11487

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དག་པར་བསྟན་པར་རིག་པར་བྱ་བའི་དྲི་བ་དྲིས་ལན་ཚིག་སུམ་བརྒྱ།
Tibetan Alternate
Tibetan Definition དེ་ཡང་། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བྱུང་བ་སྟེ།

1.ལས་ཡོངས་སུ་དག་པ་ནི་གང་ཞེ་ན། སྲིད་པ་གསུམ་རྨི་ལམ་ལྟ་བུར་མཐོང་ནས་དེ་ལ་འདོད་ཆགས་དང་བྲལ་བ་སྐྱེད་པ་དེ་ནི། ལས་ཡོངས་སུ་དག་པ་ཞེས་བྱའོ། ། 2.དམིགས་པ་ལས་ཡང་དག་པར་འདའ་བ་གང་ཞེ་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྒྱུ་མ་ལྟ་བུར་རིག་ནས་དེ་དག་འདོར་བ་སྟེ། འདི་ནི་དམིགས་པ་ལས་ཡང་དག་པར་འདའ་བ་ཞེས་བྱའོ། ། 3.ཕུང་པོ་ཡོངས་སུ་ཤེས་པ་གང་ཞེ་ན། ཕུང་པོ་རྣམས་ལ་སྨིག་རྒྱུ་ལྟ་བུར་འཇུག་པའོ། ། 4.ཁམས་མཉམ་པ་ཉིད་གང་ཞེ་ན། ཁམས་རྣམས་སྤྲུལ་པ་ལྟ་བུར་ངེས་པར་སྤོང་པའོ། ། 5.སྐྱེ་མཆེད་སེལ་བ་གང་ཞེ་ན། སྐྱེ་མཆེད་མིག་ཡོར་ལྟ་བུར་ངེས་པར་སྤོང་བའོ། ། 6.སྲིད་པ་སྤོང་བ་གང་ཞེ་ན། ཆོས་ཐམས་ཅད་ལ་མི་ལྟ་པའོ། ། 7.སྐྱེ་བ་མེད་པ་མངོན་སུམ་དུ་བྱེད་པ་གང་ཞེ་ན། ཆོས་ཐམས་ཅད་མི་དམིགས་པའོ། ། 8.བྱ་བ་ལ་འཇུག་པ་གང་ཞེ་ན། བརྩོན་འགྲུས་ལས་བྱུང་བའི་སྡུག་བསྔལ་ཆུད་མི་ཟ་བའོ། ། 9.རྒྱུ་བསྟན་པ་གང་ཞེ་ན། ཕུང་པོ་བྲག་ཅ་ལྟ་བུར་མངོན་པར་བསྒྲུབ་པའོ། ། 10.འབྲས་བུ་ཆུད་མི་ཟ་བ་གང་ཞེ་ན། ལས་ཀྱི་འབྲས་བུ་རྨི་ལམ་ལྟ་བུར་ཆུད་མི་ཟ་བའོ། ། 11.ཆོས་མཐོང་བ་གང་ཞེ་ན། ཆོས་ཐམས་ཅད་མི་མཐོང་པའོ། ། 12.ལམ་བསྒོམ་པ་གང་ཞེ་ན། ཆོས་ཐམས་ཅད་མི་དམིགས་པར་སྒོམ་པའོ། ། 13.དེ་བཞིན་གཤེགས་པ་དང་ཕྲད་པ་གང་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་བསླབ་པ་སྒྲུབ་པའོ། ། 14.ཤེས་རབ་རྣོ་བ་གང་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་མེད་པར་བཟོད་པའོ། ། 15.སེམས་ཅན་གྱི་རྗེས་སུ་འཇུག་པ་ཤེས་པ་གང་ཞེ་ན། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་ཡེ་ཤེས་སོ། ། 16.ཆོས་ཤེས་པ་གང་ཞེ་ན། ཆོས་ཐམས་ཅད་མི་དམིགས་པའོ། ། 17.སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པ་གང་ཞེ་ན། ཆོས་ཀྱི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། ། 18.ཡི་གེ་རབ་ཏུ་དབྱེ་བ་ཤེས་པ་གང་ཞེ་ན། གསང་སྔགས་གསུམ་སྦྱོར་བར་ཤེས་པ་དང་། རྣམ་པ་དང་རྣམ་པ་མ་ཡིན་པ་ཤེས་པའོ། ། 19.དངོས་པོ་ལས་ཡང་དག་པར་འདའ་བ་ཤེས་པ་གང་ཞེ་ན། དངོས་པོ་མེད་པར་རྟོགས་པའོ། ། 20.དབྱངས་ཤེས་པ་གང་ཞེ་ན། བྲག་ཅ་ལྟ་བུར་ཤེས་པའོ། ། 21.མཆོག་ཏུ་དགའ་བ་ཐོབ་པ་གང་ཞེ་ན། ཆོས་ཐམས་ཅད་མི་དམིགས་ཤིང་། འབྱུང་བ་དང་། སྡུག་བསྔལ་སྤངས་པ་དང་། ཁུར་བོར་བའོ། ། 22.ཆོས་ཀྱི་དགའ་བ་མྱོང་བ་གང་ཞེ་ན། གདམས་པར་བྱ་བ་དང་། མགུ་བར་བྱ་བ་མི་གཏོང་བ་དང་། རང་གི་ཐེག་པའི་ལེགས་པ་མཐོང་བའོ། ། 23.གནས་པ་པོ་གང་ཞེ་ན། འཕགས་པའི་བདེན་པ་རྟོགས་པའོ། ། 24.དྲང་པོ་གང་ཞེ་ན། སྤྱོད་ལམ་བཅོས་པ་མེད་པའོ། ། 25.བཞིན་ཁྲོ་གཉེར་མེད་པ་གང་ཞེ་ན། ཞེ་སྡང་མེད་པའོ། ། 26.དགེ་བ་གང་ཞེ་ན། འགྲོགས་ན་བདེ་བའོ། ། 27.མཉེན་པ་གང་ཞེ་ན། ཕ་རོལ་ལ་ཕན་པའི་དངོས་པོའོ། ། 28.གསོང་པོར་སྨྲ་བ་གང་ཞེ་ན། ཚུར་ཤོག་ལེགས་པར་འོངས་སོ། ། ཞེས་བྱ་བ་དང་། མྱུར་དུ་ལྡང་བའོ། ། 29.བླ་མ་ལ་གུས་པ་གང་ཞེ་ན། བླ་མ་ལ་འཇིགས་ཤིང་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པའོ། ། 30.བླ་མ་ལ་སྲི་ཞུ་བྱེད་པ་གང་ཞེ་ན། བླ་མ་ལ་རིམ་གྲོ་དང་གཡོག་བྱ་བའོ། ། 31.སྐྱེ་བས་ཆོག་ཤེས་པ་གང་ཞེ་ན། སྐྱེ་བ་ཐམས་ཅད་ལ་ཆགས་པ་མེད་པའོ། ། 32.དཀར་པོའི་ཆོས་ཀྱིས་མི་ངོམས་པ་གང་ཞེ་ན། དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་འཚོལ་ཞིང་དགེ་བ་གང་ཡིན་ཞེས་འཚོལ་བའོ། ། 33.འཚོ་བ་ཡོངས་སུ་དག་པ་གང་ཞེ་ན། ངན་ངོན་གྱིས་ཆོག་ཤེས་པ་དང་། ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། རྙེད་པས་རྙེད་པ་ལ་འདོད་པ་མེད་པའོ། ། 34.དགོན་པར་གནས་པ་མི་གཏོང་བ་གང་ཞེ་ན། དགེ་བའི་ཆོས་རྣམས་ལ་བརྩོན་པ་མི་འདོར་ཞིང་བས་མཐའི་གནས་མལ་ལ་མངོན་པར་དགའ་བ་དང་། ནགས་སྟུག་པོ་དང་། གཅོང་རོང་དང་། ཕུག་དང་སྨན་ཤོང་དུ་མངོན་པར་དགའ་བ་དང་། ཆོས་ཀྱི་དགའ་བ་མྱོང་བར་བྱེད་པ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་བ་དང་། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མ་ཆགས་པ་དང་། སྲེད་པ་སྤོང་བ་དང་། བསམ་གཏན་གྱི་དགའ་བ་མྱོང་བ་སྟེ། འདི་ནི་དགོན་པ་ལུ་གནས་པ་མི་གཏོང་བ་ཞེས་བྱའོ། ། 35.ས་ལ་གནས་པ་ཤེས་པ་གང་ཞེ་ན། ཉན་ཐོས་ཀྱི་འབྲས་བུ་རྣམ་པར་བཞག་པ་ཤེས་པ་དང་། རང་སངས་རྒྱས་ཀྱི་ས་རྣམ་པར་བཞག་པ་ཤེས་པ་དང་། བྱང་ཆུབ་སེམས་དཔའི་ས་རྣམ་པར་བཞག་པ་ཤེས་པའོ། ། 36.དྲན་པ་མི་ཉམས་པ་གང་ཞེ་ན། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡིད་ལ་བྱེད་པའོ། ། 37.ཕུང་པོ་ལ་མཁས་པའི་ཤེས་པ་གང་ཞེ་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རབ་ཏུ་དབྱེ་བའང་ཤེས་ཤིང་དེ་ལ་མི་དམིགས་པའོ། ། 38.མངོན་པར་ཤེས་པ་མངོན་སུམ་དུ་བྱེད་པ་གང་ཞེ་ན། རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པ་དང་། རྫུ་འཕྲུལ་རྣམ་པར་འཕྲུལ་པའོ། ། 39.ཉོན་མོངས་པ་སེལ་བ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤོང་བའོ། ། 40.བག་ཆགས་ཀྱི་མཚམས་སྦྱོར་བ་ལེགས་པར་འཇོམ་པ་ཤེས་པ་གང་ཞེ་ན། སྔོན་གྱི་བྱིས་པའི་སྤྱོད་པ་ལ་སྨད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མི་འདོད་པའོ། ། 41.ཁྱད་པར་དུ་འགྲོ་བ་གང་ཞེ་ན། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་སྒྲུབ་པའོ། ། 42.སྒོམ་པའི་རྒྱུ་མཐུན་པ་གང་ཞེ་ན། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པའོ། ། 43.ལྟུང་བ་ལས་འབྱིན་པ་ལ་མཁས་པ་གང་ཞེ་ན། སོ་སོ་ཐར་པ་དང་། འདུལ་བའི་སྡོམ་པའོ། ། 44.ཡོངས་སུ་དཀྲིས་པ་གནོན་པ་གང་ཞེ་ན། ཉེས་པ་བཤགས་པ་དང་། ཕྱིས་སྡོམ་པའི་ལས་དགེ་བའོ། ། 45.རྗེས་སུ་ཆགས་པ་སྤོང་བ་གང་ཞེ་ན། ཁམས་གསུམ་གྱི་སྲེད་པའི་ཁྲི་ཤིང་ཐམས་ཅད་ཡང་དག་པར་འཇོམས་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་ཚུད་མི་ཟ་བར་བྱའོ། ། 46.སྲིད་པ་ལས་ཡང་དག་པར་འདའ་བ་གང་ཞེ་ན། ཁམས་གསུམ་ལ་མི་དམིགས་ཤིང་ཡིད་ལ་མི་བྱེད་པའོ། ། 47.སྐྱེ་བ་དྲན་པ་གང་ཞེ་ན། སྔོན་གྱི་གནས་ཤེས་པའོ། ། 48.ལས་ཀྱི་རྣམ་པར་སྨིན་པ་ལ་ནེམ་ནུར་མེད་པ་གང་ཞེ་ན། ཆད་པ་དང་རྟག་པ་རྣམ་པར་སྤོང་བའོ། ། 49.ཆོས་སེམས་པ་གང་ཞེ་ན། ཡང་དག་པར་ཇི་ལྟ་བ་བཞིན་དུ་སེམས་པའོ། 50.ཐོས་པ་ཡོངས་སུ་འཚོལ་བ་གང་ཞེ་ན། ཉན་ཐོས་ཀྱི་སྡེ་སྣོད་དང་། རང་སངས་རྒྱས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀུན་འཛིན་ཅིང་སྒོམ་པའོ། ། 51.ཡེ་ཤེས་རྣོ་བ་གང་ཞེ་ན། རྨི་ལམ་ལྟ་བུར་མ་སྐྱེས་པ་ཤེས་པའོ། ། 52.ཡེ་ཤེས་ལ་སྲེད་པ་གང་ཞེ་ན། ཡེ་ཤེས་ཡོངས་སུ་འཚོལ་བའོ། ། 53.ཡེ་ཤེས་ཁོང་དུ་ཆུད་པ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་པའོ། ། 54.ཅང་ཤེས་ཀྱི་ས་གང་ཞེ་ན། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་སོ། ། 55.རི་ལྟ་བུའི་སེམས་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། ། 56.མི་གཡོ་བ་གང་ཞེ་ན། ཉོན་མོངས་པ་དག་གིས་མི་འཕྲོགས་པའོ། ། 57.མི་སྒུལ་བ་གང་ཞེ་ན། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པའོ། ། 58.ཕྱིར་མི་ལྡོག་པ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་མི་འཇིག་པ་དང་། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་རྣམས་རྒྱུན་མི་འཆད་པར་མཐོང་བའོ། ། 59.དགེ་བའི་ཆོས་ཕུན་སུམ་ཚོགས་པ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའོ། ། 60.སྡིག་པའི་ལས་ལ་སྨོད་པ་གང་ཞེ་ན། སྡོམ་པ་དང་སྡིག་པ་རྣམས་གཟོད་མ་ནས་མ་སྐྱེས་པའོ། ། 61.ཉོན་མོངས་པ་མི་འབྱུང་བ་གང་ཞེ་ན། མ་རིག་པ་དང་། སྲིད་པའི་སྲེད་པ་དང་། ཁྲོ་བ་མི་སྐྱེད་པའོ། ། 62.བསླབ་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། སངས་རྒྱས་ལ་རི་ མོར་བྱེད་པའོ། ། 63.ཏིང་ངེ་འཛིན་རྣམ་པར་གཞག་པ་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སྐྱེ་བ་དང་། འཇིག་པ་མེད་པ་ལ་མཁས་པ་དང་། སེམས་རྩེ་གཅིག་པའོ། ། 64.སེམས་ཅན་གྱི་བསམ་པ་ཤེས་པ་གང་ཞེ་ན། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་ཡེ་ཤེས་སོ། ། 65.སྐྱེ་བའི་ཁྱད་པར་ཤེས་པ་གང་ཞེ་ན། འགྲོ་བ་ལྔ་རྣམ་པར་བཞག་པ་ཤེས་པའོ། ། 66.ཡེ་ཤེས་མཐའ་ཡས་པ་གང་ཞེ་ན། འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པའི་བཟོ་ལྷུན་གྱིས་གྲུབ་པ་ཤེས་པའོ། ། 67.ཚིག་གི་མཚམས་སྦྱོར་བར་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ཤེས་པའོ། ། 68.ཁྱིམ་གྱི་གནས་ཡོངས་སུ་སྤངས་པ་གང་ཞེ་ན། ལུས་དང་སེམས་དབེན་ཞིང་མངོན་པར་བྱུང་བའོ། ། 69.ཁམས་གསུམ་ལ་མངོན་པར་མི་དགའ་བ་གང་ཞེ་ན། ཁམས་གསུམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའོ། ། 70.སེམས་མ་གོད་པ་གང་ཞེ་ན། སེམས་ཡོངས་སུ་མི་གཏོང་བ་དང་། མཉམ་པར་བཞག་པ་ཡོངས་སུ་མི་གཏོང་པའོ། ། 71.ཆོས་རྣམས་ལ་མངོན་པར་མ་ཆགས་པ་གང་ཞེ་ན། སྡུག་པ་ཐམས་ཅད་སྤོང་པའོ། ། 72.དམ་པའི་ཆོས་ཡོངས་སུ་འཛིན་པ་གང་ཞེ་ན། ། སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་སྲུང་བ་དང་། མདོ་སྡེ་འདི་ལྟ་བུ་འཛིན་པའོ། ། 73.ཆོས་སྲུང་བ་གང་ཞེ་ན། སངས་རྒྱས་ཀྱི་ཆོས་ལ་སྨོད་པ་རྣམས་ཆོས་དང་མཐུན་པས་ཚར་གཅོད་པའོ། ། 74.ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་གང་ཞེ་ན། ཁྲེལ་ཡོད་པས་སྡིག་པའི་ལས་རྣམས་སྤོང་བ་དང་། དགེ་བའི་ཆོས་རྣམས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པའོ། ། 75.འདུལ་བ་ལ་མཁས་པ་གང་ཞེ་ན། རང་བཞིན་གྱིས་ལྟུང་བ་དང་། ལྟུང་བ་མ་ཡིན་པ་ཤེས་པ་དང་། བཅས་པའི་ལྟུང་བ་དང་། ལྟུང་བ་མ་ཡིན་པ་ཤེས་པའོ། ། 76.རྩོད་པ་རྣམ་པར་ཞི་བ་གང་ཞེ་ན། འདུས་པ་རྣམ་པར་སྤངས་པའོ། ། 77.འཐབ་པ་མེད་པ་དང་། རྩོད་པ་མེད་པ་གང་ཞེ་ན། འཇིག་རྟེན་པའི་གཏམ་མི་འདོད་པའོ། ། 78.དེ་ལ་བཟོད་པའི་ས་གང་ཞེ་ན། ལུས་དང་སེམས་ལ་གནོད་པ་བཟོད་པའོ། ། 79.བཟོད་པ་ཡང་དག་པར་འཛིན་པ་གང་ཞེ་ན། ཕ་རོལ་གྱིས་ངན་དུ་སྨྲས་པ་དང་། ངན་དུ་བརྗོད་པའི་ཚིག་གི་ལམ་རྣམས་བཏང་སྙོམས་སུ་འཇོག་ཅིང་བཟོད་པ་མི་འདྲལ་པའོ། ། 80.ཆོས་རབ་ཏུ་འབྱེད་པ་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་རབ་ཏུ་དབྱེ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་རབ་ཏུ་དབྱེ་བ་དང་། དེ་དག་མི་དམིགས་པའོ། ། 81.རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་གང་ཞེ་ན། ཆོས་ཐམས་ཅད་བརྗོད་དུ་མེད་པའོ། ། 82.རབ་ཏུ་དབྱེ་བ་ཤེས་པ་གང་ཞེ་ན། ཆོས་ཐམས་ཅད་རྣམ་པར་གཞག་པ་གང་ལ་ངེས་པར་རྟོག་པའོ། ། 83.ཆོས་ཀྱི་ཚིག་བསྒྲུབ་པ་ལ་མཁས་པའི་ཤེས་པ་གང་ཞེ་ན། ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པའོ། ། 84.དོན་དང་དོན་མ་ཡིན་པ་འདྲེས་པ་སྒྲུབ་པ་ལ་མཁས་པ་ཤེས་པ་གང་ཞེ་ན། ཆོས་རྣམས་རང་བཞིན་གྱིས་བླང་བ་དང་། གཞག་པ་མེད་པའོ། ། 85.སྔོན་གྱི་མཐའ་ཤེས་པ་གང་ཞེ་ན། རྒྱུ་ཤེས་པའོ། ། 86.དེ་ལ་ཕྱི་མའི་མཐའ་ཤེས་པ་གང་ཞེ་ན།རྐྱེན་ཤེས་ པའོ། ། 87.དུས་གསུམ་མཉམ་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་ལ་ཐ་དད་དུ་བྱ་བ་མེད་པའི་དངོས་པོའི་ལུགས་ཀྱི་ཆོས་ཉིད་དོ། ། ཉིད་དོ། ། 88.འཁོར་གསུམ་ཡོངས་སུ་དག་པའི་ཤེས་པ་གང་ཞེ་ན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་མི་དམིགས་ཤིང་ཡིད་ལ་མི་བྱེད་པའོ། ། 89.སེམས་གནས་པ་གང་ཞེ་ན། སེམས་མི་དམིགས་པའོ། ། 90.ལུས་རྣམ་པར་བཞག་པ་གང་ཞེ་ན། ལུས་ལ་ཞུགས་པའི་རྗེས་སུ་དྲན་པའོ། ། 91.སྤྱོད་ལམ་སྲུང་བ་གང་ཞེ་ན། གང་འདི་བསླད་པ་མེད་པའོ། ། 92.སྤྱོད་ལམ་མི་འཁྲུགས་པ་གང་ཞེ་ན། དགེ་བ་མི་སྤྱོམས་པའོ། ། 93.སྤྱོད་ལམ་རྣམ་པར་མི་རྟོག་པ་གང་ཞེ་ན། སྡིག་པ་འདོད་པ་དང་བྲལ་པའོ། ། 94.དབང་པོ་དང་བ་གང་ཞེ་ན། ཆོས་ལ་ཞུགས་པའི་ཡིད་ལ་བྱེད་པ་དང་། རིགས་པར་སྨྲ་བ་དང་། དུས་ཤེས་པ་དང་། ཡོང་དག་པ་ཇི་ལྟ་བའི་ཆོས་རྣམས་ཡང་དག་པར་རབ་ཏུ་སྟོན་པའོ། ། 95.འཇིག་རྟེན་ཤེས་པ་གང་ཞེ་ན། ཕར་འགྲོ་བ་དང་། ཕྱིར་འོང་བ་རབ་ཏུ་ཤེས་པའོ། ། 96.ལྷུག་པར་གཏོང་བ་གང་ཞེ་ན། དངོས་པོ་རྣམས་མི་སྦེད་པ་དང་། སེར་སྣ་མེད་པའོ། 97.ལོག་བརྐྱང་པ་གང་ཞེ་ན། འགེད་པའི་ངང་ཚུལ་ཅན་ནོ། ། 98.སེམས་འཛིན་པ་མེད་པ་གང་ཞེ་ན། དད་པ་རྙོག་པ་མེད་པའོ། ། 99.ཁྲེལ་ཡོད་པ་གང་ཞེ་ན། མུ་ཅོར་མི་སྨྲ་བའོ། ། 100.ངོ་ཚ་ཤེས་པ་གང་ཞེ་ན། མངོན་དུ་གྱུར་པའོ། ། 101.མི་དགེ་བའི་སེམས་སྨད་པ་གང་ཞེ་ན། བྱིས་པའི་ཆོས་རྟོགས་པ་དང་། དེ་དག་དང་མི་འགྲོགས་པའི། ། 102.སྦྱངས་པ་མི་གཏོང་བ་གང་ཞེ་ན། ཡི་དམ་ལ་བརྟན་པའོ། ། 103.སྤྱོད་པ་ཡང་དག་པར་འཛིན་པ་གང་ཞེ་ན། སྤྱོད་པ་ལ་བརྟུལ་བ་བསྐྱེད་པའོ། ། 104.དགའ་བ་ཡང་དག་པར་སྤྱོད་པ་གང་ཞེ་ན། དགེ་བའི་ལས་ཀྱི་ཕན་ཡོན་ལ་སེམས་པའོ། ། 105.བླ་མ་དག་གི་སྟན་འདིང་ཞིང་ལྡང་བ་གང་ཞེ་ན། ང་རྒྱལ་བཅོམ་ཞིང་སྙོམ་ལས་མེད་པའོ། ། 106.ང་རྒྱལ་ཚར་གཅོད་པ་གང་ཞེ་ན། བདག་ཉིད་རྗེས་སུ་མི་དམིགས་ཤིང་རྩོམ་པ་མེད་པའོ། ། 107.སེམས་རབ་ཏུ་བཟུང་བ་གང་ཞེ་ན། དཀར་པོའི་ཆོས་ཆུད་མི་ཟ་བར་ཤེས་པའོ། ། 108.སེམས་སྤྲོ་བར་བྱ་བ་གང་ཞེ་ན། བརྩོན་འགྲུས་ཆུད་མི་ཟ་བར་ཤེས་པའོ། ། 109.དོན་སོ་སོ་ཡང་དག་པར་རིག་པའི་ཤེས་པ་གང་ཞེ་ན། བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཡེ་ཤེས་སོ། ། 110.ཡེ་ཤེས་ཁོང་དུ་ཆུད་པ་གང་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཁོང་དུ་ཆུད་པའོ། ། 111.མི་ཤེས་པ་དང་བྲལ་བ་གང་ཞེ་ན། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་ལ་སྒྲོ་འདོགས་པ་དང་བྲལ་པའོ། ། 112.སེམས་ཀྱི་འཇུག་པ་ཤེས་པ་གང་ཞེ་ན། སྐྱེ་བ་དང་འཇིག་པ་མེད་པ་ཤེས་པའོ། ། 113.ཟས་སྒྲུབ་པ་ལ་མཁས་པ་གང་ཞེ་ན། ཤེས་རབ་རྣོ་བའོ། ། 114.སྒྲ་བརྗོད་པ་ཤེས་པ་གང་ཞེ་ན། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྟན་པའོ། ། 115.རྣམ་པར་གཞག་པ་ཤེས་པ་གང་ཞེ་ན། ཡང་དག་པར་ཇི་ལྟ་བ་བཞིན་དུ་འཇུག་པ་ཤེས་པའོ། ། 116.དོན་རྣམ་པར་གཏན་ལ་དབབ་པ་གང་ཞེ་ན། འདུ་བྱེད་ཀྱི་ཕུང་པོ་ཆད་པའོ། ། 117.གནོད་པ་རྣམ་པར་སྦྱོང་བ་གང་ཞེ་ན། སྲིད་པ་ལས་ཡང་དག་པར་འདའ་བ་དང་། གཞན་དག་ཀྱང་སྲིད་པ་ལས་ཡང་དག་པར་འདའ་བ་ལ་འཛུད་པའོ། ། 118.སྐྱེས་བུ་དམ་པ་ལ་བརྟེན་པ་གང་ཞེ་ན། སངས་རྒྱས་དང་མི་འབྲལ་པའོ། ། 119.སྐྱེས་བུ་དམ་པ་དང་འགྲོགས་པ་གང་ཞེ་ན། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ལ་བརྟེན་པའོ། ། 120.སྐྱེས་བུ་དམ་པ་མ་ཡིན་པ་རྣམ་པར་སྤོང་བ་གང་ཞེ་ན། དམིགས་པ་ཅན་དང་། ། ལེ་ལོ་ཅན་རྣམས་རྣམ་པར་སྤོང་བའོ། ། 121.བསམ་གཏན་མི་འདོར་བ་གང་ཞེ་ན། འདོད་པའི་ཚེར་མ་རྣམ་པར་སྤོང་བ་དང་། བསམ་གཏན་མི་གཏོང་ཞིང་དགའ་བ་མི་འདོར་བའོ། ། 122.བསམ་གཏན་ལ་མ་ཆགས་པ་གང་ཞེ་ན། ཁམས་གསུམ་ལས་ཡང་དག་པར་འདའ་བར་མོས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མོས་པ་དང་། གང་དུ་ཤེས་རབ་ཀྱི་སྣང་བ་ལ་མོས་པའོ། ། 123.མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་གང་ཞེ་ན། མངོན་པར་ཤེས་པ་ལྔ་ལ་གནས་ནས་སངས་རྒྱས་ཀྱི་ཆོས་ཤེས་པར་དཀའ་བ་རྣམས་གཞན་ལ་ཡང་དག་པར་རབ་ཏུ་སྟོན་པའོ། ། 124.མིང་གི་བརྡ་གང་ཞེ་ན། ཡོངས་སུ་མོ་གྲུབ་པ་རྣམས་མིང་གིས་ཁོང་དུ་ཆུད་པའོ། ། 125.བཏེགས་པའི་ཐ་སྙད་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་དོ། ། 126.བཏགས་པ་འཇོམས་པ་གང་ཞེ་ན། བརྗོད་པར་ཤེས་པའོ། ། 127.འཁོར་བ་ལས་ལྡོག་པ་གང་ཞེ་ན། འཁོར་བའི་ཉེས་པ་ལ་སོ་སོར་རྟོག་པའོ། 128.རྙེད་པ་མི་འདོད་པ་གང་ཞེ་ན། ཡང་དག་པར་འདོད་པ་ཉུང་བའོ། ། 129.རྙེད་པ་དང་བཀུར་སྟི་མི་ལེན་པ་གང་ཞེ་ན། གདུང་བ་མེད་པ་དང་། སྡིག་པ་འདོད་པ་དང་བྲལ་པའོ། ། 130.བསྔགས་པ་མ་ཡིན་པས་ཞུམ་པར་མི་འགྱུར་པ་གང་ཞེ་ན། ཕུང་པོ་དང་། ཁམས་ལ་ཡོངས་སུ་རྟོག་ པ་ཤེས་པའོ། ། 131.ཡང་དག་པར་བསྔགས་པ་མི་ལེན་པ་གང་ཞེ་ན། དགེ་བ་མི་སྤྱོམས་པ་དང་། རྙེད་པ་དང་བཀུར་སྟི་ལ་བར་ཆད་དུ་རིག་པའོ། ། 132.བཀུར་སྟི་ལ་བཏང་སྙོམས་སུ་བྱེད་པ་གང་ཞེ་ན། ལས་ཀྱི་རྣམ་པར་སྨིན་པ་རྟོགས་པའོ། ། 133.བསྟི་སྟང་མེད་པ་ལ་ཞུམ་པར་མི་འགྱུར་བ་གང་ཞེ་ན། རྣལ་འབྱོར་མི་གཏོང་བའོ། ། 134.སྨད་པས་མི་འཁྲུགས་པ་གང་ཞེ་ན། འཇིག་རྟེན་གྱི་ཆོས་ལ་སོ་སོར་རྟོག་པའོ། ། 135.བསྟོད་པ་ལ་བཏང་སྙོམས་སུ་བྱེད་པ་གང་ཞེ་ན། དགེ་བའི་ཆོས་འཚོལ་ཞིང་འབྱུང་བའོ། ། 136.རྙེད་པ་མེད་ཀྱང་སེམས་འགོང་བ་མེད་པ་གང་ཞེ་ན། བདག་གིས་བྱས་པའི་ཆོས་རྣམས་ལ་སོ་སོར་རྟོག་པའོ། ། 137.ཁྱིམ་པ་དང་མི་བསྟེན་པ་གང་ཞེ་ན། ཟང་ཟིང་ཅིའང་རྣམ་པར་སྤོང་བའོ། ། 138.རབ་ཏུ་བྱུང་བ་དང་མི་བསྟེན་པ་གང་ཞེ་ན། མི་རིགས་པ་ཡོངས་སུ་སྤོང་བ་དང་། རིགས་པ་ཡོངས་སུ་འཚོལ་བའོ། ། 139.སྤྱོད་ཡུལ་མ་ཡིན་པ་རྣམ་པར་སྤོང་བ་གང་ཞེ་ན། སྒྲིབ་པ་ལྔ་རྣམ་པར་སྤོང་བའོ། ། 140.སྤྱོད་ཡུལ་ལ་རབ་ཏུ་སྤྱོད་པ་གང་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པའོ། ། 141.ཆོ་ག་ཕུན་སུམ་ཚོགས་པ་གང་ཞེ་ན། ཕ་རོལ་རྗེས་སུ་སྲུང་བའོ། ། 142.ཆོ་ག་མ་ཡིན་པ་རྣམ་པར་སྤོང་བ་གང་ཞེ་ན། བདག་གི་དགེ་བའི་ཆོས་རྗེས་སུ་སྲུང་པའོ། ། 143.རིགས་སུན་པར་མི་བྱེད་པ་གང་ཞེ་ན། ཤེས་ཀྱི་ཁེ་རྣམ་པར་སྤོང་བའོ། ། 144.བསྟན་པ་སྲུང་བ་གང་ཞེ་ན། ཆོས་ཡོངས་སུ་བཙལ་བ་སྒྲུབ་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་ནོ། ། 145.སྨྲ་བ་ཉུང་བ་གང་ཞེ་ན། ཞི་གནས་ཐོབ་པའོ། ། 146.མཉེན་པ་གང་ཞེ་ན། ལྷག་མཐོང་ཐོབ་པའོ། ། 147.ཚིག་གི་ལན་ལ་མཁས་པ་གང་ཞེ་ན། ལན་དང་། ཡང་ལན་ཤེས་པའོ། ། 148.ཕས་ཀྱི་རྒོལ་བ་ཚར་གཅོད་པ་གང་ཞེ་ན། ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། རྣམ་པར་གཞག་པར་བྱེད་པ་དང་། ཀླན་ཀ་འཚོལ་བ་ཚར་གཅོད་པའོ། ། 149.དུས་སུ་འགྲོ་བ་གང་ཞེ་ན། དུས་ཤེས་པའོ། ། 150.སོ་སོའི་སྐྱེ་བོ་ལ་ཡིད་མི་རྟོན་པ་གང་ཞེ་ན། བྱིས་པའི་ཆོས་ལ་སྐྱོན་དུ་ལྟ་བའོ། ། 151.སྡུག་བསྔལ་བ་རྣམས་ལ་བརྙས་པ་མེད་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ། ། 152.སྡུག་བསྔལ་བ་རྣམས་ལ་ནོར་རབ་ཏུ་སྦྱིན་པ་གོང་ཞེ་ན། འཇིག་རྟེན་གྱི་ཟང་ཟིང་གི་སྦྱིན་པའོ། ། 153.དབུལ་པོ་རྣམས་ལ་མི་སྨོད་པ་གང་ཞེ་ན། ཕ་རོལ་ལ་སྙིང་བརྩེ་བའི་བློའོ། ། 154.ཚུལ་ཁྲིམས་འཆལ་པ་རྣམས་ལ་སྙིང་བརྩེ་བ་གང་ཞེ་ན། ཕ་རོལ་ལྟུང་བ་ལས་བྱུང་ཞིང་ཚུལ་ཁྲིམས་ལ་རབ་ཏུ་འགོད་པའོ། ། 155.ཕན་པའི་དངོས་པོ་གང་ཞེ་ན། གཞན་ལ་ཕན་པར་བྱེད་པའོ། ། 156.སྙིང་རྗེ་བའི་བློ་གང་ཞེ་ན། སེམས་ཅན་གྱི་མ་འོངས་པའི་སྡུག་བསྔལ་ལ་ལྟ་བའོ། ། 157.ཆོས་ཀྱིས་ཕན་གདགས་པ་གང་ཞེ་ན། གཞན་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་གཟུད་པའོ། ། 158.ཟང་ཟིང་ཡོངས་སུ་གཏོང་བ་གང་ཞེ་ན། ཕུང་པོ་ཡོངས་སུ་གཏོང་བ་དང་། གཞན་ལ་ཟང་ཟིང་གིས་ཕན་འདོགས་པའོ། ། 159.སོགས་པའི་གནས་མེད་པ་གང་ཞེ་ན། ཟང་ཟིང་ལ་སྨོད་པ་དང་། སྲུང་བའི་ཉེས་པ་མཐོང་བའོ། ། 160.ཚུལ་ཁྲིམས་བསྔགས་པ་གང་ཞེ་ན། ཚུལ་ཁྲིམས་ཡོངས་སུ་རིག་པའོ། ། 161.འཆལ་བའི་ཚུལ་ཁྲིམས་ལ་སྨད་པ་གང་ཞེ་ན། འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ་ཁོང་དུ་ཆུད་པའོ། ། 162.ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དག་ལ་གཡོ་མེད་པར་བསྟེན་པ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་ལ་རྙེད་པར་དཀའ་བའི་འདུ་ཤེས་སུ་ཤེས་པའོ། ། 163.ཡོད་པ་ཐམས་ཅད་གཏོང་བ་གང་ཞེ་ན། བསམ་པ་དགེ་བའོ། ། 164.ལྷག་པའི་བསམ་པས་མགྲོན་དུ་གཉེར་བ་གང་ཞེ་ན། ཕ་རོལ་ལ་བདེ་བ་འདོད་པའོ། ། 165.སྨྲས་པ་བཞིན་བྱེད་པ་གང་ཞེ་ན། བསམ་པ་དགེ་བ་ཕུན་སུམ་ཚོགས་པའོ། ། 166.རྒྱུན་མི་ཆད་པར་བསྙེན་བཀུར་བྱེད་པ་གང་ཞེ་ན། དགེ་བ་གང་ཡིན་ཞེས་འཚོལ་ཞིང་འདྲི་བའོ། ། 167.དགའ་བ་མྱོང་བ་གང་ཞེ་ན། ཁོང་དུ་ཆུད་པའི་ཤེས་པ་དང་ལུང་གི་ཤེས་པའོ། ། 168.དཔེ་ཤེས་པ་ གང་ཞེ་ན། འདྲ་བ་ཤེས་པ་དང་། གདམས་པ་ཤེས་པའོ། ། 169.སྔོན་བྱུང་བ་ལ་མཁས་པ་གང་ཞེ་ན། སྐྱེ་བ་དྲན་པ་དང་། ཐོས་པ་མང་བའོ། ། 170.དགེ་བའི་རྩ་བ་སྔོན་དུ་འགྲོ་བ་གང་ཞེ་ན། བྱང་ཆུབ་ལ་ཤིན་ཏུ་འདུལ་བ་དང་། གཞན་དག་ཀྱང་སྤྲོ་བར་བྱེད་པའོ། ། 171.ཐབས་མཁས་པ་གང་ཞེ་ན། སོ་སོར་འཆགས་པ་དང་། རྗེས་སུ་ཡི་རང་བ་དང་། གསོལ་བ་འདེབས་པ་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ལ་མཁས་པའོ། ། 172.མཚན་མ་སྤོང་བ་གང་ཞེ་ན། ཆོས་རྣམས་རྨི་ལམ་ལྟ་བུར་རྟོགས་ནས་དངོས་པོ་རྣམ་པར་འཇིག་པའོ། ། 173.འདུ་ཤེས་ཟློག་པ་གང་ཞེ་ན། ཕྱིན་ཅི་ལོག་འདོར་བའོ། ། 174.དངོས་པོའི་མཚན་ཉིད་འདོར་བ་གང་ཞེ་ན། མཚན་ཉིད་མེད་པར་ཤེས་པའོ། ། 175.མདོ་སྡེ་མངོན་པར་སྒྲུབ་པ་ལ་མཁས་པ་གང་ཞེ་ན། དགེ་བ་དང་མི་དགེ་བའི་ཆོས་ཡང་དག་པ་ཇི་ལྟ་བ་རྣམས་དཔེ་དང་རྟོགས་པ་བརྗོད་པས་ཡང་དག་པར་རབ་ཏུ་སྟོན་པའོ། ། 176.བདེན་པ་རྣམ་པར་གཏན་ལ་དབབ་པ་གང་ཞེ་ན། རྣམ་པར་ཤེས་པ་འགོག་པ་དང་། མིང་དང་གཟུགས་མི་སྐྱེ་བའོ། ། 177.རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་གང་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མི་གཡོ་བ་དང་། མི་འཁྲུག་པའོ། ། 178.གཅིག་ཏུ་བརྗོད་པ་གང་ཞེ་ན། མུ་སྟེགས་ཅན་གྱི་གནས་སྨད་པ་དང་། མི་སྐྱེ་བར་ཤེས་པའོ། ། 179.མི་འཇིགས་པ་ཐོབ་པ་གང་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་རྟོགས་ཤིང་སྟོབས་བསྐྱེད་པའོ། ། 180.ཚུལ་ཁྲིམས་ཀྱི་གནས་གང་ཞེ་ན། ལུས་ཀྱི་སྡོམ་པ་དང་། སོ་སོར་ཐར་པའི་སྡོམ་པའོ། ། 181.སྙོམས་པར་འཇུག་པ་ལ་འཇུག་པ་གང་ཞེ་ན། ཁམས་གསུམ་ལ་འདོད་ཆགས་དང་བྲལ་བའོ། ། 182.ཤེས་རབ་ཐོབ་པ་གང་ཞེ་ན། ནུས་པ་ཤེས་པ་དང་། མི་དམིགས་པའོ། ། 183.གཅིག་པུར་དགའ་བ་གང་ཞེ་ན། འདུ་འཛིའི་ཉེས་པ་རྣམ་པར་སྤོང་བ་དང་། ཆོས་དཀར་པོ་མི་གཏོང་བའོ། ། 184.ཤེས་ཀྱི་ཁེ་ཆུང་ངུས་ཆོག་ཤེས་པ་གང་ཞེ་ན། ངན་ངོན་གྱིས་མགུ་བའོ། ། 185.སེམས་ལ་རྙོག་པ་མེད་པ་གང་ཞེ་ན། སྒྲིབ་པ་རྣམས་རྣམ་པར་གནོན་པའོ། ། 186.ལྟ་བས་བྱས་པ་རྣམ་པར་སྤོང་བ་གང་ཞེ་ན། དམིགས་པའི་ལྟ་བ་རྣམ་པར་སྤོང་བའོ། ། 187.གཟུངས་ཐོབ་པ་གང་ཞེ་ན། ཆོས་ཇི་ལྟར་མཐོང་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆགས་པ་མེད་པར་རབ་ཏུ་སྟོན་པའོ། ། 188.ཡེ་ཤེས་སྣང་བ་གང་ཞེ་ན། རང་བཞིན་ལ་འཇུག་པའོ། ། 189.གནས་གང་ཞེ་ན། ཚུལ་ཁྲིམས་ཀྱི་གནས་སོ། ། 190.གཞི་གང་ཞེ་ན། སེམས་ཀྱི་གཞིའོ། ། ། 191.རྟེན་གང་ཞེ་ན། དད་པ་ལ་བརྟེན་པའོ། ། 192.ནན་ཏན་གང་ཞེ་ན། ལམ་གྱི་ནན་ཏན་ནོ། ། 193.རྒྱུ་གང་ཞེ་ན། མ་རིག་པ་འཁོར་བའི་རྒྱུའོ། ། 194.རིགས་པ་གང་ཞེ་ན། རིགས་པ་ནི་ཐར་པའི་རིགས་པའོ། ། 195.ཚུལ་གང་ཞེ་ན། སྲེད་པ་རབ་ཏུ་སྤངས་པའོ། ། 196.སྒོ་གང་ཞེ་ན། ཉེས་པ་སྤངས་པའོ། ། 197.ལམ་གང་ཞེ་ན། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཤེས་པའོ། ། 198.ས་གང་ཞེ་ན། སྨོན་པ་མེད་པའི་ས་བཅུའོ། ། 199.སྐྱེ་བ་དང་བྲལ་བ་གང་ཞེ་ན། སྐྱེ་བ་བཅད་པའོ། ། 200.ཡེ་ཤེས་ཀྱི་ས་གང་ཞེ་ན། རྨོངས་པ་མེད་པའོ། ། 201.མི་ཤེས་པ་སྤངས་པ་གང་ཞེ་ན། གཏི་མུག་སྤངས་པའོ། ། 202.ཡེ་ཤེས་གནས་པ་གང་ཞེ་ན། མི་གནས་པའོ། ། 203.རྣལ་འབྱོར་སྤྱོད་པའི་ས་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་སྒོམ་པའོ། ། 204.བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་གོ ། 205.སྐྱེས་བུ་དམ་པ་དང་བསྟེན་པ་གང་ཞེ་ན། སངས་རྒྱས་ལ་བརྟེན་པའོ། ། 206.སྐྱེས་བུ་དམ་པ་མ་ཡིན་པ་སྤངས་པ་གང་ཞེ་ན། མུ་སྟེགས་ཅན་དམིགས་པར་ལྟ་བ་རྣམས་རྣམ་པར་སྤོང་བའོ། ། 207.དེ་བཞིན་གཤེགས་པས་གསུངས་པ་གང་ཞེ་ན། སངས་རྒྱས་ཀྱི་སྟོབས་ལ་གནས་པ་ནས་རང་བཞིན་ཤེས་པས་ཐར་པའོ། ། 208.སངས་རྒྱས་ཀྱི་ས་གང་ཞེ་ན། དགེ་བའི་ཆོས་ཐམས་ཅད་ཐོབ་པའོ། ། 209.མཁས་པས་རྗེས་སུ་ཡི་རང་བ་གང་ཞེ་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། ཉན་ཐོས་དག་གིས་རྗེས་སུ་ཡི་རོང་བའོ། ། 210.བྱིས་པ་དག་གིས་སྤངས་པ་གང་ཞེ་ན། བྱིས་པ་ཐམས་ཅད་ཀྱིས་རིག་པར་དཀའ་བའོ། ། 211.ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་དཀའ་བ་གང་ཞེ་ན། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའོ། ། 212.མུ་སྟེགས་ཅན་གྱིས་མ་ཡིན་པ་གང་ཞེ་ན། རྣལ་འབྱོར་པ་དག་གི་ལོག་པའི་ང་རྒྱལ་ལོ། ། 213.བྱང་ཆུབ་སེམས་དཔའ་དག་གིས་ཡོངས་སུ་བཟུང་བ་གང་ཞེ་ན། རྙེད་པར་དཀའ་བ་དང་། རྩི་ཆེན་པོར་གྱུར་པའོ། 214.སྟོབས་བཅུ་དག་གིས་ཁོང་དུ་ཆུད་པ་གང་ཞེ་ན། དཀའ་བའི་ཚུལ་གྱིས་སོ། ། 215.ལྷ་རྣམས་ཀྱིས་མཆོད་པར་བྱ་བ་གང་ཞེ་ན། བདེ་བ་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་རོ། ། 216.ཚངས་པ་དག་གིས་ཕྱག་བྱ་བ་གང་ཞེ་ན། ཐར་པ་ཐམས་ཅད་ཐོབ་པར་བྱེད་པའི་ཚུལ་གྱིས་སོ། ། 217.ཀླུ་རྣམས་ཀྱིས་ཕྱག་བྱ་བ་གང་ཞེ་ན། བག་ཆགས་ཐམས་ཅད་གཅོད་པའི་ཕྱིར་རོ། ། 218.གནོད་སྦྱིན་དག་གིས་རྗེས་སུ་ཡི་རང་བར་བྱ་བ་གང་ཞེ་ན། ངན་འགྲོ་ཐམས་ཅད་ཀྱི་ལམ་གཅོད་པའི་ཕྱིར་རོ། ། 219.མིའམ་ཅི་དག་གིས་ཕྱག་བྱ་བ་གང་ཞེ་ན། ཐར་པའི་རབ་ཏུ་བདེ་བ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་རོ། ། 220.ལྟོ་འཕྱེ་ཆེན་པོ་དག་གིས་རབ་ཏུ་བསྔགས་པ་གང་ཞེ་ན། འཁོར་བ་གཅོད་པའི་ཕྱིར་རོ། ། 221.བྱང་ཆུབ་སེམས་དཔའ་དག་གིས་བསྒོམ་པར་བྱ་བ་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་རོ། ། 222.མཁས་པ་དག་གིས་ཀུན་ཆུབ་པར་བྱ་བ་གང་ཞེ་ན། ཕྱིར་མི་ལྡོག་པའི་ས་ཐོབ་པར་བྱེད་པའི་ཕྱིར་རོ། ། 223.ནོར་བླ་ན་མེད་པ་གང་ཞེ་ན། ལྷ་དང་མིའི་སྐྱེ་དགུ་ཕུན་སུམ་ཚོགས་པ་ཐོབ་པ་བྱེད་པ་དང་། ཐར་པ་ཐོབ་པར་བྱེད་པའི་ཕྱིར་རོ། ། 224.སྦྱིན་པ་ཟང་ཟིང་མེད་པ་གང་ཞེ་ན། ཉོན་མོངས་པ་ཐམས་ཅད་གཅོད་པའི་ཕྱིར་རོ། ། 225.ན་བ་རྣམས་ཀྱི་རྩི་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རབ་ཏུ་ཞི་བ་བྱེད་པའི་ཕྱིར་རོ། ། 226.མཛོད་ཤེས་པ་གང་ཞེ་ན། བསྒོམ་པའི་ཕྱིར་རོ། ། 227.སྤོབས་པ་མི་ཟད་པ་གང་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། མཐོང་བའི་ཕྱིར་རོ། ། 228.མྱ་ངན་དང་བྲལ་བ་གང་ཞེ་ན། གནོད་པ་དང་། སྡུག་བསྔལ་དོན་མེད་པར་རྟོགས་ཤིང་འབྱུང་བ་དང་། ། སྡུག་བསྔལ་བདག་མེད་པར་ཤེས་པའི་ཕྱིར་རོ། ། 229.ཁམས་གསུམ་ཡོངས་སུ་ཤེས་པ་གང་ཞེ་ན། སྒྱུ་མ་དང་རྨི་ལམ་ལྟ་བུར་རྟོགས་པའོ། ། 230.ཕ་རོལ་ཏུ་འགྲོ་བ་དག་གི་གཟིངས་གང་ཞེ་ན། ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་དག་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དུ་སྒོམ་པའི་ཕྱིར་རོ། ། 231.ཆུ་བོའི་ནང་དུ་སོང་བ་དག་གི་གྲུ་གང་ཞེ་ན། མུ་ངན་ལས་འདའ་བ་ཐོབ་པར་བྱེད་པའི་ཕྱིར་རོ། ། 232.སྙན་པ་འདོད་པ་དག་གི་གྲགས་པ་གང་ཞེ་ན། ཆོས་རྒྱ་ཆེན་པོ་ཐོབ་པར་བྱེད་པའི་ཕྱིར་རོ། ། 233.སངས་རྒྱས་རྣམས་ཀྱི་བསྔགས་པ་གང་ཞེ་ན། ཡོན་ཏན་མཐའ་ཡས་པའི་རྩིའི་སྦྱིན་བདག་ཏུ་གྱུར་པའི་ཕྱིར་རོ། ། 234.དེ་བཞིན་གཤེགས་པ་རྣམས་ཀྱི་སྙན་པ་གང་ཞེ་ན། ཡོན་ཏན་དང་། བདེ་བ་ཐམས་ཅད་དང་། ཐར་པའི་སྦྱིན་བདག་ཏུ་གྱུར་པའི་ཕྱིར་རོ། ། 235.སྟོབས་བཅུ་དག་གིས་བསྟོད་པ་གང་ཞེ་ན། ཆོས་རིན་པོ་ཆེ་རྙེད་པར་དཀའ་བའི་སྦྱིན་བདག་ཏུ་གྱུར་པའི་ཕྱིར་རོ། ། 236.བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གང་ཞེ་ན། ཆོས་འདི་ལ་བསླབས་པའི་ཕྱིར་རོ། ། 237.སྙིང་རྗེ་ཅན་དག་གི་བཏང་སྙོམས་གང་ཞེ་ན། ། སངས་རྒྱས་ཀྱི་བྱ་བ་བྱས་པའི་ཕྱིར་རོ། ། 238.བྱམས་པས་ཞེ་སྡང་ཞི་བ་གང་ཞེ་ན། གཉེན་པོར་གྱུར་པའི་ཕྱིར་རོ། ། 239.ཐེག་པ་ཆེན་པོ་པ་རྣམས་དབུགས་འབྱིན་པ་གང་ཞེ་ན། སངས་རྒྱས་ཀྱི་ཆོས་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རོ། ། 240.སེང་གེའི་སྒྲ་སྒྲོག་པ་དག་གི་ནན་ཏན་གང་ཞེ་ན། ཆོས་ཀྱི་མཆོག་དང་། ཆོས་ཀྱི་དམ་པ་ཐོབ་པར་བྱེད་པའི་ཕྱིར་རོ། ། 241.སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ལམ་གང་ཞེ་ན། དགེ་བའི་ཆོས་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་རོ། ། 242.ཆོས་ཐམས་ཅད་ཀྱི་ཕྱག་རྒྱུ་གང་ཞེ་ན། ཕ་རོལ་ནས་ཚུ་རོལ་རྟོགས་པའི་ཕྱིར་རོ། ། 243.ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་འཕྲོགས་པ་གང་ཞེ་ན། མི་དགེ་བའི་ཆོས་ཐམས་ཅད་སྤོང་བར་འགྱུར་བ་དང་། དགེ་བའི་ཆོས་ཐམས་ཅད་སྒྲུབ་པ་དང་། ཐར་པ་ཐམས་ཅད་སྒྲུབ་པར་འགྱུར་བའོ། ། 244.བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེད་མོས་ཚལ་གང་ཞེ་ན། བདག་གི་བདེ་བ་དང་། དགའ་བ་དང་། མགུ་བ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྒྲུབ་པའི་ཕྱིར་རོ། ། 245.བདུད་ཀྱི་སྡེ་རྣམས་འཇིག་པར་བྱེད་པ་གང་ཞེ་ན། སྟོབས་ཐམས་ཅད་ཡོངས་སུ་སྒྲུབ་པ་དང་། ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་རོ། ། 246.བདེ་བར་འགྲོ་བའི་རིག་པ་གང་ཞེ་ན། གཙེ་བ་ཐམས་ཅད་ཟད་པར་འགྱུར་བའོ། ། 247.དོན་གྲུབ་པ་རྣམས་ཀྱི་དོན་གང་ཞེ་ན། ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་སྒྲུབ་པའི་ཕྱིར་རོ། ། 248.དགྲའི་ནང་དུ་སོང་བའི་སྐྱབས་གང་ཞེ་ན། དམིགས་པ་ཅན་ཐམས་ཅད་དང་། ལོག་པར་ལྟ་བ་རྣམས་ཕམ་པར་བྱེད་པར་འགྱུར་བའི་ཕྱིར་རོ། ། 249.ཆོས་དང་ལྡན་པས་མུ་སྟེགས་ཅན་རྣམས་ཚར་གཅོད་པ་གང་ཞེ་ན། ཆོས་དང་ལྡན་པས་མུ་སྟེགས་ཅན་ཚར་གཅོད་པའོ། ། 250.མི་འཇིགས་པའི་བདེན་པའི་རྣམ་པ་གང་ཞེ་ན། ཆོས་ཐམས་ཅད་ཡོངས་སུ་བརྟག་པ་དང་། ཕྱིར་བརྟག་པ་བཟོད་པའི་ཕྱིར་རོ། ། 251.སྟོབས་རྣམས་ཡང་དག་པར་བརྩལ་བ་གང་ཞེ་ན། མ་ལོག་པའི་ཚུལ་གྱིས་སོ། ། 252.སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྔ་ལྟས་གང་ཞེ་ན། དཀར་པོའི་ཆོས་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་རོ། ། 253.རྒྱུན་གང་ཞེ་ན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་བྱེད་པའི་ཕྱིར་རོ། ། 254.ཐར་པར་འདོད་པ་དག་གི་དགའ་བ་གང་ཞེ་ན། ཐོག་མོ་དང་། དབུས་དང་། ཐ་མར་དགེ་བའི་ཕྱིར་རོ། ། 255.བུའི་ཐུ་བོ་དག་གི་དགའ་བ་གང་ཞེ་ན། ཕའི་ནོར་སངས་རྒྱས་ཀྱི་ནོར་མྱོང་བ་ཐོབ་པར་བྱེད་པའི་ཕྱིར་རོ། ། 256.སངས་རྒྱས་ཀྱི་ཡེ་ཤེས་རྫོགས་པ་གང་ཞེ་ན། དཀར་པོའི་ཆོས་ཐམས་ཅད་རྗེས་སུ་སྲུང་བ་དང་། དཀར་པོའི་ཆོས་ཐམས་ཅད་གཞན་མ་ཡིན་པར་གསོ་བ་ཐོབ་པར་བྱེད་པའི་ཕྱིར་རོ། ། 257.ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་པ་གང་ཞེ་ན། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་རྒྱ་ཆེན་པོ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། ། 258.སེམས་རྣམ་པར་དག་པ་གང་ཞེ་ན། དྲི་མ་ཐམས་ཅད་སྤོང་བར་འགྱུར་བའོ། ། 259.ལུས་ཡོངས་སུ་དག་པ་གང་ཞེ་ན། ནད་ཐམས་ཅད་རབ་ཏུ་ཞི་བའི་ཕྱིར་རོ། ། 260.རྣམ་པར་ཐར་པ་འདོད་པ་རྣམས་ཀྱི་ཡོངས་སུ་རྫོགས་པ་གང་ཞེ་ན། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། ཞི་བར་སོ་སོར་རྟོག་པ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། ། 261.འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པ་གང་ཞེ་ན། མི་འཆི་བའི་གནས་ཡོངས་སུ་སྒྲུབ་པའི་ཕྱིར་རོ། ། 262.ཞེ་སྡང་དང་བྲལ་བ་གང་ཞེ་ན། བྱམས་པ་ཆེན་པོ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། ། 263.གཏི་མུག་གི་ས་མ་ཡིན་པ་གང་ཞེ་ན། ཆོས་ཡང་དག་པ་ཉིད་ཡོངས་སུ་སྒྲུབ་པའི་ཕྱིར་རོ། ། 264.ཡེ་ཤེས་འབྱུང་བ་གང་ཞེ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགོས་པ་ཤེས་པ་ཐམས་ཅད་བསྐྱེད་པའི་ཕྱིར་རོ། ། 265.རིག་པ་སྐྱེ་བ་གང་ཞེ་ན། ཚུལ་བཞིན་ཡིད་ལ་བྱེད་པ་ཐམས་ཅད་ཡོངས་སུ་སྒྲུབ་པའི་ཕྱིར་རོ། ། 266.མ་རིག་པ་སྤོང་བ་གང་ཞེ་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བྲལ་བར་འགྱུར་བའི་ཕྱིར་རོ། ། 267.རྣམ་པར་གྲོལ་བའི་སྙིང་པོས་ངོམས་པ་གང་ཞེ་ན། ། འཕགས་པའི་ཆེ་བ་ཉིད་ཡོངས་སུ་སྒྲུབ་པའི་ཕྱིར་རོ། ། 268.ཏིང་ངེ་འཛིན་སྙིང་པོར་བྱེད་པ་དག་གི་མཐུ་གང་ཞེ་ན། བདེ་བ་དང་དགའ་བའི་བདེ་བ་ཐམས་ཅད་དང་། སེམས་རྩེ་གཅིག་པ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། ། 269.མཐོང་བར་འདོད་པ་རྣམས་ཀྱི་མིག་གང་ཞེ་ན། བདག་ཉིད་ལྟ་བའི་ཕྱིར་རོ། ། 270.རྣམ་པར་འཕྲུལ་བར་འདོད་པ་རྣམས་ཀྱི་མངོན་པར་ཤེས་པ་གང་ཞེ་ན། སྒྲིབ་པ་མེད་པ་དང་། འདོད་པར་འགྱུར་བའི་ཆོས་ཉིད་ཀྱི་ཕྱིར་རོ། ། 271.མངོན་པར་སྒྲུབ་པར་འདོད་པ་རྣམས་ཀྱི་རྫུ་འཕྲུལ་གང་ཞེ་ན། ཆོས་ཐམས་ཅད་ལ་མི་རྟོག་པའི་ཤེས་པ་སྒྲིབ་པ་མེད་པའི་ཕྱིར་རོ། ། 272.ཐོས་པར་འདོད་པ་རྣམས་ཀྱི་གཟུངས་གང་ཞེ་ན། ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཉམ་པའི་ཕྱིར་རོ། ། 273.དྲན་པ་མི་ཉམས་པ་གང་ཞེ་ན། མྱ་ངན་ལས་འདས་པར་དམིགས་པ་རང་བཞིན་གྱིས་རྣམ་པར་ཞི་བའི་ཕྱིར་རོ། ། 274.སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་གང་ཞེ་ན། མཐའ་ཡས་པ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། ། 275.མགོན་པོ་རྣམས་ཀྱི་ཐབས་མཁས་པ་གང་ཞེ་ན། ཐམས་ཅད་བདེ་བ་དང་ལེགས་པར་འགྲོ་བའི་ཕྱིར་རོ། ། 276.ཕྲ་མོ་གང་ཞེ་ན། མྱ་ངན་ལས་འདས་པ་ལ་ དམིགས་པ་རྣམ་པར་ཞི་བའི་ཕྱིར་རོ། ། 277.ཤེས་པར་དཀའ་བ་གང་ཞེ་ན། སོ་སོར་རིག་པར་དཀའ་བའི་ཕྱིར་རོ། ། 278.མི་བརྩོན་པ་རྣམས་ཀྱིས་རིག་པར་དཀའ་བ་གང་ཞེ་ན། སྔོན་མ་ཐོས་པའི་ཕྱིར་རོ། ། 279.ཡི་གེ་རྣམས་ལྡོག་པ་གང་ཞེ་ན། ཚིག་གི་ལམ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། ། 280.སྒྲས་ཤེས་པར་དཀའ་བ་གང་ཞེ་ན། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། ། 281.མཁས་པ་དག་གིས་ཡོངས་སུ་ཤེས་པ་གང་ཞེ་ན། རིན་པོ་ཆེ་དོན་ཆེ་བའི་ཕྱིར་རོ། ། 282.དེས་པ་དག་གིས་ཤེས་པ་གང་ཞེ་ན། བཀུར་སྟི་ཀུན་ཤེས་པའི་ཕྱིར་རོ། ། 283.འདོད་པ་ཉུང་བས་རྟོགས་པ་གང་ཞེ་ན། བཀུར་སྟི་མི་སྐྱེད་པའི་ཕྱིར་རོ། ། 284.བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་གཟུང་བ་གང་ཞེ་ན། བརྩོན་པ་མི་འདོར་བའི་ཕྱིར་རོ། ། 285.དྲན་པ་ཅན་གྱིས་བཅངས་པ་གང་ཞེ་ན། བྱས་པ་ཆུད་མི་ཟ་བར་ཕྱིར་རོ། ། 286.སྡུག་བསྔལ་ཟད་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏིང་མུག་སྤོང་བར་འགྱུར་བའི་ཕྱིར་རོ། ། 287.ཆོས་མི་སྐྱེ་བ་གང་ཞེ་ན། རྣམ་པར་ཤེས་པ་ཐམས་ཅད་འགོག་པར་འགྱུར་བའི་ཕྱིར་རོ། ། 288.བསྟན་པ་གཅིག་གང་ཞེ་ན། སྲིད་པའི་འགྲོ་བ་དང་། འཆི་འཕོ་དང་། སྐྱེ་བའི་གནས་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་ཞེས་ཆོས་ཐམས་ཅད་མི་སྐྱེད་པའི་ཕྱིར་རོ། ། འདི་ནི་ཚིག་སུམ་བརྒྱ་པོ་འདི་རྣམས་དག་པར་བསྟན་པར་རིག་པར་བྱ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ཞེས་བྱའོ། ། (སྐབས་འདིར་ཞིབ་ཏུ་དབྱེ་སྐབས་དྲི་བ་དྲིས་ལན་ཉིས་བརྒྱ་བརྒྱད་ཅུ་གྱ་བརྒྱད་ལས་མི་ཡོང་བ་དཔྱད་པར་ཞུ།)

Tibetan Source 《མདོ་ཏ་པ་》ཤ་253བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number