11478

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགེ་སློང་མའི་ལྟུང་བྱེད་ཀྱི་ཆོས་བརྒྱ་བརྒྱད་ཅུ།
Tibetan Alternate
Tibetan Definition དེ་ཡང་། དགེ་སློང་མའི་སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ།

1.ཤེས་བཞིན་དུ་བརྫུན་དུ་སྨྲ་ན་ལྟུང་བྱེད་དོ། ། 2.མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དོ། ། 3.དགེ་སློང་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ། ། 4.དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པ་ཤེས་བཞིན་དུ་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། ། 5.སྐྱེས་པའི་ཡུལ་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་ན་རིག་པའི་བུད་མེད་མ་གཏོགས་ཏེ་ལྟུང་བྱེད་དོ། ། 6.གང་ཟག་བསྙེན་པར་མ་རྫོགས་པ་དང་ཚིག་གིས་ཆོས་འདོན་ན་ལྟུང་བྱེད་དོ། ། 7.གང་ཟག་བསྙེན་པར་མ་རྫོགས་པར་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། ། 8.གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པར་སྨྲ་ན་ལྟུང་བྱེད་དོ། ། 9.དགེ་འདུན་གྱི་རྙེད་པ་བདག་གི་གང་ཟག་ལ་བསྔོས་ན་ལྟུང་བྱེད་དོ། ། 10.ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ། ། 11.ས་བོན་གྱི་ཚོགས་སམ། འབྱུང་པོ་གནས་འཇིག་གམ། འཇིག་ཏུ་འཇུག་ན་ལྟུང་བྱེད་དོ། ། 12.འཕྱ་བའམ། གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ། ། 13.བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ། ། 14.དགེ་སློང་མ་བླ་གབ་མེད་པའི་གནས་མལ་མི་བསྡུས་པར་བཞག་ན། དགེ་སློང་མ་འཁོད་པ་ལ་ཡང་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 15.དགེ་སློང་མ་དགེ་འདུན་གྱི་དབྱར་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་མ་བསྡུས་པར་བཞག་ན། དགེ་སློང་མ་འཁོད་པ་ལ་ཡང་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 16.དགེ་སློང་མ་དབྱར་ཁང་ནས་དགེ་སློང་མ་སྔ་ནས་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས་ཕྱིས་གནོན་བྱས་ནས་ལ་ཉལ་ལམ། འདུག་ན་ལྟུང་བྱེད་དོ། ། 17.དགེ་འདུན་གྱི་དབྱར་ཁང་ཐོག་ཏུ་ཁྲི་རྩ་བ་འབྱུང་བ་ལ་ལྕིད་ཀྱིས་མནན་ཏེ་འདུག་ན་ལྟུང་བྱེད་དོ། ། 18.ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་སོགས་འདེབས་ན་ལྟུང་བྱེད་དོ། ། 19.དགེ་སློང་མ་གཙུག་ལག་ཁང་ཆེན་པོ་རྩིག་ན། རིམ་པ་གཉིས་སམ། གསུམ་རྩིག་པར་བྱའོ། ། དེ་ལས་ལྷག་པ་རྩིག་ན་ལྟུང་བྱེད་དོ། ། 20.འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མ་མི་ན་བས་བསོད་སྙོམས་གཅིག་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ། ། 21.དགེ་སློང་མ་རབ་ཏུ་མང་པོ་ཁྱིམ་རྣམས་སུ་དོང་བ་ལས་ཁྱིམ་པ་དད་པས་སྟོབ་ན་ལྷུང་བཟེད་དོའམ། གསུམ་བླང་བར་བྱའོ། ། དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། ། ལྷུང་བཟེད་གང་བ་གཉིས་སམ། གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་དོང་ལ། དགེ་སློང་མ་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ། བདག་ཅག་ཀྱང་བཟའ་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། ། 22.དགེ་སློང་མ་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པ་བཅའ་བའམ་ཟ་ན་ལྟུང་བྱེད་དོ། ། 23.དགེ་སློང་མ་ཟས་སྤངས་པ་ཡོངས་སུ་ཤེས་བཞིན་དུ་ཅི་ནས་ཀྱང་ཉེས་པ་འབྱུང་བར་བྱའོ་སྙམ་ནས་ལྷག་པོར་མ་བྱས་པའི་བཟའ་བཅའ་སྟོབས་ན་ལྟུང་བྱེད་དོ། ། 24.འདུས་ཏེ་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། ། དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། ། ལས་དུས་སོ། ། ལམ་དུས་སོ། ། གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དུས་ནི་དེ་ཡིན་ནོ། ། 25.དུས་མ་ཡིན་པར་བཟའ་བཅའ་ཟ་ན་ལྟུང་བྱེད་དོ། ། 26.བཟའ་བཅའ་གསོག་འཇོག་བྱས་པ་ཟ་ན་ལྟུང་བྱེད་དོ། ། 27.བྱིན་ལེན་མ་བྱས་པར་ཁ་ནས་མིད་པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ། ། 28.ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ། ། 29.གཅེར་བུ་མོའམ། ཀུན་ཏུ་རྒྱུའམ། ཀུན་ཏུ་མོ་ལ་རང་གི་ལག་ནས་བཟའ་བ་དང་བཅའ་བ་བྱིན་ན་ལྟུང་བྱེད་དོ། ། 30.དམག་ཆས་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། ། 31.དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་འགའ་ཞིག་བྱུང་ན་དགེ་སློང་མ་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པ་ལས་འདས་ན་ལྟུང་བྱེད་དོ། ། 32.དགེ་སློང་མ་དམག་དེའི་ནང་ཞག་གཉིས་གནས་པའི་དཔུང་བཀོད་པ་ཉམས་སུ་མྱོང་ན་ལྟུང་བྱེད་དོ། ། 33.དགེ་སློང་མ་ལ་རྡེག་ན་ལྟུང་བྱེད་དོ། ། 34.དགེ་སློང་མ་ལ་རྡེག་པར་གཟས་ན་ལྟུང་བྱེད་དོ། ། 35.གནས་ངན་ལེན་གྱི་ལྟུང་བ་འཆབ་ན་ལྟུང་བྱེད་དོ། ། 36.དགེ་སློང་མ་ལ་ཁྱོད་ལ་བཟའ་བཅའ་སྦྱིན་དུ་གཞུག་གོ་ཞེས་བརྗོད་དེ་དེའི་འོག་ཏུ་ཁྱོད་དང་ལྷན་ཅིག་སྨྲ་བ་བདེ་བ་མ་ཡིན་གྱི། སོང་ཞིག་ཟེར་ན་ལྟུང་བྱེད་དོ། ། 37.མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ། རེག་ཏུ་འཇུག་ན་ལྟུང་བྱེད་དོ། ། 38.དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ཟིན་ནས། དེའི་འོག་ཏུ་འདུན་པ་ཕྱིར་བྱིན་ཅིག་ཁྱོད་ལ་མི་སྦྱིན་ནོ་ཟེར་ན་ལྟུང་བྱེད་དོ། ། 39.བསྙེན་པར་མ་རྫོགས་པ་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། ། 40.བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བདེན་ཡང་བར་དུ་གཅོད་པར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཟེར་བའི་སྡིག་ལྟ་འཛིན་པར་བཞམས་ཏེ་བསྒོ་བ་ལན་གསུམ་གྱི་བར་དུ་མི་གཏོང་ན་ལྟུང་བྱེད་དོ། ། 41.དགེ་སློང་མ་ཤེས་བཞིན་དུ་དགེ་སློང་མ་སྡིག་པའི་ལྟ་བ་མ་སྤངས་པ་དང་ལྷན་ཅིག་གཏམ་འདྲེས་པ་ནས་ཉལ་བའི་བར་དུ་བྱེད་ན་ལྟུང་བྱེད་དོ། ། 42.དགེ་ཚུལ་མ་བསྙིལ་བ་དང་ལྷན་ཅིག་གཏམ་འདྲེས་པ་ནས་ཉལ་བའི་བར་དུ་བྱེད་ན་ལྟུང་བྱེད་དོ། ། 43.ཁ་དོག་མ་བསྒྱུར་བའི་གོས་གསར་པ་གྱོན་ན་ལྟུང་བྱེད་དོ། ། 44.རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ། ལེན་དུ་འཇུག་ན་ཀུན་དགའ་ར་བར་གཏོགས་པ་ན་འདུག་གམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། ། 45.ཚ་བའི་དུས་དང་། ལམ་དང་། ལས་དང་། ན་བ་དང་། རླུང་དང་། ཆར་གྱིས་ཕོག་ན་མ་གཏོགས་པར་ཟླ་བ་ཕྱེད་ཀྱི་སྔོན་དུ་ཁྲུས་བྱེད་ན་ལྟུང་བྱེད་དོ། ། 46.བསམ་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ། ། 47.དགེ་སློང་མ་འདི་ཡུད་ཙམ་ཡང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་རྐྱེན་དུ་བྱས་ཏེ། དགེ་སློང་མ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ། ། 48.སོར་མོས་གག་ཚིལ་བྱེད་ན་ལྟུང་བྱེད་དོ། ། 49.ཆུ་ལ་རྩེ་ན་ལྟུང་བྱེད་དོ། ། 50.སྐྱེས་པའི་ཡུལ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། ། 51.དགེ་སློང་མ་དངངས་པར་བྱེད་ན་བཞད་གད་ཀྱང་རུང་སྟེ་ལྟུང་བྱེད་དོ། ། 52.འཚོ་བའི་ཡོ་བྱད་སྦྱད་ན་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 53.གཞི་མེད་པར་ལྷག་མས་སྐུར་པ་འདེབས་ན་ལྟུང་བྱེད་དོ། ། 54.བུད་མེད་གཞན་མེད་པར་སྐྱེས་པ་དང་ལྷན་ཅིག་མགྲོན་ལམ་དུ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ། ། 55.རྐུན་པོ་དང་ལྷན་ཅིག་མགྲོན་ལམ་དུ་འགྲོ་ན་ལྟུང་བྱེད་དོ། ། 56.ས་རྐོའམ་བརྐོར་འཇུག་ན་ལྟུང་བྱེད་དོ། ། 57.མགྲོན་དུ་བོས་པ་ཟླ་བ་བཞི་ལས་ལྷག་པར་བདག་གིར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། ། 58.དགེ་སློང་མ་རྣམས་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དོ། ། 59.ཅང་མི་སྨྲ་བར་ཉན་རྣ་བྱེད་ན་ལྟུང་བྱེད་དོ། ། 60.དགེ་འདུན་གྱིས་ཆོས་དང་མཐུན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན་ཅང་མི་སྨྲ་བར་བསྟན་ལས་ལངས་ཏེ་འགྲོ་ན་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 61.གུས་པར་མི་བྱེད་ན་ལྟུང་བྱེད་དོ། ། 62.ཆང་འཐུང་ན་ལྟུང་བྱེད་དོ། ། 63.དུས་མ་ཡིན་པར་གྲོང་དུ་འགྲོ་ཞིང་། དགེ་སློང་མ་འདུག་པ་ལ་མི་སྨྲ་ན་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 64.གང་ཟག་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་། ཁྱིམ་པ་འདུག་པ་ལ་མི་བསྒོ་ན་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 65.དགེ་སློང་མ་གང་ནམ་མ་ལངས་པར་རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདས་ན་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 66.དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་གདོན་པའི་ཚེ་ཆོས་འདི་ཡང་མདོའི་ནང་དུ་གཏོགས་སོ། ། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཟེར་ལ། དེ་ལ་གལ་ཏེ་སྔོན་གསོ་སྦྱོང་གི་ལས་གཉིས་སམ། གསུམ་གྱི་ཚེ་འདུག་པར་ཤེས་ཤིང་ལན་མང་དུ་ལྟ་ཅི་སྨོས་ན། དགེ་སློང་མ་དེ་མི་ཤེས་པས་མི་འགྲོལ་བས། དེ་ལྟུང་བ་བྱུང་བ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ་བརྩོན་པར་མི་བྱེད་པས་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེད་དོ། ། 67.བ་སོའམ། རུས་པའམ། རྭ་ལས་ཁབ་རལ་བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེད་དོ། ། 68.དགེ་འདུན་གྱི་ཁྲི་རྩ་བ་བུ་གར་གཞུག་པ་མ་གཏོགས་པ་བདེ་བར་གཤེགས་པའི་སོར་བརྒྱུད་ཀྱི་ཚད་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། ། 69.དགེ་འདུན་གྱི་ཁྲི་ལ་ཤིང་བལ་འདིང་བའམ། འདིང་དུ་འཇུག་ན་བསྡུས་ནས་ལྟུང་བྱེད་དོ། ། 70.གདིང་བ་ཚད་བཞིན་དུ་བྱེད་དུ་ཆུག་ཅིག ཚད་ལས་འདས་པར་བྱེད་ན་བཅད་ནས་ལྟུང་བྱེད་དོ། ། 71.གཡན་པ་དགབ་པ་ཚད་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། ། 72.བདེ་བར་གཤེགས་པའི་ཆོས་གོས་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ། ཚད་ལས་ལྷག་པར་བྱེད་ན་ལྟུང་བྱེད་ཡིན་པ་དང་བདུན་ཅུ་རྩ་གཉིས་སོ། ། སྤྱི་སྡོམ་ནི། རྫུན་དང་ས་བོན་འདུག་གནས་དང་། ། སྲོག་ཆགས་བདེ་དང་དུད་འགྲོ་དང་། ། རྐུ་བ་དང་ནི་ཟས་བཅས་པ། ། དེ་དག་ཐུན་མོང་ཡིན་པར་འདོད། ། ཚན་པ་སོ་སོའི་སྡོམ་ནི། རྫུན་སྐྱོན་དགེ་སློང་ཕྲ་མ་དང་། ། སྐྱོ་སྔོགས་བྱེད་དང་སྟོན་པ་དང་། ། འདོན་དང་གནས་ངན་ལེན་དང་ཆོས། ། བཤེས་ངོར་བྱེད་དང་ཁྱད་དུ་གསོད ། ས་བོན་འཕྱ་བ་བསྒོ་བ་དང་། ། ཁྲི་དང་གདིང་དང་ཕྱིས་གནོན་དང་། ། འབྱུང་བ་དང་ནི་འདེབས་པ་དང་། ། རིམ་པ་གཉིས་སུ་རྩིག་པའོ། ། འདུག་གནས་གཅིག་དང་བྱེད་དང་ནི། ། བཅའ་བ་དང་ནི་སྟོབས་པོ་དང་། ། འདུས་པ་དང་ནི་དུས་མིན་དང་། གག་འཇོག་དང་ནི་ཁ་ནས་མིད། ། སྲོག་ཆགས་དང་བཅས་གཅེར་བུ་དང་། ། དམག་ལ་ལྟ་དང་ཞག་གཉིས་དང་། ། བཤམས་པ་འཁྲུགས་དང་རྡེག་པ་དང་། ། གཟས་པ་དང་ནི་གནས་ངན་ལེན། ། བདེ་དང་མེ་དང་འདུན་པ་དང་། ། བསྙེན་པར་མ་རྫོགས་ཆོས་དང་སྨྲ། ། དགེ་ཚུལ་ཁ་དོག་བསྒྱུར་བ་དང་། ། རིན་པོ་ཆེ་དང་ཚ་བའི་དུས། ། དུད་འགྲོ་འགྱོད་པ་སོར་མོ་དང་། ། རྩེ་དང་ལྷན་ཅིག་དངངས་བྱེད་དང་། ། སྦེད་པ་དང་ནི་གཞི་མེད་དང་། བུད་མེད་མེད་པར་འགྲོ་བའོ། ། རྐུ་བ་དང་ནི་རྐོ་བ་དང་། ། མགྲོན་དུ་བོས་དང་བསླབ་པ་དང་། ། འཐབ་དང་མི་སྨྲ་འགྲོ་བ་དང་། ། མི་གུས་ཆང་འཐུང་དུས་མིན་པའོ། ཟས་བཅས་སྐྱ་རེངས་ད་གདོད་དང་། ། ཁབ་རལ་དང་ནི་ཁྲི་རྐང་དང་། ། བདལ་དང་གདིང་དང་གཡན་པ་དང་། ། བདེ་བར་གཤེགས་པའི་ཆོས་གོས་སོ། ། དེ་ལྟར་བདུན་ཅུ་རྩ་གཉིས་པོ་དེ་དག་ནི་དགེ་སློང་དང་ཐུན་མོང་ཡིན་པར་འདོད་དོ། ། ཐུན་མོང་མ་ཡིན་པ་དགེ་སློང་མ་རྣམས་ཀྱི་ལྟུང་བ་བརྒྱ་རྩ་བརྒྱད་ནི་འོག་ནས་འབྱུང་བ་འདི་ལྟ་སྟེ། 1.དགེ་སློང་མ་ལོ་བཅུ་གཉིས་མ་ལོན་པར་གཞན་རབ་ཏུ་འབྱིན་པ་དང་། བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། ། 2.འཁོར་ཉེ་བར་འཇོག་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། ། 3.འཁོར་མང་པོ་ཉེ་བར་འཇོག་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། ། 4.བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་ན་ལྟུང་བྱེད་དོ། ། 5.བུད་མེད་ཁྱིམ་སོ་མ་བཟུང་བ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་ན་ལྟུང་བྱེད་དོ། ། 6.བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་ཀྱང་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། ། 7.བུད་མེད་ཁྱིམ་སོ་མ་བཟུང་བ་ལོ་ཉི་ཤུ་ལོན་ཡང་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། ། 8.བུད་མེད་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་མ་བསླབས་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། ། 9.ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབས་པ་བསྙེན་པར་རྫོགས་པར་མི་བྱེད་ན་ལྟུང་བྱེད་དོ། ། 10.བུད་མེད་བསྙེན་པར་རྫོགས་པར་འདོད་པ་ལ་ཁོ་མོར་གོས་སྦྱིན་པ་དེའི་ཕྱིར་བསྙེན་པར་རྫོགས་པར་བྱའོ་ཞེས་ཟེར་ན་ལྟུང་བྱེད་དོ། ། 11.ཁྱིམ་བདག་མོ་ལ་ཁྱིམ་སོ་ཐོང་ཞིག་ཕྱིས་རབ་ཏུ་འབྱུང་བ་མི་དཀའོ་ཞེས་སྨྲས་ནས་རབ་ཏུ་མི་འབྱིན་ན་ལྟུང་བྱེད་དོ། ། 12.ལོ་རེ་རེ་ཞིང་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། ། 13.བུད་མེད་བདག་པོས་མ་གནང་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། ། 14.ཤེས་བཞིན་དུ་བུད་མེད་འཁྲུལ་པ་མོ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། ། 15.ཤེས་བཞིན་དུ་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། ། 16.ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གཟིར་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། ། 17.ཤེས་བཞིན་དུ་བུད་མེད་རྩབ་ཀྲོལ་ཅན་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། ། 18.དགེ་སློང་མ་གང་རབ་ཏུ་ཕྱུང་ངམ། བསྙེན་པར་རྫོགས་པར་བྱས་ནས་ཕན་མི་འདོགས་ན་ལྟུང་བྱེད་དོ། ། 19.དགེ་སློང་མ་གང་རབ་ཏུ་ཕྱུང་ངམ། བསྙེན་པར་རྫོགས་པར་བྱས་པ་དག་ལ་བར་ཆད་མཐོང་བ་མི་འདྲེན་ན་ལྟུང་བྱེད་དོ། ། 20.དགེ་སློང་མ་གང་རབ་ཏུ་ཕྱུང་ངམ། བསྙེན་པར་རྫོགས་པར་བྱས་ནས་བསླབ་པ་དག་ལ་སློབ་ཏུ་མི་འཇུག་ན་ལྟུང་བྱེད་དོ། ། 21.ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་ནད་གཡོག་མི་བྱེད་ན་ལྟུང་བྱེད་དོ། ། 22.གུང་རང་གི་བསྟེན་པར་བྱ་བའི་ནང་དུ་རྒྱ་སྐྱེགས་ཀྱི་ཆད་བུ་བཅུག་ན་ལྟུང་བྱེད་དོ། ། 23.གང་བསྟེན་པར་བྱ་བའི་ནང་དུ་སོར་མོའི་ཚིགས་གཉིས་འདས་ཏེ་འཁྲུ་ན་ལྟུང་བྱེད་དོ། ། 24.གང་བསྟེན་པར་བྱ་བ་ལ་ཐལ་མོས་རྡེག་ན་ལྟུང་བྱེད་དོ། ། 25.གསང་བའི་ཕྱོགས་ཀྱི་སྤུ་འཐོག་ན་ལྟུང་བྱེད་དོ། ། 26.ཁྱིམ་པ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ལྟུང་བྱེད་དོ། ། 27.དགེ་སློང་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ལྟུང་བྱེད་དོ། ། 28.ཁྱིམ་པ་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེང་ན་ལྟུང་བྱེད་དོ། ། 29.དགེ་སློང་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེང་ན་ལྟུང་བྱེད་དོ། ། 30.ཁྱིམ་པའི་རྣ་བར་བཤུབ་ཅིང་སྨྲ་ན་ལྟུང་བྱེད་དོ། ། 31.ཁྱིམ་པ་ལས་རྣར་བཤུབ་ཅིང་སྨྲ་བ་ཉན་ན་ལྟུང་བྱེད་དོ། ། 32.དགེ་སློང་གི་རྣ་བར་བཤུབ་ཅིང་སྨྲ་ན་ལྟུང་བྱེད་དོ། ། 33.དགེ་སློང་གི་རྣ་བར་བཤུབ་ཅིང་སྨྲ་བ་ཉན་ན་ལྟུང་བྱེད་དོ། ། 34.ཁྱིམ་པ་ལས་རིག་པ་ལེན་ན་ལྟུང་བྱེད་དོ། ། 35.ཁྱིམ་པ་ལས་རིག་པ་ཀློག་ན་ལྟུང་བྱེད་དོ། ། 36.སྒྱུ་ཐབས་ཀྱིས་རྨ་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་འཇུག་ན་ལྟུང་བྱེད་དོ། ། 37.བུ་འཚོ་ན་ལྟུང་བྱེད་དོ། ། 38.ཁྱིམ་བདག་ལ་མ་དྲིས་པར་ཁྱིམ་གཞན་དུ་མཚན་མོ་ཉལ་ན་ལྟུང་བྱེད་དོ། ། 39.མ་བརྟགས་པར་མཚན་མོ་སྐྱབས་ཡོད་པར་ཉལ་ན་ལྟུང་བྱེད་དོ། ། 40.དགེ་སློང་མ་གཞན་མེད་པར་གནས་ཁང་དུ་མཚན་མོ་ཉལ་ན་ལྟུང་བྱེད་དོ། ། 41.དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་གི་སྟེང་དུ་ཉལ་ན་ལྟུང་བྱེད་དོ། ། 42.རང་གི་ལུས་ལ་དགེ་སློང་མ་དྲིལ་ཕྱི་བྱེད་དུ་འཇུག་ན་ལྟུང་བྱེད་དོ། ། 43.རང་གི་ལུས་ལ་དགེ་སློབ་མ་དྲིལ་ཕྱི་བྱེད་དུ་འཇུག་ན་ལྟུང་བྱེད་དོ། ། 44.རང་གི་ལུས་ལ་ཁྱིམ་པ་མོ་དྲིལ་ཕྱི་བྱེད་དུ་འཇུག་ན་ལྟུང་བྱེད་དོ། ། 45.རང་གི་ལུས་ལ་ཀུན་ཏུ་རྒྱུ་མོ་དྲིལ་ཕྱི་བྱེད་དུ་འཇུག་ན་ལྟུང་བྱེད་དོ། ། 46.རང་གི་ལུས་ལ་བུད་མེད་བཀྲུ་བཤལ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། ། 47.རང་གི་ལུས་ལ་རྫས་དྲི་ཞིམ་པོ་སྐུད་ན་ལྟུང་བྱེད་ དོ། ། 48.རང་གི་ལུས་ལ་འབྲུ་མར་གྱི་ཚིགས་མ་སྐུད་ན་ལྟུང་བྱེད་དོ། ། 49.ལག་པ་སྦྲེལ་ཏེ་ཆུར་ཁྲུས་བྱེད་ན་ལྟུང་བྱེད་དོ། ། 50.པུ་ཤེལ་ཙིས་སྐྲ་འཆད་ན་ལྟུང་བྱེད་དོ། 51.སོ་མངས་ཀྱི་སྐྲ་འཚད་ན་ལྟུང་བྱེད་དོ། ། 52.སྨུག་ཤད་ཀྱིས་སྐྲ་འཆད་ན་ལྟུང་བྱེད་དོ། ། 53.པུ་ཤེལ་ཙི་དང་སོ་མངས་སྨུག་ཤད་གསུམ་ཆར་གྱིས་སྐྲ་འཆད་ན་ལྟུང་བྱེད་དོ། ། 54.སྐུ་བརྙན་ཐོགས་ན་ལྟུང་བྱེད་དོ། ། 55.ཁྱིམ་པ་མོའི་རྒྱུན་ཐོགས་ན་ལྟུང་བྱེད་དོ། ། 56.བྲོ་བརྡུང་ན་ལྟུང་བྱེད་དོ། ། 57.གླུ་ལེན་ན་ལྟུང་བྱེད་དོ། ། 58.རོལ་མོ་བྱེད་ན་ལྟུང་བྱེད་དོ། ། 59.གདུགས་ཐོགས་ན་ལྟུང་བྱེད་དོ། ། 60.མཆིལ་ལྷམ་གྱོན་ན་ལྟུང་བྱེད་དོ། ། 61.ཁྲི་ལ་འདུག་པའི་བསྙེན་བཀུར་ཉམས་སུ་ལེན་པར་བྱེད་ན་ལྟུང་བྱེད་དོ། ། 62.ཁྱིམ་གཞན་དུ་མ་བསྒོ་བར་སྟན་ལ་ཕྱིས་གནོན་བྱས་ཏེ་འདུག་ན་ལྟུང་བྱེད་དོ། ། 63.ཆོས་སྟོན་པ་ན་ཁྱིམ་པའི་སྟན་སྤྱད་པ་མ་གཏད་པར་འགྲོ་ན་ལྟུང་བྱེད་དོ། ། 64.སྐུད་པ་འཁལ་ན་ལྟུང་བྱེད་དོ། ། 65.ཁྱིམ་གྱི་ལས་བྱེད་ན་ལྟུང་བྱེད་དོ། ། 66.རྗེན་པ་འཚོད་ན་ལྟུང་བྱེད་དོ། ། 67.དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་ན་ལྟུང་བྱེད་དོ། ། 68.ཟས་ཚོང་ན་ལྟུང་བྱེད་དོ། ། 69.ལྟོ་འདུན་གྱི་ཟས་ཟོས་ནས་སྟན་ལས་ལངས་ཏེ་ཡང་ཟ་ན་ལྟུང་བྱེད་དོ། ། 70.སྒོག་སྐྱ་ཟོས་ན་ལྟུང་བྱེད་དོ། ། 71.སྨེ་གབ་མི་འཆང་ན་ལྟུང་བྱེད་དོ། ། 72.ཆུ་གོས་མི་འཆང་ན་ལྟུང་བྱེད་དོ། ། 73.བཀྲུ་བཤལ་བ་ལ་གོས་འཁྲུར་འཆོལ་ན་ལྟུང་བྱེད་དོ། ། 74.དགེ་སྦྱོང་གི་གོས་ཁྱིམ་པ་ལ་བགོ་བའི་ཕྱིར་སྦྱིན་ན་ལྟུང་བྱེད་དོ། ། 75.འཁོར་གཙོ་བོ་ལ་ཆོས་གོས་སྣམ་སྦྱར་རྗེ་ན་ལྟུང་བྱེད་དོ། ། 76.བསྔགས་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ། ། 77.ཁྱིམ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ། ། 78.གནས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ། ། 79.རྙེད་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ། ། 80.ཆོས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ། ། 81.དབྱར་ཁང་ནས་དགེ་སློང་མ་སྐྲོད་ན་ལྟུང་བྱེད་དོ། ། 82.ཁྱིམ་གཞན་ན་དགེ་སློང་མ་སྔ་ནས་གནས་པར་ཤེས་བཞིན་དུ་ཕྱིས་འོངས་ཏེ་སྐྱོད་པར་བྱེད་ན་ལྟུང་བྱེད་དོ། ། 83.དོགས་པ་མེད་པར་དགེ་སློང་མའི་ལྟུང་བ་གླེང་ན་ལྟུང་བྱེད་དོ། ། 84.མནའ་འདོར་ན་ལྟུང་བྱེད་དོ། ། 85.ཡི་མ་རངས་ནས་བདག་ཉིད་ལ་རྡེག་ན་ལྟུང་བྱེད་དོ། ། 86.དགེ་སློང་མའི་ཚོགས་ལ་བརྙས་ཐབས་བྱེད་ན་ལྟུང་བྱེད་དོ། ། 87.དགེ་སློང་མའི་ཚོགས་ལ་སྤྱོ་ན་ལྟུང་བྱེད་དོ། ། 88.འཁོར་གཙོ་བོ་ལ་ཆུ་འཐོར་ན་ལྟུང་བྱེད་དོ། ། 89.མཐུ་ཡོད་བཞིན་དུ་དགེ་སློང་མི་རྣམས་ཀྱི་འཁྲུག་ལོང་ཡལ་བར་འདོར་ན་ལྟུང་བྱེད་དོ། ། 90.ཞག་ལོན་པའི་འདུན་པ་འབུལ་ན་ལྟུང་བྱེད་དོ། ། 91.ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་ལ་གདམས་ངག་དང་རྗེས་སུ་བསྟན་པ་མི་ཉན་ན་ལྟུང་བྱེད་དོ། ། 92.དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་ན་ལྟུང་བྱེད་དོ། ། 93.དབྱར་གནས་པས་གཉིས་ཀའི་དགེ་འདུན་ལ་གནས་གསུམ་གྱིས་དགག་དབྱེ་མི་བྱེད་ན་ལྟུང་བྱེད་དོ། ། 94.དགེ་སློང་མེད་པར་གསོ་སྦྱོང་བྱེད་ན་ལྟུང་བྱེད་དོ། ། 95.དབུལ་པོ་སྲ་རྐྱང་སྦྱོར་དུ་འཇུག་ན་ལྟུང་བྱེད་དོ། ། 96.སྲ་རྐྱང་དབྱུང་བའི་ཐབས་བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་ན་ལྟུང་བྱེད་དོ། ། 97.གོས་འགྱེད་པའི་ཕྱིར་བག་ཡངས་སུ་བྱ་བའི་ཕྱིར་ཚོགས་པ་སྦྱིན་པར་མི་བྱེད་ན་ལྟུང་བྱེད་དོ། ། 98.དབྱར་ཁང་མ་གཏད་པར་དེ་ནས་གཞན་དུ་འགྲོ་ན་ལྟུང་བྱེད་དོ། ། 99.དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ། ། 100.དབྱར་གནས་པའི་འོག་རོལ་དུ་རྒྱང་གྲགས་ཀྱི་མཐར་མི་འགྲོ་ན་ལྟུང་བྱེད་དོ། ། 101.ཡུལ་འཁོར་དོགས་པ་དང་བཅས་པར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ། ། 102.ཡུལ་འཁོར་མི་མཐུན་པ་དང་བཅས་པར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ། ། 103.གནས་གཞན་དུ་འཐབ་ཀྲོལ་བྱེད་ན་ལྟུང་བྱེད་དོ། ། 104.སྐབས་མ་ཕྱེ་བར་འདྲི་ན་ལྟུང་བྱེད་དོ། ། 105.གཅིག་པུ་ཕྱི་སར་འགྲོ་ན་ལྟུང་བྱེད་དོ། ། 106.རྩྭ་སྔོན་པོའི་སྟེང་དུ་བཤང་གཅི་འདོར་ན་ལྟུང་བྱེད་དོ། ། 107.རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་གཅི་འདོར་ན་ལྟུང་བྱེད་དོ། ། (སྐབས་འདིའི་གཞུང་དཀྱུས་སུ་ལྟུང་བྱེད་ཚན་པ་གཅིག་ཆད་པ་གཤམ་གྱི་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པའི་ལྟུང་བྱེད་བཅུ་བདུན་པའི་གསུམ་པའི་སྐབས་དགེ་སློང་མ་སྤོམ་དགས་དགེ་སློང་མ་གཏུམ་མོ་རབ་ཏུ་བྱུང་བའི་གླེང་གཞི་ལ་བརྟེན་ནས་དགེ་སློང་མ་ཤེས་བཞིན་དུ་བུད་མེད་གཏུམ་མོ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། ། ཞེས་གསུངས་པ་ལྟར། བུ་སྟོན་གྱི་དགེ་སློང་མའི་གླེང་འབུམ་ནང་དུ་ཡང་སྤོམ་དགའ་མོའི་གནས་ལུགས་དང་འབྲེལ་བར་ཤེས་བཞིན་དུ་གཏུམ་མོ་རབ་ཏུ་འབྱིན་ན་ལྟུང་བྱེད་དུ་གསུངས་པས་ཚན་པ་ཆད་པ་གཅིག་པོ་དེ་དེ་ལྟར་ཁ་སྐོང་བྱས་ན་ཆོག་ལགས།) སྤྱིའི་སྡོམ་ནི། མ་ལོན་འདྲིད་དང་ནད་གཡོག་དང་། ། ཉན་དང་ཁྲི་གཅིག་པུ་ཤེལ་ཙི། ། མཆིལ་ལྷམ་སྒོག་སྐྱ་ཆོས་དང་ནི། ། འདུན་དང་མི་འགྲོ་ཐ་མ་ཡིན། ། ཚན་པ་སོ་སོའི་བར་སྡོམ་ཁག་ནི། མ་ལོན་འཁོར་དང་འཁོར་མང་པོ། ། བཅུ་གཉིས་ཉི་ཤུ་ཁྱིམ་སོ་གཉིས། ། མ་བསླབས་པ་དང་བསླབས་པ་དང་། ། ཆོས་ཚོང་སྡེ་ཚན་བསྡུས་པ་ཡིན། ། འདྲིད་དང་ལོ་རེ་མ་གནང་དང་། ། འཁྲུལ་སྦྲུམ་མྱ་ངན་རྩབ་ཀྲོལ་དང་། ། ཕན་མི་འདོགས་དང་མི་འདྲེན་དང་། ། བསླབ་པ་དག་ལ་མི་སློབ་པའོ། ། ནད་གཡོག་རྒྱ་སྐྱེགས་སོར་མོ་དང། ། ཐལ་མོ་སྤུ་དང་དབེན་གཉིས་དང་། བླ་གབ་མེད་པ་གཉིས་དང་ནི། ། རྣ་བར་བཤུབ་ཅིང་སྨྲ་བའོ། ། ཁྲི་གཅིག་ལ་ནི་ཉལ་བ་དང་། ། དྲིལ་ཕྱི་བྱེད་པ་རྣམ་ལྔ་དང་། ། བཀྲུ་བཤལ་བྱེད་དང་དྲི་ཞིམ་དང་། ། འབྲུ་མར་དང་ནི་ཆུ་འཁྲུས་སོ། ། པུ་ཤེལ་ཙི་དང་སོ་མངས་དང་། ། སྨྱོག་ཤད་གསུམ་དང་སྐུ་བརྙན་དང་། ། རྒྱན་དང་བྲོ་བརྡུང་གླུ་ལེན་དང་། ། རོལ་མོ་བྱེད་དང་གདུགས་ཐོགས་པའོ། ། སྒོག་སྐྱ་སྨྲ་གབ་ཆུ་གོས་དང་། ། འཁྲུར་འཇུག་པ་དང་དགེ་སྦྱོང་གོས། ། རྗེ་དང་བསྔགས་པ་ཁྱིམ་དང་ནི། ། གནས་དང་རྙེད་པའི་སེར་སྣའོ། ། ཆོས་དང་སྐྱོད་པ་རྣམ་གཉིས་དང་། ། གླེང་དང་མནའ་འདོར་རྡེག་པ་དང་། ། བརྙས་ཐབས་སྤྱི་དང་ཆུ་འཐོར་དང་། ། འཁྲུག་ལོང་ཡལ་བར་འདོར་བའོ། ། འདུན་པ་གདམས་ངག་དབྱར་གནས་དང་། ། དགག་དབྱེ་གསོ་སྦྱོང་ས་རྐྱང་དང་། ། དབྱུང་དང་གོས་འགྱེད་དབྱར་ཁང་དང་། ། དབྱར་གྱི་ནང་དུ་ལྗོངས་རྒྱུ་བའོ། ། མི་འགྲོ་དོགས་པ་མི་མཐུན་དང་། ། འཐབ་ཀྲོལ་བྱེད་དང་འདྲི་བ་དང་། ། གཅིག་པུ་སྔོ་དང་མ་བལྟས་པའི། ། སྡེ་ཚན་ཐ་མར་བྱས་པ་ཡིན། ། ཐུན་མོང་མིན་པ་བརྒྱ་རྩ་བརྒྱད། ། དགེ་སློང་ཐུན་མོང་བདུན་ཅུ་གཉིས། ། ལྟུང་བྱེད་འབའ་ཞིག་གྱུར་པ་ཡིན། ། སྐྱོད་དང་མ་བསྐོས་ཉི་ནུབ་དང་། ། ཟས་དང་ཆོས་གོས་གཉིས་དག་དང་། ། དོན་མཐུན་གྲུ་དང་དབེན་པ་གཉིས། ། སྦྱོར་བཅུག་ཡང་ཡང་བསོད་པ་དང་། ། ཉལ་སར་འདུག་དང་འགྲེང་བ་དང་། ། གདེང་མེད་ཉི་ཤུ་མ་ལོན་དང་། ། རས་ཆེན་ལྟུང་བ་བཅོ་བརྒྱད་པོ། ། བཀོལ་བའི་ལྷག་མ་འདིར་འདོད་དོ། ། ཞེས་གསུངས་པ་ནི་དགེ་སློང་གི་ལྟུང་བ་དགུ་བཅུའི་ནང་ནས་ལྟུང་བ་བཅོ་བརྒྱད་པོ་འདི་དག་ཕྲི་བའི་ལྷག་མ་བདུན་ཅུ་རྩ་གཉིས་ནི་དགེ་སློང་དང་ཐུན་མོང་གི་ལྟུང་བ་ཡིན་པར་འདོད་པའོ། ། ཞེས་གསུངས་པའི་དགེ་སློང་དང་ཐུན་མོང་གི་ལྟུང་བ་བདུན་ཅུ་རྩ་གཉིས་བསྣན་པས་དགེ་སློང་མའི་ལྟུང་བྱེད་ནི་བརྒྱ་དང་བརྒྱད་ཅུའོ། །

Tibetan Source 《འདུལ་བ་ཏ་པ་》ཤ་18བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number