཉིས་བརྒྱ་སྐོར། 118.བཙན་པོའི་དགོན་ལས་ཀུན་ཆེན་དགོན་ནི། འདེབས་མི་གོང་དང་མཚུངས། དགེ་འདུན་བརྒྱ་སྐོར། 119.ཅུའི་ཆོས་སྡེ་དང་། བསྐྱེད་རྫོགས་གླིང་གཉིས་ནི། ངག་དབང་འཕྲིན་ལས་ལྷུན་གྲུབ་པས་བཏབ། དགེ་འདུན་བརྒྱད་ཅུ་སྐོར། 120.བསྟན་ལུང་དར་རྒྱས་དགོན་ནི། གཅན་ཚ་བཟང་པོ་བཀྲ་ཤིས་པས་བཏབ། དགེ་འདུན་བརྒྱ་དང་ལྔ་བཅུ་སྐོར། 121.ཇ་གར་བྱང་ཆུབ་གླིང་ནི། ཐོག་མར་སུས་བཏབ་ངེས་པ་མ་བྱུང་། དགེ་འདུན་སུམ་བརྒྱ་སྐོར། 122.གུར་དགོན་དགའ་ལྡན་རྣམ་རྒྱལ་གླིང་ནི། ལ་མོ་སྐུ་སྐྱེ་བློ་གྲོས་རྒྱ་མཚོས་ས་ཕོ་སྟག་གི་ལོར་བཏབ། དགེ་འདུན་ལྔ་བཅུ་སྐོར། 123.བྱམས་པ་ཆོས་གླིང་ནི། ཚ་གན་ནོ་མིན་ཧན་ངག་དབང་བློ་བཟང་བསྟན་རྒྱུན་པས་བཏབ། དགེ་འདུན་ཉི་ཤུ་སྐོར། 124.དགོན་རུང་རི་ཁྲོད་ནི། ཐོག་མར་རོང་པ་བློ་བཟང་བསྟན་རྒྱུན་པས་བཏབ། དགེ་འདུན་ཉི་ཤུ་སྐོར། 125.རོང་པོ་དགོན་གོང་ནི། དང་ཐོག་ས་ལུགས་ཕྱིས་དཀའ་བཅུ་པ་སྐལ་ལྡན་རྒྱ་མཚོས་འཆད་ཉན་བཙུགས། 126.ༀ་མདོའི་དགོན་ནི། བསམ་བློ་གྲགས་པ་རྒྱ་མཚོས་བཏབ། 127.བཀྲ་ཤིས་འཁྱིལ་སྒྲུབ་སྡེ་ནི། རོང་ཆོས་པས་བཏབ། གཞན་ཡང་དེ་དང་ཁད་ཧ་ཅང་མི་རིང་བའི་སར་ཅོག་རོང་ཏྲེ་བོས་བཏབ་པའི་དགོན་པ་དང་། གོང་པ་དགོན། ཁ་སྐྱ། རྒན་རྒྱ་སོགས་དགོན་པ་ཆེས་མང་ངོ་། ། 128.ཀ་མ་ལོག་གི་དགོན་བསམ་གཏན་གླིང་ནི། རྗེ་བླ་མ་མཆོག་གི་བཀའ་བཞིན་སྐྱུར་པོ་བས་བཀོད་པས་ཁྱབ་པར་བྱས་ཏེ་དར་རྒན་ཆོས་རྗེ་ངག་དབང་དཔལ་འབྱོར་སོགས་ཀྱིས་སྟག་ལོར་བཏབ། དགེ་འདུན་སུམ་བརྒྱ་སྐོར། 129.སྟོང་འཁོར་བ་ནི། དགོན་ཁག་རྣམས་ཀྱི་མིང་དང་འདོད་ཆོས་སོགས་ཀྱི་ས་བོན་མ་བྱུང་བས་འབྲི་བར་མ་སྤོབས་སོ། ། 130.ཐེག་ཆེན་ཆོས་འཁོར་གླིང་ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བཏབ། 131.གཞན་ཡང་འོར་དུས་ཀྱི་རྒྱལ་པོ་བིན་དུས་ཡོན་བདག་བགྱིས་ཏེ་བཏབ་པའི་ཕུན་ཚོགས་གཞན་ཕན་བདེ། ཨལ་དཔལ་ནོ་ཡོན་གྱི་ས་ཆར་ཕུན་ཚོགས་རྣམ་རྒྱལ་གླིང་། སེ་ཆེན་དའི་ཆིང་གི་མངའ་ཞབས་སུ་ཕུན་ཚོགས་དར་རྒྱས་གླིང་ལ་སོགས་པ་དགེ་འདུན་གྱི་སྡེ་བསམ་གྱིས་མི་ཁྱབ་པ་བྱུང་བ་བཅས་སོ། ། (སྐབས་འདིར་གཅིག་ཆད་པ་དཔྱད།) |
Tibetan Source | 《དགའ་ལྡན་ཆོས་འབྱུང་བ་སེར་》ཤ་314.1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |