1353

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་བཤད་རྒྱུན་ཇི་ལྟར་བྱུང་བ་བརྗོད་པ་ལ་གསུམ།
Tibetan Alternate
Tibetan Definition 1.གསར་མ་ལ་གསུམ་སྟེ།

(1)བྱ་སྤྱོད་ནི། བྱ་སྤྱོད་བྱང་ཆུབ་མཆོག་དང་སངས་རྒྱས་གསང་། ། ཕྱི་མའི་བཤད་རྒྱུན་མཉྫུ་ཤྲཱིས་སྤེལ། ། ཞེས་གསང་སྔགས་ཕྱི་འགྱུར་གསར་མའི་ལུགས་སུ་རྒྱུད་སྡེ་ཆེན་པོ་བཞིར་གྲགས་པའི་ཐོག་མ་བྱ་བ་དང་སྤྱོད་པའི་རྒྱུད་ནི། འཕགས་ཡུལ་དུ་སློབ་དཔོན་བྱང་ཆུབ་མཆོག་གི་སྐལ་པ་ཅན་དང་སངས་རྒྱས་གསང་བ་རྣམས་ནི་མཁས་པའི་ཕུལ་དུ་གྱུར་པས་སྔ་མས་བྱ་རྒྱུད་དང་། ཕྱི་མས་སྤྱོད་རྒྱུད་གཙོ་བོར་བཤད་སྒྲུབ་གཉིས་ཀ་རྩལ་འདོན་གྱིས་སྤེལ་བར་མཛད་ལ། གཞན་ཡང་ཛེ་ཏཱ་རི་ལ་སོགས་པ་རྣམས་ཀྱིས་ཀྱང་ཅི་རིགས་པར་མཛད་དོ། ། བོད་དུ་བསྟན་པ་སྔ་དར་གྱི་སྐབས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་སངས་རྒྱས་གསང་བ་སྤྱན་འདྲེན་དུ་དབས་མཉྫུ་ཤྲཱི་སོགས་བཏང་ཡང་མ་བྱོན་པར་ཀྲི་ཡོག་སྡེ་གསུམ་བཤད་པ་ཉན། ཉིད་ཀྱི་འགྲེལ་པ་རྣམས་གནང་བ་ཁྱེར་ཏེ་སླར་འོངས་ནས་བཙན་པོ་ལ་ཕུལ། སློབ་མ་རྣམས་ལའང་བཤད་པས་དར་བར་གྱུར། དེའང་དཔུང་བཟང་དང་། གསང་བ་སྤྱིའི་རྒྱུད་དང་། བསམ་གཏན་ཕྱི་མ་ལ་སོགས་པ་དང་། སྤྱོད་པའི་རྒྱུད་ཀྱི་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་སློབ་དཔོན་སངས་རྒྱས་གསང་བའི་བསྡུས་དོན་གྱི་འགྲེལ་པ་དང་། སངས་རྒྱས་གསང་བའི་གསུང་ལོ་ཙཱ་བས་ལེགས་པར་བཟུང་སྟེ་ཡི་གེར་བྱས་པ་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་འགྲེལ་པ་ཞིག་ཀྱང་འགྱུར་ཞིང་། དེ་ལ་སོགས་པ་ལ་བཤད་པ་དང་ཉན་པའི་རྒྱུན་ཡང་ཡོད་པར་སྣང་མོད། བསྟན་པ་ཕྱི་དར་གྱི་སྐབས་བ་རི་ལོ་ཙཱ་རིན་ཆེན་གྲགས་ཀྱིས་དབང་བཀའ་དུ་མའི་རྒྱུན་སྤེལ་བ་སོགས་སྐྱེས་མཆོག་དུ་མས་ལུགས་སྲོལ་ཅི་རིགས་པ་སྤེལ་ཡང་རྐང་ཚུགས་པའི་བཤད་རྒྱུན་ཆེར་མ་བྱུང་ཞིང་། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་ས་སྐྱའི་སྒོ་རུམ་དཔེ་ཁང་དུ་ལོ་གསུམ་སྐུ་མཚམས་བཅད་དེ་རྒྱུད་དང་རྒྱ་འགྲེལ་རྣམས་ལ་གཟིགས་རྟོག་དཔྱིས་ཕྱིན་པར་མཛད། བྱ་སྤྱོད་ཀྱི་སྤྱི་རྣམ་བརྩམས་ཤིང་བསྟན་པ་སྤེལ་བའི་ཐུགས་བརྩོན་ཆེན་པོ་གནང་ཡང་། དེང་སང་ནི་རྒྱུད་རྣམས་ཀྱི་ལུང་དང་། བྱ་རྒྱུད་རིགས་གསུམ་སྤྱི། དྲི་མེད་རྣམ་གཉིས། དམ་ཚིག་གསུམ་བཀོད། སྨན་བླ་ཞེ་བདུན་མ། དོན་ཞགས་ལྷ་མང་། མི་འཁྲུགས་པ་ལྷ་དགུ། བཅུ་གཅིག་ཞལ་ཀླུ་སྒྲུབ་ལུགས། ཕྱག་རྡོར་འགྲོ་བཟང་ལུགས་སོགས་ཀྱི་དབང་དང་། རྗེས་གནང་། རིག་གཏད། ལུང་སྦྱིན་པའི་རིགས་དུ་མ་དང་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལྷ་བརྒྱ་དང་ཉེར་གཉིས་མཚན་མ་གཉིས་དང་བཅས་པ། འཇམ་དབྱངས་ཨ་ར་པ་ཙ་ལྷ་ལྔའི་དབང་གི་རྒྱུན་ཙམ་ལས་བཤད་རྒྱུན་ནི་མི་བཞུགས་སོ། ། (2)རྣལ་འབྱོར་ནི༔ རྣལ་འབྱོར་རྒྱུད་ལ་མཁས་པ་རྣམ་གསུམ་སྲོལ། ། ཐོག་མར་ལོ་ཆེན་སྲས་བཞི་ཇོ་བོས་སྤེལ། ། བར་དུ་རྩ་སྣུར་འཛིམ་སོགས་ཆུ་ཕྲན་བརྒྱུ། ། ཐ་མ་བུ་སྟོན་མཁས་པའི་རྒྱ་མཚོར་འཁྱིལ། ། ཡོ་གའི་བསྟན་པ་རྨང་ནས་གསོ་བར་མཛད། ། ཅེས་རྣལ་འབྱོར་རྒྱུད་ནི། ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན། དོན་ལ་མཁས་པ་སངས་རྒྱས་གསང་བ། གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་གསུམ་གྱི་བཀའ་སྲོལ་འཕགས་ཡུལ་དུ་གྲགས་ཆེ་ཞིང་བོད་དུ་སངས་རྒྱས་གསང་བའི་བཀའ་སྲོལ་སྔ་དར་དུས་བྱུང་ཡང་ཕྱིས་སུ་རྒྱུན་མེད་ལ། ཕྱི་དར་ལ་ཀུན་སྙིང་ལུགས་ཁོ་ན་དར་བའི་ཐོག་མར་ལོ་ཆེན་རིན་ཆེན་བཟང་པོ་ཁ་ཆེར་བྱོན་ཏེ་བླ་མ་མང་པོ་བསྟེན། རྒྱུད་དང་གདམས་ངག་མང་པོ་ཉན་ནས་གསང་སྔགས་སྤྱི་དང་ཁྱད་པར་ཡོ་ག་ལ་ཤིན་ཏུ་མཁས། བོད་དུ་རྣལ་འབྱོར་གྱི་རྒྱུད་རྣམས་ཕལ་ཆེར་སྔར་ནས་ཡོད་མོད་ཀྱི་འགྲེལ་པ་དང་བསྟུན་ནས་གསར་དུ་བསྒྱུར། འགྲེལ་པའོང་དེ་ཉིད་བསྡུས་པའི་འགྲེལ་པ་དེ་ཉིད་སྣང་བ་སོགས་བསྒྱུར་ནས་འཆད་ཉན་གྱིས་ལེགས་པར་གཏན་ལ་ཕབ། ཕྱག་ལེན་ངེས་ཏིག་མཛད་དེ། ལོ་ཆུང་ལེགས་པའི་ཤེས་རབ། གུང་ཤིང་བརྩོན་འགྲུས་རྒྱལ་མཚན། གྲ་པ་གཞོན་ནུ་ཤེས་རབ། སྐྱི་ནོར་ཛྙཱ་ན་སྟེ་ཐུགས་སྲས་བཞི་གཙོ་བོར་གྱུར་པའི་སློབ་མ་མང་པོ་ལ་གནང་སྟེ་འཆད་ཉན་གྱིས་བརྒྱུད་པ་ཟིན་པ་ཤིན་ཏུ་མང་བར་བྱུང་། དེ་ནས་ཕོ་བྲང་ཞི་བ་འོད་ཀྱིས་པཎྜི་ཏ་ཀ་ལ་ཤ་སོགས་སྤྱན་དྲངས་ཏེ་འགྱུར་མང་དུ་མཛད་ཅིང་ཁྱད་པར་དཔལ་མཆོག་གི་ཧོར་ཀོང་བསབས། བཤད་རྒྱུད་རྡོ་རྗེ་རྩེ་མོ་སོགས་སློབ་མ་མང་པོ་ལ་བཤད། ཇོ་བོ་རྗེ་ཆེན་པོས་སྤྱོད་རྒྱུད་ཀྱི་དབང་དང་མན་ངག་གོ་མི་སྒོམ་ཆེན་སོགས་ལ་གནང་། དེ་ལས་སྐྱི་ནོར་ཛྷཱ་ན་དང་གཉལ་པ་ཉི་ཤེ་སོགས་རིམ་པར་བརྒྱུད་ཅིང་རྒྱ་ཆེར་སྤེལ། ཟངས་དཀར་ལོ་ཙཱས་ཀྱང་ཡོ་གའི་སྐོར་ལ་གསན་པ་རྒྱ་ཆེན་པོ་མཛད་ནས་སྨད་འགྲེལ་དུམ་བུ་གསུམ་ཡང་རྫོགས་པར་བསྒྱུར། གཉོལ་པ་ཉི་མ་ཤེས་རབ། མར་པ་རྡོར་ཡེས། གཉན་སྟོན་ཚུལ་འབར། སྤྱང་ཚང་པ་སེང་གེ་རྒྱལ་མཚན་ཏེ་ཟངས་དཀར་བུ་བཞིར་གྲགས་པ་སོགས་ལ་སྤེལ་ཞིང་བཤད་པས་ཆེས་དར་རོ། ། བར་དུ་རྩ་སྐྱ་བ་སྟོན་ཤཱཀ་གཉལ་པའི་སློབ་མ་སྣུར་ཉི་མ་འོད་ཟེར། འཛིམ་པ་བློ་ཆེན་གསུམ་གྱིས་འཆད་ཉན་གྱི་རྐང་གཙོ་བོར་བཟུང་། གཞན་ཡང་བལ་པོ་རེ་བེནྡྲ་ནས་མལ་ལོ་ཙཱ་བ་ལ་བརྒྱུད་པ་དང་། བི་བྷུ་ཏི་ཙནྡ་ནས་གཡག་སྡེ་ཟེ་དམར་བ་ལ་བརྒྱུད་པ་སོགས་སྲོལ་དུ་མ་བྱུང་། ཡང་ཕྱིས་སུ་རྒྱུན་མ་ནུབ་ཙམ་ལས་ཉག་ཤིན་ཏུ་ཕྲ་བར་གྱུར་པ་ལ། བརྒྱུད་སྲོལ་དེ་དག་གི་ཆུ་ཕྲན་བརྒྱ་རྩ་ཕྱི་མའི་ཐ་མར་རྣལ་འབྱོར་གྱི་རྒྱུད་ལ་བག་ཆགས་ལྷག་པར་སད་པ་བུ་སྟོན་མཁས་པའི་རྒྱ་མཚོ་ཆེན་པོར་འཁྱིལ་ཏེ། དེ་ཉིད་ཀྱིས་རྣལ་འབྱོར་རྒྱུད་ཀྱི་བསྡུས་པའི་དོན་འབྱུང་བའི་བཤད་པ་ཆེན་མོ། གཞན་རྣམས་ཀྱི་དཀྱིལ་ཆོག་སོགས་ཡིག་ཆ་མང་དུ་མཛད་ཅིང་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་རྨང་ནས་གསོས་སོ། ། དེང་སང་བཤད་རྒྱུན་ནི་མི་བཞུགས་ལ། དཔལ་མཆོག་རིགས་བསྡུས། རྩེ་མོ་རིགས་བསྡུས། རྡོ་རྗེ་དབྱིངས་སོགས་དབང་བཀའ་ཆེ་ཆུང་བཅུ་གསུམ། རྒྱུད་ཀྱི་ལུང་། ཆ་མཐུན་ནམ་འཕྲོས་པའི་རྒྱུད་སྦྱོར་དཀྱིལ་བཅུ་གཉིས་ཀྱི་དབང་བཀའ་ཙམ་ཞིག་བཞུགས་སོ། ། འདི་ལ་ཡོ་ག་སྟོད་ལུགས་དང་སྨད་ལུགས་ཞེས་གྲགས་པ་ནི། ལོ་ཆེན་གྱི་སྐུ་ཚེའི་སྟོད་དུ་བཤད་པ་ཤཱཀྱ་བཤེས་གཉེན་དང་ལག་ལེན་ཀུན་སྙིང་ལུགས་ལྟར་མཛད་པ་ནི་སྐུ་ཚེའི་སྟོད་ལ་བྱུང་ཡང་ས་ཆ་སྨད་དུ་དར་བ་ལ་ཡོ་ག་སྨད་ལུགས་ཞེས་བྱ་སྟེ། ཉང་སྟོད་ཀྱི་རྒྱལ་པོ་ཆོས་བློ། རིན་སྤུངས་ཀྱི་སུམ་སྟོན། བོ་དོང་གི་སྦྱང་ག་འདང་ཆུང་རྣམས་ཀྱིས་སྲོལ་བཏོད་པ་རྣམས་ཡིན་ནོ། ། ཡོ་ག་སྟོད་ལུགས་ནི་ཕྱིས་ལོ་ཆེན་གྱིས་བཤད་པ་ལག་ལེན་གཉིས་ཀ་ཀུན་སྙིང་ལུགས་ལྟར་མཛད་པ་ནི་སྐུ་ཚེའི་སྨད་ལ་བྱུང་ཡང་། ས་ཆ་སྟོད་དུ་དར་བས་དེ་སྐད་ཅེས་བྱ་སྟེ། མལ་ལོ་ཙཱ་བ་ནས་བླ་མ་ས་སྐྱ་པ་ཆེན་པོ་སོགས་ལ་བརྒྱུད་དེ་སྙན་བརྒྱུད་དུ་བཞུགས་པ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་ཕྱི་རབས་ཀྱི་གདུལ་བྱ་བློ་ཞན་ཅིང་བརྗེད་ངས་པས་སྙན་བརྒྱུད་འཛིན་མི་ནུས་པར་ནུབ་ཀྱིས་དོགས་ནས་གཞན་ཕན་སྐོར་གསུམ་སོགས་མཛད་པ་ལས་རིམ་གྱིས་མཆེད་ནས་སྦྱོང་རྒྱུད་ཀུན་རིག་གི་ཕྱག་བཞེས་གྲུབ་མཐའ་ཀུན་ལ་ད་ལྟའི་བར་དུ་དར་ཞིང་རྒྱས་སོ། ། (3)བླ་མེད་ལ་ཕ་རྒྱུད་དང་མ་རྒྱུད་གཉིས་ཏེ། [1]ཕ་རྒྱུད་ལ་གསུམ་སྟེ། <1>འདོད་ཆགས་ཀྱི་རིགས་ནི། འདུས་པ་ལུགས་སྲོལ་ཉི་ཤུ་རྩ་བཞིར་གྲགས། ། ཞེས་བླ་མེད་ཕ་རྒྱུད་གསང་བ་འདུས་པ་ལ་རྒྱ་གར་དུ་པདྨ་བཛྲ་ཆེན་པོ། ཡན་ལག་མེད་པའི་རྡོ་རྗེ། ཀླུ་སྒྲུབ། སྒེག་པའི་རྡོ་རྗེ། རྡོ་རྗེ་བཞད་པ། མགྲིན་གསུམ་དབང་པོ། དབྱངས་སྙན་སྐྱོང་བ། སངས་རྒྱས་ཡེ་ཤེས། ཤཱནྟི་པ། ཀུན་དགའ་སྙིང་པོ་སོགས་ལུགས་སྲོལ་ཉི་ཤུ་རྩ་བཞི་ཙམ་བྱུང་བར་གྲགས་པ་ལས། ཕྱི་མ་ནི་འཕགས་ཡུལ་གྱི་མཁས་པས་བཀྲལ་བ་ཡིན་ཀྱང་བླ་མེད་ཀྱི་རྒྱུད་ཡིན་ངེས་པ་ཞིག་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བས་མི་འཐད་པར་བཞེད་དོ། ། བོད་དུ་བཀའ་སྲོལ་དྲུག་ཙམ་བྱུང་བ་ལས། ། གཙོ་བོ་འཕགས་དང་ཡེ་ཤེས་ཞབས་ལུགས་གཉིས། ། ཞེས་ལུགས་སྲོལ་དེ་དག་ལས་བོད་ཀྱི་ཡུལ་འདིར་འཕགས་ལུགས། ཡེ་ཤེས་ཞབས་ལུགས། ཤཱནྟི་པའི་ལུགས། རྡོ་རྗེ་བཞད་པའི་ལུགས། པདྨ་བཛྲ་གྱི་ལུགས། ཀུན་སྙིང་གི་ལུགས་བཅས་དྲུག་བྱུང་སྟེ། སྔ་དར་གྱི་སྐབས་སུ་ལྕེ་བཀྲ་ཤིས་ཞེས་བྱ་བས་བསྒྱུར་ཞིང་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལས་ཐུགས་རྒྱུད་གསང་བ་འདུས་པ་ཞེས་གྲགས། འགྲེལ་མཛད་བཤད་པའང་བྱུང་བ་ནི་རྡོ་རྗེ་བཞད་པའི་ལུགས་ཡིན་པས་མཚོན། འོན་ཀྱང་ཕྱི་མ་རྣམས་ཀྱི་དབང་བཤད་མན་ངག་རིང་དུ་མ་དར་ཞིང་། གཙོ་བོར་འཕགས་སྐོར་ཏེ་ཀླུ་སྒྲུབ་ལུགས་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས་གཉིས་དབང་བཤད་མན་ངག་ཚང་བར་བྱོན་ཅིང་ད་ལྟའི་བར་དུ་གནས་པ་ཡིན་ནོ། ། སྔ་མ་མར་འགོས་ཇོ་བོ་ཆག་པཎ་ཆེན། ། ཕྱི་མ་རིན་བཟང་གཉན་རྭ་གཉོས་ཀྱི་ལུགས། ། ཞེས་དེ་ལ་སྔ་མ་འཕགས་ལུགས་ནི་ཕྱི་དར་གྱི་ཐོག་མར་ལོ་ཆེན་རིན་ཆེན་བཟང་པོས་འདུས་པའི་རྒྱུད་ཉིད་དང་། དེའི་འགྲེལ་པ་སྒྲོན་གསལ་སོགས་གཞུང་ཆེ་ཕྲ་མང་པོ་བསྒྱུར། དེ་དག་གི་དབང་དང་བཤད་པ་སོགས་ཀྱང་དཔྱིས་ཕྱིན་པར་གསན། གཞན་ཡང་ཕྱི་ནས་ལོ་ཙཱ་བ་མང་པོས་འཕགས་ཡུལ་ནས་ཉན་ཏེ་བསྒྱུར་བཤད་ཅི་རིགས་པར་མཛད་མོད་ཀྱི་གཙོ་བོར་མར་འགོས་ཀྱི་ལུགས་གཉིས་སུ་གྲགས་ཆེ། དེའང་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཀྱིས་སློབ་དཔོན་ནཱ་རོ་པ་དང་ཡེ་ཤེས་སྙིང་པོ་ལ་སོགས་པ་བསྟེན་ནས་གསང་བ་འདུས་པའི་སྐོར་རྣམས་ཞུས། བོད་དུ་སློབ་མ་རྣམས་ལ་བསྟན་པ་ལས་སློབ་མའི་མཆོག་ཏུ་གྱུར་པ་ཀ་ཆེན་བཞི་ལས་ཁྱད་པར་དུ་མཚུར་སྟོན་དབང་ངེ་ལ་འདུས་པའི་སྐོར་ཡོངས་སུ་རྫོགས་པར་གནང་། དེས་ཁམས་པ་རོ་མཉམ་རྡོ་རྗེ་ལ་གནང་སྟེ། རོ་མཉམ་རྡོ་རྗེས་རྒྱ་གར་དུ་འདུས་པ་ཉན་པ་ལ་བྱོན་པའི་ཚེ་ལམ་དུ་རྒྱ་གར་པ་གཉིས་མར་པ་ལ་འདུས་པ་ཉན་དུ་འོངས་པ་དང་ཕྲད་ནས་ཚུར་བྱོན། མར་པ་གཤེགས་ཟིན་པས་མཚུར་སྟོན་ལ་འདུས་པ་གསན་པ་སོགས་ནས་ཉེ་བར་བརྒྱུད་དེ་མར་ལུགས་སུ་གྲགས་སོ། ། འགོས་ལུགས་ནི་ལོ་ཙཱ་བ་ཆེན་པོ་འགོས་ཁུག་པ་ལྷས་བཙས་ཀྱིས་སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་དང་། དེ་ཝཱ་ཀ་ར་ཙནྡྲ༌དང་། བིརྻ་བྷ་དྲ་སོགས་པཎྜི་ཏ་བདུན་ཅུ། མཁའ་འགྲོ་མ་གཉིས་རྣམས་ལས་གསང་བ་འདུས་པའི་དབང་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན། བོད་དུ་སྔར་འགྱུར་བའི་རྒྱུད་འགྲེལ་ཕྲན་དང་བཅས་པ་རྣམས་ལ་འགྱུར་བཅོས་དང་ཞུས་དག་སོགས་ཤིན་ཏུ་ལེགས་པར་མཛད། སློབ་མ་རྣམས་ལ་རྒྱུ་ཆེན་བསྟན་པ་ལས་སློབ་མ་རྒྱུད་ཀྱི་ཀ་བ་ཚུགས་པ་བཞི། མན་ངག་གི་གདུང་མ་ཐེག་པ་བརྒྱད། ལས་ཚོགས་དང་ཕྲིན་ལས་ལ་མཁས་པ་དྲལ་ཕྱམ་གཤིབས་པ་ལྟ་བུ་གྲངས་མེད་ཀྱི་ནང་ནས་མར་རབ་སེང་གེ་རྒྱལ་མཚན་སོགས་སློབ་མའི་མཆོག་དྲུག་བྱུང་། དེ་དག་ལས་ཉེ་བར་བརྒྱུད་དེ་འདུས་པའི་སྐོར་ཤིན་ཏུ་དར་བ་བྱུང་བ་ཡིན་ཏེ་འགོས་ལུགས་སུ་གྲགས་སོ། ། ཡང་ཇོ་བོ་རྗེ་ཨ་ཏི་ཤས་ནག་ཚོ་ལ་གསུངས། དེས་རོང་པ་ཕྱག་སོར་པ་ལ་བཤད་པ་སོགས་ནས་ཇོ་བོ་ལུགས་སུ་གྲགས། ཡང་ཆག་ཆོས་རྗེ་དཔལ་གྱིས་པཎྜི་ཏ་རེ་བེནྡྲ་པ་སོགས་བསྟེན་ནས་འདུས་པ་གསན་པ། འུ་ཡུག་ཀུང་རབ་བླ་མ་དཔལ་སོགས་ལ་བཤད་པ་ནས་ཉེ་བར་བརྒྱུད་དེ་ཆག་ལུགས་སུ་གྲགས། ཡང་ཁ་ཆེ་པཎ་ཆེན་གྱིས་ས་སྐྱ་པཎྜི་ཏ་དང་། དཔྱལ་ཆོས་ཀྱི་བཟང་པོ་སོགས་ལ་གནང་བ་ནས་པཎ་ཆེན་ལུགས་སུ་གྲགས། དེའང་ས་པཎ་ནས་བརྒྱུད་པ་ལ་ས་ལུགས་དང་། ཆག་ལུགས་ཞེས་གཉིས་སུ་ཕྱེ་བས་འདུས་པ་ལུགས་སྲོལ་དྲུག་ཏུ་བགྲང་བར་མཛད། གཞན་ཡང་བཤད་སྲོལ་ཅུང་ཟད་འདྲ་མིན་ཡོད་པའི་རྒྱུན་སྣ་ཚོགས་པ་ཞིག་བྱུང་འདུག་གོ ། ཕྱི་མ་ཡེ་ཤེས་ཞབས་ལུགས་ནི་དང་པོར་ལོ་ཆེན་རིན་བཟང་ལས་རྐྱང་པོ་ཆོས་བློ་སོགས་ལ་དར་ཞིང་སྨྲི་ཏི་ཛྙཱ་ནས་ཀྱང་ཁམས་སུ་བཤད་པས་ཁམས་ལུགས་སུ་གྲགས་པ་བྱུང་། པཎྜི་ཏ་སུ་ན་ཡེ་ཤྲཱི་དང་གཉན་ལོ་ནས་བརྒྱུད་པས་ས་སྐྱ་པ་རྣམས་ལ་གྲགས་ཆེ་བས་ས་ལུགས་སུ་གྲགས་པ་དང་། པཎྜི་ཏ་པུཎྱེ་ཤཱི་སོགས་ལས་རྭ་ཆོས་རབ་ཀྱིས་གསན་ནས་དར་བ་རྭ་ལུགས་དང་། ཡང་གཉོས་འབྱུང་པོས་བ་ལིང་ཨཱ་ཙརྱ་བསྟེན་ཏེ་འདུས་པ་ཉན་པ་ནས་གཉོས་ལུགས་སུ་གྲགས་པ་སོགས་བྱུང་ངོ་། ། དེ་ལྟར་ལུགས་སྔ་ཕྱི་གཉིས་གའི་ཕྱོགས་ལ་བོད་ཡུལ་འདིར་ཊཱི་ཀ་དང་། སྒྲུབ་ཐབས་དཀྱིལ་ཆོག་དང་མན་ངག་གི་ཡི་གེ་སོགས་རྩོམ་མཁན་ནི་ཤིན་ཏུ་མང་པོ་ཞིག་བྱུང་བར་སྣང་ངོ་། ། <2>ཞེ་སྡང་གི་རིགས་ནི། གཤིན་རྗེའི་གཤེད་ལ་དུས་ཀྱི་རིམ་པ་ལྔ། ། འདོད་པའི་དངོས་གྲུབ་སྤྱོད་པ་སྣ་ཚོགས་དང་། ། གནོད་ལྡན་དེས་སྤྱོད་ཆ་ཤས་ཅན་རྣམས་བྱུང་། ། ཞེས་དེ་ལྟར་དུས་ཀྱི་རིམ་པ་ལྔར་དར་ཡང་ཐུན་མོང་གི་གདུལ་བྱའི་སྣང་ངོར་རྒྱུད་ཀྱི་དབང་བཤད་དངོས་སུ་དར་བར་མཛད་པ་ནི་དང་པོར་སློབ་དཔོན་ལ་ལི་ཏ་བཛྲ་དང་། བར་དུ་སངས་རྒྱས་ཡེ་ཤེས་ཞབས་དང་། མཐར་བྲམ་ཟེའི་སློབ་དཔོན་དཔལ་འཛིན་གསུམ་ལ་རིམ་བཞིན་དང་པོ། བར་པ། ཐ་མའི་ཚུལ་དུ་གཤིན་རྗེ་གཤེད་པོའི་བཀའ་བབས་ཤིང་། དེ་གསུམ་ནི་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་ཞེས་མཚན་གསོལ་ཏོ། ། ཁྱད་པར་གཤེད་སྐོར་ཀུན་འདུས་དཔལ་འཛིན་སོགས། ། རིམ་བརྒྱུད་ལྗོངས་འདིར་སྔགས་རྒྱུད་ཐོག་མར་བྱུང་། ། གཤེན་རྗེ་གཤེད་པོའི་ཆོས་སྐོར་ལ་འཕགས་ཡུལ་དུ་དུས་ཀྱི་རིམ་པ་ལྔར་བྱུང་སྟེ། བཀའ་བསྡུ་གསུམ་པའི་རྗེས་མི་རིང་བ་ནས་གཤིན་རྗེ་གཤེད་པོའི་སྔགས་རྒྱུད་དར་ཏེ་ལོ་ཉིས་བརྒྱ་ཙམ་ནི་དུས་དང་པོ་འདོད་པའི་དངོས་གྲུབ་གྱི་དུས་ཏེ་ཚོམ་བུ་སྟོང་ཕྲག་དུ་མ་ཕྱག་རྒྱ་ཆེན་པོའི་མཆོག་འབའ་ཞིག་གྲུབ། དུས་གཉིས་པ་སྤྱོད་པ་སྣ་ཚོགས་པ་གྲུབ་པ་ལོ་སུམ་བརྒྱ་ཙམ་བྱུང་སྟེ་དཀྱིལ་འཁོར་འདིར་ཞུགས་པ་ཐམས་ཅད་དོན་མ་གྲུབ་པ་ནི་གཅིག་ཀྱང་མེད་དེ་མཆོག་གྲུབ་པའང་ཤིན་ཏུ་མང་། དུས་གསུམ་པ་གནོད་པ་ཅན་ནི་ལོ་ལྔ་བརྒྱ་ལྷག་ཙམ་བྱུང་སྟེ་དངོས་གྲུབ་ཐོབ་པའང་མང་མོད་ནུས་པའི་སྒོ་ནས་མངོན་སྤྱོད་དྲག་ཤུལ་གྱི་སྦྱོར་བ་གཙོ་བོར་བྱེད་པ་བྲམ་ཟེ་ཙན་ཀ་སོགས་འདི་དུས་བྱུང་། ། བཞི་པ་ངེས་པ་ལ་སྤྱོད་པ་ནི་སློབ་དཔོན་ལ་ལི་ཏ་བཛྲ་ནས་ཀ་མ་ལ་རཀྵིཏའི་བར་ཡིན་ཏེ་བསྐྱེད་རིམ་ཕྲིན་ལས་དང་བཅས་པ་ལ་ངེས་པར་སྤྱོད་ཅིང་གྲུབ་པའོ། ། དུས་ལྔ་པ་ཆ་ཤས་ལ་སྤྱོད་པ་ནི། དེ་ནས་བརྩམས་ཏེ་ད་ལྟའི་བར་ཡིན་ལ་འཕགས་ཡུལ་དུ་མཁས་པ་སྒོ་དྲུག་ནས་ཨ་བྷ་ཡའི་དུས་ཀྱི་བར་ལོ་བརྒྱ་ཙམ་ལ་དར་ཞིང་ལས་གྲུབ་པ་མྱུར། དེ་ནས་གཤིན་རྗེ་གཤེད་དམར་དར་ཞིང་འཇིགས་མཛད་ཀྱི་ཆོས་སྐོར་ནུབ་པ་ནས་ཡུལ་དབུས་སུ་ཀླ་ཀློ་ཞུགས་པ་འདྲ་ཞིག་བྱུང་བས་ཀླ་ཀློའི་གཉེན་པོ་མཆོག་ཀྱང་སྤྱི་ཁྲོ་རྒྱས་ཡ་མནྟ་དང་སྒོས་རྡོ་རྗེ་འཇིགས་མཛད་ཆེན་པོ་ཉིད་ཡིན་ནོ། ། ལ་ལི་ཏ་དང་ཡེ་ཤེས་དཔལ་འཛིན་གསུམ། ། དང་པོ་བར་དང་ཐ་མའི་བཀའ་བབས་ཤིང་། ། དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་ནོ། ། ཁྱད་པར་གཤེད་སྐོར་དམར་ནག་འཇིགས་གསུམ་གྱི་རྒྱུད་དང་མན་ངག་གི་ཆུ་བོ་ཀུན་འདུས་པ་སློབ་དཔོན་ཆེན་པོ་དཔལ་འཛིན་སོགས་རིམ་པར་བརྒྱུད་དེ་བོད་ཡུལ་དུའང་ཅི་རིགས་པར་བྱུང་ཞིང་། ལྗོངས་འདིར་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་སྒྲུབ་ཐབས་མཛད་པར་གྲགས་པས་སྔགས་བྱུང་བའི་སྔ་ཤོས་ཡིན། རབ་ཏུ་བྱུང་བའི་སྡེ་དར་ཙམ་ན་གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་རྒྱུད་འབྱུང་། དབང་བཤད་མན་ངག་ལག་ལེན་བཅས་བྱུང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་མཐའ་ཡས་པ་སྤེལ་བས་རིག་སྔགས་གྲུབ་པ་དུ་མ་བྱོན་པས་མཚོན་སྔགས་རྒྱུད་རྣམས་ཀྱི་ཐོག་མ་ལྟ་བུར་བྱུང་ངོ་། ། ཕྱི་དར་ཅོག་གྲུ་ནག་ཚོ་རོང་ཟོམ་དཔྱལ། ། རྭ་སྐྱོ་ཞང་གཉོས་རྣམས་ལས་འཇམ་དཔལ་དངོས། ། རྭ་བའི་ལུགས་ཉིད་བཤད་སྒྲུབ་བླ་ན་འཕགས། ། བསྟན་པ་ཕྱི་དར་ལ་དང་པོ་ཅོག་གྲུ་ལོ་ཙཱ་བ་ཤེས་རབ་བླ་མས་གཤིན་རྗེ་གཤེད་ནག་གི་རྒྱུད་དང་། འཇིགས་བྱེད་རྟོགས་བདུན་གཉིས་དང་། འཇིགས་བྱེད་ཞེ་དགུ་མའི་སྒྲུབ་ཐབས་སོགས་བསྒྱུར། དགྲ་གདོང་འཇིགས་གསུམ་གྱི་དབང་དང་བཤད་པའང་དར་བར་མཛད། ནག་ཚོ་ལོ་ཙཱས་ཀྱང་ཇོ་བོ་དང་དམ་ཚིག་རྡོ་རྗེ་སོགས་ལ་གསན་ཏེ་རྒྱུད་འགྲེལ་བསྒྱུར། དབང་བསྐུར་བ་དང་རྒྱུད་བཤད་པ་སོགས་ལས་ཀྱང་མང་དུ་མཆེད། རོང་ཟོམ་ཆོས་བཟང་གིས་ཨུ་པ་ཡ་ཤྲཱི་མི་ཏྲ་ལ་བསྟེན་ཏེ་ནག་འཇིགས་གཉིས་ཀྱི་རྒྱུད་སོགས་བསྒྱུར་ནས་བཤད་པའང་མཛད་དོ། ། གཞན་ཡང་གཉོས་དང་རྭ་ལོ་དང་ཤུད་ཀེ་ལོ་ཙཱ་སོགས་མང་པོས་དམར་ནག་འཇིགས་གསུམ་སོགས་ཀྱི་རྒྱུད་གཞུང་མན་ངག་དུ་མ་གསར་དུ་བསྒྱུར་བ་དང་། འགྱུར་བཅོས་མཛད་པ་སོགས་ཤིན་ཏུ་མང་ཞིང་། ཁྱད་པར་སྲོལ་ཆེན་གཏོད་པ་པོ་ནི་དཔྱལ་ལོ་སོགས་བཞི་དང་། རྭ་སྐྱོ་ཞང་གསུམ་དང་། གཉོས་ཏེ་བརྒྱད་ཡིན་པ་ལས། སྔ་མ་ནི་གཤེད་དམར་ནག་གི་སྐོར་དེ་དཔྱལ་ལོ་ཆོས་དཔལ་བཟང་པོས་ནི་ཥྐ་ལངྐ་ལ་ཞུས་ནས་བོད་དུ་དར་བ་དང་། དཱ་ན་ཤཱི་ལས་ས་སྐྱ་པཎ་ཆེན་ལ་གནང་བ་དང་། ཆག་ལོས་ཀྱང་བི་རཱུ་པའི་གཞུང་སོགས་བསྒྱུར་ཅིང་བསྟན་པ་དང་། གློ་བོ་ལོ་ཙཱས་དརྤ་ཎ་ཨཱ་ཙ་རྱ་སོགས་ལས་གསན་ཅིང་སྤེལ་བ་རྣམས་ཏེ། དེ་དག་གི་རྒྱུན་ལས་གཤེད་དམར་གྱི་སྐོར་རྣམས་ཀྱི་དབང་ཁྲིད་མན་ངག་དང་བཅས་པ་བྱུང་བ་ཡིན་ནོ། ། རྭ་ལུགས་ནི། རྭ་ལོ་རྡོ་རྗེ་གྲགས་ཀྱིས་བལ་པོ་འབའ་རོ་ཕྱག་རྡུམ་དང་། མེ་ཙ་ལིང་བ་གཉིས་བསྟེན་ནས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་རྒྱུད་མན་ངག་དང་བཅས་པ་གསན། ཁྱད་པར་བལ་པོ་ཐུགས་རྗེ་ཆེན་པོ་ལ་དགྲ་གདོང་འཇིགས་གསུམ་སོགས་ཀྱི་སྐོར་རྫོགས་པར་གསན། བོད་དུ་ཆོས་འཁོར་ཆེན་པོ་མཛད་ཅིང་། གཤེད་སྐོར་གནང་བའི་སློབ་མ་ཁོ་ནའང་ཉིས་སྟོང་བྱུང་བར་གྲགས། གཙོ་བོར་རྭ་ཆོས་རབ་སོགས་ཏེ། དེ་དག་ལས་མཆེད་པའི་ཚུལ་ནི་སྨོས་ཀྱིས་མི་ལང་ངོ་། ། སྐྱོ་ལུགས་སུ་གྲགས་པ་ནི། བླ་མ་སྐྱོས་ཨ་མོ་གྷ་བཛྲ་སོགས་ལས། རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་རྣམས་གསན་ནས་དར་བར་མཛད་པ་ཡིན་ཞིང་། ཞང་ལུགས་ནི། གོང་གི་ཅོག་གྲུ་ལོ་ཙཱ་བ་དེས་དེ་བཱ་ཀ་ར་ཙནྡྲ་ལ་ནག་འཇིགས་གཉིས་གསན་པ་ནས་ཉེ་བར་བརྒྱུད་པ་རྣམས་ཀྱི་སྲོལ་ཡིན་ནོ། ། གཉོས་ལུགས་ནི། གཉོས་ལོ་ཙཱས་བ་ལིང་ཨཱ་ཙརྱ་སོགས་ལས་ནག་པོ་སྐོར་གསུམ་གསན་པ་ནས་མཆེད་པ་སྟེ། དེ་དག་རྣམས་ལས་འཇམ་དཔལ་རྡོ་རྗེ་འཇིགས་མཛད་བཤེས་གཉེན་གྱི་རྣམ་པར་དངོས་སུ་བྱོན་པ་རྭ་ལོ་ཆེན་པོའི་ལུགས་སྲོལ་ཉིད་བཤད་སྒྲུབ་ནུས་པའི་རྒྱུན་མ་ཆད་པས་ཕྲིན་ལས་གྲུབ་མཐའ་ཡོངས་སུ་ཁྱབ་ཅིང་བླ་ན་འཕགས་སོ། ། དེང་སང་ནི་རྒྱུད་བཤད་མི་བཞུགས་ལ། རྒྱུད་དང་རྭ་པོད་ཀྱི་ལུང་ལུགས་སྲོལ་མི་འདྲ་བ་བདུན་གྱི་དབང་བསྐུར་བའི་རྒྱུན་ངག་གི་ཁྲིད་རིམ་བཅས་བཞུགས། རྗེ་བརྒྱད་པས་ནི་འཇིགས་བྱེད་གཉོས་ལུགས་ལ་བསྔགས་པ་ཆེ་ཞིང་སྒྲུབ་དཀྱིལ་གྱི་ཡིག་ཆའང་མཛད། དེའི་དབང་ལུང་རྒྱུན་ཡང་མཆིས་སོ། ། <3>གཏི་མུག་གི་རིགས་ནི། གཏི་མུག་རིགས་རྒྱུད་མཚན་བརྗོད་ལོ་ཆེན་འགྱུར། ། བཤད་བཀའ་མན་ངག་སྔ་ཕྱིའི་ལུགས་སྲོལ་གནས། ། ཞེས་ཕ་རྒྱུད་གཏི་མུག་རིགས་ཀྱི་རྒྱུད་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པ་ཏིང་ངེ་འཛིན་དྲྭ་བའི་ལེའུ་ལས་ཕྱུང་བ་རྒྱུད་ཐམས་ཅད་ཀྱི་བདག་པོ་མཚན་ཡང་དག་པར་བརྗོད་པ་འདི་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུས་འཁོར་ལུགས་སུ་བཀྲལ། སྒེག་པ་རྡོ་རྗེས་བླ་མེད་བརྒྱུད། འཇམ་དཔལ་གྲགས་པ་དང་འཇམ་དཔལ་བཤེས་གཉེན་གྱིས་ཡོ་གར། བོད་དུ་རྫོགས་ཆེན་དང་རྒྱ་གར་དུ་དབུ་མར་བཀྲལ་པའང་ཡོད་པར་བཤད་ཅིང་། ཐོག་མར་ལོ་ཆེན་རིན་བཟང་གིས་བསྒྱུར། ཕྱིས་ནས་ལོ་ཙཱ་བ་དུ་མས་འགྱུར་བཅོས། པཎ་ཆེན་སྨྲ་ཏི་ཛྙཱ་ན་ལས་བརྒྱུད་དེ་བཤད་པའི་བཀའ་དང་། དབང་རྒྱུན་མན་ངག་དང་བཅས་པ་རྔོག་སྟོན་ཆོས་སྐུ་རྡོ་རྗེས་སྐྱི་བྱེ་མ་ལུང་པ་ལས་གསན་པ་ཡོ་གའི་ལུགས་དང་། མར་སྟོན་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས་མེ་ཏྲི་པའི་བཀའ་སྲོལ་བླ་མེད་ལུགས་ཀྱང་ཞུས་པ་དེ་དག་གི་དབང་ལུང་རྒྱུན་ད་ལྟ་མ་ནུབ་པར་གནས་པ། བརྒྱུད་པ་སྔ་མའི་བཤད་རྒྱུན་ཀྱང་མཆིས་པ་རྒྱུད་ཀྱི་རྒྱལ་པོ་འདི་ལ་ངེས་པ་རྙེད་ན་བླ་མེད་ཀྱི་རྒྱུད་མཐའ་དག་ལ་ངེས་པ་རྙེད་པར་འགྱུར་ལ། རྒྱུད་འདིའི་དོན་མ་ཤེས་ན་བླ་མེད་ཀྱི་ལམ་གྱི་གནད་མི་ཤེས་པ་ནི། དྲི་མེད་འོད་ལས། སེམས་ཅན་རྣམས་ཐེ་ཚོམ་མེད་པར་བྱ་བའི་ཕྱིར་སྔགས་ཀྱི་ཐེག་པ་ཐམས་ཅད་ལས་བསྡུས་ནས། མཚན་ཡང་དག་པར་བརྗོད་པ་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཡང་དག་པར་བསྟན་ཏོ། ། མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། ། གང་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་ནི་སྔགས་ཀྱི་ཐེག་པ་མི་ཤེས་སོ། ། གང་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་འཁོར་བ་སྟེ་ཐམས་ཅད་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་ལམ་དང་བྲལ་བས་སོ། ། ཞེས་གསུངས་ཤིང་། མཚན་ཡང་དག་པར་བརྗོད་པའི་རྒྱུད་འདི་ནི་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་ལྟར་རང་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་མཐའ་དག་སྟེར་བའི་བྱེད་པོར་གསུངས་ཤིང་། ཐ་ན་རྒྱུད་འདིའི་ཚིག་ཙམ་བཀླགས་པས་ཀྱང་སྡིག་སྒྲིབ་ཚབས་ཆེན་པོ་འདག་པ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་མྱུར་དུ་འཇུག་པ་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་བ་འདིའི་ཕན་ཡོན་གྱི་ལེའུར་གསུངས་པ་ལྟར་རོ། ། འདིའི་ལུས་རྣམ་པར་གཞག་པའང་རིགས་ལྡན་པདྨ་དཀར་པོས་ལེའུའི་གཅོད་མཚམས་བཅུ་བཞིར་མཛད་པ་སྟེ། ཞུས་དང་ལན་བཏབ་རིགས་ལ་གཟིགས། ། སྒྱུ་འཕྲུལ་དྲྭ་བས་མངོན་བྱང་ཆུབ། ། རྡོ་རྗེ་དབྱིངས་དང་ཆོས་ཀྱི་དབྱིངས། ། མེ་ལོང་སོར་རྟོག་མཉམ་པ་ཉིད། ། བྱ་གྲུབ་གཤེགས་ལྔའི་ཡོན་ཏན་བསྟོད། ། ཕན་ཡོན་བསྔགས་དང་ཡི་རང་ངོ་། ། ཞེས་པ་སྟེ། དེའང་སྒྱུ་འཕྲུལ་དྲྭ་བའི་ལེའུ་རྒྱུད་འདིའི་རྩ་བ། ལེའུ་ཕྱི་མ་རྣམས་བཤད་རྒྱུད་དམ་ཡན་ལག་གི་ཚུལ་དུ་བསྡེབས་ཏེ་དྲང་དོན་དཀྱིལ་འཁོར་དྲུག་སྤྲོ་བ་དང་ངེས་དོན་ཐིག་ལེ་དྲུག་བཤད་པ་ལྟོ་སྦྱར། དེ་ལས་སོར་རྟོག་ལེའུ་ཁོ་ནས་སྨིན་གྲོལ་གྱི་འབྲས་བུ་རྫོགས་པར་སྟོན་ཅིང་། དེ་ལས་ཀྱང་འཇིག་རྟེན་གསུམ་ན་གཞོན་ལུས་སོགས་ཤློ་ཀ་གཅིག་གིས་རྒྱུད་དོན་ཚང་བར་སྟོན་པས་རྒྱུད་སྤྱིའི་མངོན་རྟོགས་ཀྱི་ཚུལ་དུ་བསྡེབས་ཏེ་འཆད་པར་མཛད་དོ། ། མཚན་བརྗོད་འགྱུར་འགོ་མང་ཡང་དོན་འདྲ་ཞིང་། ཡཀྵ་ཏན་དང་མི་མཚུངས་པ་ནི། ཐིག་ལེ་སྟོང་པ་ཡི་གེ་བརྒྱ། ། ཞེས་པ་རྣལ་འབྱོར་རྒྱུད་དང་། ཡི་གེ་དྲུག་ཅེས་པ་བླ་མེད་དུ་བྱེད་ནས་འགྲེལ་པའི་སྲོལ་གཉིས་ཡོད་དོ། ། [2]མ་རྒྱུད་རིགས་དྲུག་ལས་སྐབས་འདིར་གསུམ་སྟེ། <1>ཧེ་རུའི་ཀའི་རིགས་ནི། བདེ་མཆོག་ལུགས་སྲོལ་ཉི་ཤུ་རྩ་བདུན་ཙམ། ། འཕགས་པའི་ཡུལ་དང་འདིར་ཡང་ཕལ་ཆེར་བྱུང་། ། ཞེས་མ་རྒྱུད་ཡང་སྙིང་འཁོར་ལོ་བདེ་མཆོག་ནི་ལུགས་སྲོལ་རྐང་ཚུགས་པ་ཉེར་དྲུག་གམ་ཉི་ཤུ་རྩ་བདུན་ཙམ་འཕགས་པའི་ཡུལ་དུ་བྱུང་བར་གྲགས་ཤིང་། བོད་འདིར་ཡང་རྩ་བཤད་ཀྱི་དབང་ལུང་བཤད་བཀའ་ཕལ་མོ་ཆེ་བྱུང་བ་སྟེ། དེའང་རྒྱ་གར་གྱི་གྲུབ་ཐོབ་ཤས་ཆེ་བ་ཞིག་རྒྱུད་འདིའི་གྲུབ་ཐོབ་ཡིན་པས་སྤྱིར་ལུགས་སྲོལ་ཤིན་ཏུ་མང་མོད། གཙོ་བོར་ཉི་ཟླ་ལྟར་གྲགས་པ་ལཱུ་དྲིལ་ནག་གསུམ་གྱི་ལུགས་གསུམ། དཱ་རི་ཀ་པ་དང་། ཌྃ་བི་པ་དང་། ཨིནྡྲ་བྷཱུ་ཏི་ཆུང་བ་དང་། ལངྐ་རྒྱལ་བ་བཟང་པོ་དང་། མི་ཐུབ་ཟླ་བ་དང་། ཤར་ཕྱོགས་ལྭ་བ་པ་སྟོང་ཉིད་ཏིང་འཛིན་དང་། ཕྱག་རྡོར་སྟོད་འགྲེལ་ལུགས་དང་། བྷ་ལྭ་བྷ་དྲ་དང་། བྲམ་ཟེ་རིན་ཆེན་རྡོ་རྗེ་རྣམས་ཀྱིས་རྩ་བའི་རྒྱུད་དེ་ལ་ལུགས་སྲོལ་རྐང་ཚུགས་པ་རེ་རེ་ཕྱེས་ཤིང་། བོད་ཡུལ་འདིར་ཡང་འགྱུར་བ་ཡིན་ནོ། ། འཕགས་པའི་ཡུལ་དུ་གྲུབ་ཐོབ་གླུ་དབྱངས་མཁན་གྱི་ལུགས་དང་། ཞབས་གཡོན་བརྐྱང་དུ་མཛད་པ་ནག་པོ་རྡོ་རྗེའི་ལུགས་དང་། གཞན་ཡང་ཀ་ལ་ཧཾ་ས་ཀུ་མཱ་རའི་ལུགས་དང་། ལྷ་ཚོགས་ཐམས་ཅད་སྐུ་མདོག་ནག་པོར་ཡོད་པ་དྷརྨ་པ་ཡི་ལུགས་དང་། ལྷ་ཚོགས་ཐམས་ཅད་གདོང་བརྙན་ཅན་དུ་འདོད་པ་ཀུ་ཀུ་ཊི་པའི་ལུགས་དང་། ཡབ་ཡུམ་སྐུ་མདོག་མཚུངས་ཤིང་ལྷ་གཞན་ཐམས་ཅད་སྐུ་མདོག་མ་ངེས་པར་འདོད་པ་གྷུཎྚ་རི་བའི་ལུགས་དང་། གཞན་ཡང་ཙ་ཊི་པ་དང་། ནཱ་ཌི་པ་དང་། གྷནྡྷོ་ཏ་པ་རྣམས་ཀྱི་ལུགས་དང་། ལྷ་ཚོགས་ཐམས་ཅད་ཕྱག་གཉིས་པར་ཡང་འདོད་པ་བཱི་ཤ་པའི་ལུགས་དང་། གཞན་ཡང་ཏནྚ་པ་དང་། བྷ་དེ་པ་ཡི་ལུགས་དང་། ཏ་ཌ་ཀ་པ་དང་། ཀཾ་ཀ་ལ་པའི་ལུགས་དང་། ལྷ་ཚོགས་ཐམས་ཅད་སྐུ་མདོག་སེར་པོར་འདོད་པ་ཛ་ཡ་ནནྡི་པའི་ལུགས་རྣམས་ཏེ་དེ་ལྟར་གྲུབ་ཐོབ་ཆེན་པོ་བཅོ་ལྔ་པོ་དེ་ཡི་ལུགས་སྲོལ་རྐང་ཚུགས་པ་རེ་བྱེད་པའང་ཡོད་དོ། ། གཞན་ཡང་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ནས་ལུང་བསྟན་པའི་སློབ་དཔོན་བྱང་ཆུབ་རྡོ་རྗེའི་ལུགས་ནི་རྒྱ་གར་དུ་རིང་དུ་མ་དར་མོད་འགྲོ་ལྡིང་གི་ཡུལ་དུ་ད་ལྟའི་བར་དུ་ཡོད་ཅིང་། བཤད་པའི་རྒྱུད་རྣམས་ལས་དཀྱིལ་འཁོར་དུ་མ་ཞིག་བསྟན་ཅིང་དེ་དག་གི་སྨིན་བྱེད་བཤད་བཀའ་དང་ཡིག་ཆ་སོགས་ཀྱང་འཕགས་ཡུལ་དུ་རྒྱ་ཆེར་བྱུང་བ་ལས། བོད་དུ་ནི་བཤད་རྒྱུད་ཀྱི་དཀྱིལ་འཁོར་དྲུག་ཙམ་བྱོན་ནོ། ། གློག་སྐྱ་མལ་ལོ་དོ་པ་པུ་ཧྲང་པ། ། རོང་གཡག་རྣམ་གཉིས་སྦལ་སྣའི་ལུགས་སོགས་ལས། ། མར་དོ་ཁྱད་འཕགས་གཟེ་པ་སོགས་ཀྱིས་བསྐྱངས། ། ཞེས་བོད་དུ་ཕྱི་དར་གྱི་ཐོག་མར་ལོ་ཆེན་རིན་བཟང་དང་འགོས་ལོ་སོགས་ཀྱིས་རྒྱུད་དང་སྒྲུབ་ཐབས་འགྲེལ་པ་སོགས་བདེ་མཆོག་སྐོར་གྱི་གཞུང་མང་དུ་བསྒྱུར། གློག་སྐྱ་ཤེས་རབ་བརྩེགས་ཀྱིས། བལ་པོ་ཕམ་ཐིང་པ་སྐུ་མཆེད་ལ་བདེ་མཆོག་གི་ཆོས་སྐོར་རྣམས་གསན་ནས། མལ་ལོ་བློ་གྲོས་གྲགས་སོགས་ལ་གནང་བ་དང་། མལ་ལོ་ཉིད་ཀྱིས་ཕམ་ཐིང་པ་སྐུ་མཆེད་སོགས་མང་པོ་བསྟེན་ནས་ཞུས་པས། བདེ་མཆོག་སྐོར་ལ་མཁས་པར་གྱུར་པ་དེ་ལ་ས་ཆེན་གྱིས་གསན་པ་སོགས་ནས་ས་སྐྱ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་ཆེས་དར། མར་པ་ལོ་ཙཱས་ནཱ་རོ་པ་ལ་བདེ་མཆོག་གི་སྐོར་རྣམས་ཀྱི་ངེས་གསང་བླ་ན་མེད་པ་གསན་ནས་ཕྱིས་བོད་དུ་སློབ་མ་རྣམས་ལ་གདམས་པ་ལས། དབང་དང་ཁྲིད་ཀྱི་སྲོལ་ཁྱད་པར་བ་མང་པོ་མར་མིའི་བཀའ་བརྒྱུད་རྣམས་ལ་དར་བར་སྣང་ཞིང་། ཁྱད་པར་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གིས། ནཱ་རོ་པའི་སློབ་མ་མེ་ན་ཀ་ཤྲཱི་སོགས་བླ་མ་མང་པོ་བསྟེན་ནས་ནཱ་རོའི་ལུགས་ཀྱི་བདེ་མཆོག་གི་དབང་། རྒྱུད་བཤད་པ་མན་ངག་དང་བཅས་པ་གསན་ཏེ་བདེ་མཆོག་གི་ཆོས་སྐོར་ལ་འགྱུར་ཡང་མང་པོ་མཛད། བོད་དུ་སློབ་མའང་མང་དུ་ཚར། ཡང་ཕམ་ཐིང་པ་སྐུ་མཆེད་གསུམ་སོགས་ལས་པུ་རོང་ལོ་ཆུང་དང་གཉོས་ལོ་སོགས་ཀྱིས་གསན་ནས་རྒྱུན་བྱུང་བའང་ཅི་རིགས་པར་ཡོད་ཅིང་། དེ་ལས་ཁྱད་པར་པུ་རོང་ལོ་ཆུང་ནས་བརྒྱུད་པ་རྣམས་ཀྱི་བཤད་སྲོལ་བཟང་ལ་ཡུན་རིང་བར་བྱུང་། ཇོ་བོ་རྗེས་ལོ་ཆེན་རིན་བཟང་དང་རོང་པ་མགར་དགེ་སོགས་ལ་གནང་ཞིང་། ཕྱི་མས་གཡག་སྡེ་ཟེ་དམར་བ་ལ་བརྒྱུད་དེ་བཤད་སྲོལ་སོགས་བྱུང་བ་དང་། ཡང་ཇོ་བོ་རྗེས་ནག་ཚོ་ལོ་ཙཱ་བ་ལ་གནང་། དེའི་རྒྱུན་ལས་སྦལ་སྤང་སྣ་བའི་རྒྱུན་ཞེས་གྲགས་པའང་བྱུང་ཞིང་། སོགས་ཁོངས་ནས་དེར་མ་ཟད་སུམ་པ་ལོ་ཙཱ་དྷརྨ་ཡོན་ཏན་གྱིས་པཎྜི་ཏ་ཛ་ཡ་སེ་ན་བསྟེན་ཏེ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་འགྲེལ་ཡན་ལག་དང་བཅས་པ་གསན་ནས་འགྱུར་ཡང་མཛད་དེ། བོད་ཡུལ་དུ་དེ་དག་གི་དབང་བཀའ་དང་བཤད་སྲོལ་སོགས་ཆེས་དར། བཤད་རྒྱུད་གཞན་རྣམས་ནི་དབང་བཀའ་བཤད་བཀའ་ཡང་ཅི་རིགས་བྱུང་བ་ལས། མར་པ་དོ་པའི་ལུགས་སྲོལ་ཉིད་ཁྱད་དུ་འཕགས་ཤིང་། དེའི་སློབ་མ་གཙང་གི་མཁས་པ་རྒྱ་ནམ་དོ་གཟེ་པ་བློ་ལྡན་སོགས་ཀྱིས་ཆོས་རྒྱུད་ལེགས་པར་བསྐྱངས་ཏེ་བཤད་སྒྲུབ་ཀྱི་རྒྱུན་གྲུབ་མཐའ་ཀུན་ལ་འཕེལ། རྒྱུད་པ་དེ་དག་ལས་བུ་སྟོན་རིན་པོ་ཆེས་རྩ་རྒྱུད་དང་ཀུན་སྤྱོད་ལ་ཊཱི་ཀ་མཛད་པའི་བཤད་རྒྱུན་དགེ་ཕྱོགས་ལ་ད་ལྟའི་བར་དུ་བཞུགས་ཤིང་། དབང་བསྐུར་ཟུར་བཀའ་ཉི་ཤུ་ལྷག་ཙམ་དང་། ལཱུ་དྲིལ་ནག་གསུམ་གྱི་ཁྲིད། ཡུམ་བཀའི་བསྐྱེད་རྫོགས་ཀྱི་རིགས་མང་པོ་མ་ཆད་པར་བཞུགས་སོ། ། <2>རྟག་པའི་རིགས་ནི། མཱ་ཧཱ་མཱ་ཡཱ་གདན་བཞི་སངས་རྒྱས་ཐོད་པ་ཡང་། ། མར་ལོ་གྱི་ཇོའི་དྲིན་ལས་རིང་དུ་དར། ། ཞེས་མ་ཧཱ་མཱ་ཡཱ་ནི། རྒྱ་གར་དུ་སློབ་དཔོན་འདུལ་བས་བྱིན་དང་རིན་འབྱུང་ཞི་བ་ལ་སོགས་པའི་བཀའ་སྲོལ་རྣམ་གྲངས་འགའ་ཞིག་བཞུགས་པའི་རྒྱུན་འགོས་ལོ་དང་ཇོ་བོ་རྗེ་གཉིས་ཀྱིས་འགྱུར་བཤད་དར་བར་མཛད་ཀྱང་ད་ལྟ་རྒྱུན་མི་སྣང་ལ། རྗེ་མར་པས་ཞི་བ་བཟང་པོ་ལ་གསན། དབང་བཤད་མན་ངག་བཅས་བྱུང་བའི་དབང་ཁྲིད་དང་རྒྱུད་འགྲེལ་ཇོ་ནང་རྗེ་བཙུན་ཆེན་པོས་མཛད་པ་ལས་ཁྲིད་ལུང་ཙམ་བཞུགས། རྟག་པའི་རིགས་རྡོ་རྗེ་གདན་བཞི་ནི་རྒྱ་གར་དུ་རྩ་རྒྱུད་ལ་བརྟེན་པ་ཨཱརྱ་དེ་བའི་ལུགས་དང་བསྡུས་རྒྱུད་ལ་བརྟེན་པ་སློབ་དཔོན་བྷ་བ་བྷ་དྲའི་ལུགས་གཉིས་བྱུང་། བོད་དུ་པཎྜི་ཏ་སྨྲི་ཏིའི་རང་འགྱུར་གྱི་སྐོར་འགོས་ཁུག་པའི་ལུགས། ག་ཡ་དྷ་ར་དང་འབྲོག་མི་དཔོན་སློབ་ཀྱིས་ཀྱང་འགྱུར་བཤད་མཛད་པ་ལས། གཙོ་བོར་རྗེ་མར་པས་ཌཱ་ཀི་མ་མི་རུས་ཀྱི་རྒྱན་ཅན་སོགས་ལས་གསན་ཏེ་དབང་བཤད་མན་ངག་ཆ་ཚང་བར་བྱུང་བ་ལས་ད་ལྟའང་དབང་དང་ཁྲིད་རྒྱུན་མ་ཆད་པར་བཞུགས། སངས་རྒྱས་ཐོད་པ་གྲུབ་ཆེན་ས་ར་ཧའི་མན་ངག་ལུགས་དང་། སློབ་དཔོན་ཨ་བྷ་ཡའི་ལུགས་གཉིས་ཀ་བོད་དུ་གྱི་ཇོ་ལོ་ཙཱ་བ་རང་སྤོང་ཞོ་གསལ་བ་གྲགས་རྣམས་ཀྱིས་བསྒྱུར་བཤད་མཛད་ཀྱང་ད་ལྟ་མར་པ་ལས་བརྒྱུད་པའི་དབང་རྒྱུན་ཙམ་བཞུགས། དེ་དག་གི་རྒྱུད་གསར་མ་རྒྱུད་འབུམ་གྱི་ཁྲོད་ན་གང་བཞུགས་རྣམས་ཀྱང་ལུང་རྒྱུན་ཡོད་དེ་མདོར་ན་ལོ་ཙཱ་བ་དེ་དག་གི་བཀའ་དྲིན་ལས་རྒྱུད་སྡེ་མང་པོའི་དབང་བཤད་གདམས་ངག་བཅས་ཡུན་རིང་པོའི་བར་དུ་དར་ཞིང་དེ་ལས་གྲུབ་པ་ཐོབ་པའང་མཐའ་ཡས་པ་བྱོན་མོད། ད་ལྟ་ནི་བཤད་སྒྲུབ་ཀྱི་ཉག་ཤིན་ཏུ་ཕྲ་བས་བསྟན་པ་ལ་དགོངས་པ་རྣམས་ཀྱིས་འབད་པ་ཆེན་པོས་ཆོས་ཟབ་མོ་འདི་དག་གི་རྒྱུན་འཛིན་པ་ལ་བརྩོན་པ་ཅི་ནས་ཞུའོ། ། གཞན་ཡང་རྟའི་རྒྱལ་པོའི་རིགས་སྒྲོལ་མའི་བྱུང་བ་དོན་དམ་པའི་རྒྱུད་ལ་ལཱི་ལ་བཛྲ་དང་ལོ་ཀ་པྲ་དའི་ལུགས་གཉིས་བྱུང་། དབང་རྒྱུད་བཤད་མན་ངག་བཅས་གྲུབ་ཆེན་ཞི་སྦས་ཞབས་ལས་བརྒྱུད་དེ་རྗེ་བཙུན་ཏཱ་ར་ནཱ་ཐས་བསྒྱུར་བཤད་མཛད་པས་དེང་སང་དབང་དང་མན་ངག་བཤད་ལུང་གི་རྒྱུན་ཙམ་བཞུགས་སོ། ། འདིར་རྟག་པའི་རིགས་གདན་བཞི་ཁོ་ན་ཡིན་ཀྱང་ཚིགས་བཅད་ཀྱི་དབང་གིས་ཞུས་པས་སྟོན་པའོ། ། <3>རྡོ་རྗེ་སེམས་དཔའི་རིགས་ནི། དུས་འཁོར་གྱི་ཇོ་ཛ་མི་རྭ་འབྲོ་གཉིས། ། པཎ་ཆེན་ཆག་དཔྱལ་རོང་ལུགས་མང་བྱོན་པའི། ། སྒྲུབ་དང་བཤད་བཀའ་ཇོ་ཞལ་གཉིས་ལ་བབས། ། རྒྱུད་བཤད་སྲོག་རྩ་བུ་སྟོན་ཆེན་པོས་མཐུད། ། ཅེས་དུས་འཁོར་རྒྱ་གར་ཡུལ་དུ་ཤིན་ཏུ་དར་ཡང་རྒྱུད་དང་འགྲེལ་པ་གཉིས་ཀ་ཞལ་ཤིན་ཏུ་གསལ་བས་ལུགས་སྲོལ་མི་འདྲ་བ་མེད། སློབ་དཔོན་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེ་དང་། སློབ་དཔོན་ཙི་ལུ་པ་དང་། པི་ཊོ་ཨཱ་ཙརྱ་གསུམ་སོ་སོས་རེ་རེ་ཞིང་ཤམྦྷ་ལ་ནས་སྤྱན་དྲངས་པ་ལ་ཤོ་ལོ་ཀ་རེ་རེ་གཉིས་གཉིས་མང་ཉུང་ཡོད་ཟེར། བོད་དུ་ཐོག་མར་པཎྜི་ཏ་ཤྲཱི་བྷ་དྲ་བོ་དྷི་དང་། གྱི་ཇོ་ལོ་ཙཱས་རྒྱུད་འགྲེལ་བསྒྱུར་ནས་དབང་བཤད་མན་ངག་གི་སྲོལ་བཏོད་པ་ཕྲོམ་ལོ་ཙཱ་བ་སོགས་ལས་བརྒྱུད་པ་གྱི་ཇོ་ལུགས། ཙ་མི་སངས་རྒྱས་གྲགས་ཀྱིས་དུས་ཞབས་པ་ལས་གསན་ཏེ་འགྲེལ་ཆེན་བསྒྱུར་ནས། རྒྱ་ལོ་སོགས་སློབ་མ་རྣམས་ལ་བཤད་པ་ཙ་མི་ལུགས་དང་། རྭ་ཆོས་རབ་ཀྱིས་བལ་པོ་པཎྜི་ཏ་ས་མནྟ་ཤྲཱི་ལས་རྒྱུད་འགྲེལ་གསན་ནས་བསྒྱུར་བ་ལས། རྭ་ཡེ་ཤེས་སེང་གེ་སོགས་ལ་མཆེད་པ་རྭ་ལུགས་དང་། འབྲོ་ལོ་ཙཱ་བས་ཁ་ཆེ་ཟླ་བ་མགོན་པོ་བསྟེན་ནས་མཆོག་མི་འགྱུར་གྱི་ལེའུ་མ་གཏོགས་རྒྱུད་འགྲེལ་རྫོགས་པར་བསྒྱུར། དབང་བཤད་མན་ངག་དང་བཅས་པ་མནོས། ཕྱིས་པཎྜི་ཏས་མཆོག་མི་འགྱུར་ལ་རང་འགྱུར་མཛད། པཎ་ཆེན་ལ་འཕན་ཡུལ་གྲབ་སྒོམ་གྱིས་ཐུག་སྟེ་དུས་འཁོར་ལ་མཁས་གྲུབ་གཉིས་ལྡན་དུ་གྱུར། དེས་སྒྲོ་སྟོན་ལ་བཤད་པ་སོགས་ནས་དར་བ་འབྲོ་འགྱུར་གྱི་སྟེང་ནས་བཤད་པ་བྱེད་པའི་སྲོལ་ཡོད་པས་འབྲོ་ལུགས་དང་། གཞན་ཡང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ཆག་དགྲ་བཅོམ་དང་དཔྱལ་ཆོས་ཀྱི་བཟང་པོ་ས་སྐྱ་པཎ་ཆེན་གསུམ་ལ་གནང་བའི་ལུགས་སྲོལ་གསུམ་དང་། རོང་གླིང་ལོ་ཙཱ་བ་རྡོ་རྗེ་དབང་ཕྱུག སྟེང་ལོ་ཚུལ་ཁྲིམས་འབྱུང་གནས། ཤེའུ་ལོ་ཙཱ་དང་། སེ་ལོ་གཞོན་ནུ་ཚུལ་ཁྲིམས་སོ་སོས་ཀྱང་ཙ་མི་དང་ཨ་བྷ་ཡ་སོགས་ལ་ཞུས་ཏེ་སྤེལ་ཞིང་སྔ་མས་རོང་གླིང་སོག་ཀ་ཞེས་པའི་དགོན་བཏབ། ཆག་ལོ་ཆོས་རྗེ་དཔལ་གྱིས་རཱ་ཧུ་ལ་ཤྲཱི་བྷ་དྲ་དང་ཛི་ན་རཀྵི་ཏ་སོགས་ལས་དབང་བཤད་མན་ངག་ཆ་ཚང་བ་ཞུས་པ་ལས་ཆག་ལུགས་དང་། པཎ་ཆེན་བི་བྷཱུ་ཏི་ཙནྡས་བོད་ཀྱི་དགེ་བའི་བཤེས་གཉེན་དུ་མ་ལ་དབང་རྒྱུད་བཤད་ཁྲིད་བཅས་གནང་། ཁྱད་པར་ཀོ་བྲག་པ་སོགས་སློབ་མ་དམ་པ་དགུ་ལ་ཤ་བ་རིའི་ཉེ་བརྒྱུད་ཀྱི་སྦྱོར་དྲུག་གནང་བ་སོགས་ལུགས་སྲོལ་མང་དུ་བྱིན་ཅིང་རྒྱུད་ཀྱི་འགྱུར་འགོ་མི་གཅིག་པ་རང་ཡང་ཉེར་བཞི་ཙམ་ཡོད་པར་གྲགས་པ་ལས། རྭ་འབྲོ་ཆག་གསུམ་ཙམ་དང་པཎ་ཆེན་བི་བྷཱུ་ཏི་ཙནྡྲའི་ལུགས་བཅས་ལ་དབང་བཤད་མན་ངག་གི་བཀའ་ཚང་བར་བཞུགས། ལུགས་དེ་དག་ཕལ་ཆེར་ཀུན་མཁྱེན་རང་བྱུང་ཞབས་ཀྱིས་སྟེ་མདོ་ཀུན་དགའ་དོན་གྲུབ་ལས་གསན་ཏེ་སྤེལ་བ་སོགས་དར་རྒྱས་སུ་བྱུང་། ཁམས་ལེའི་དོན་རྩིས་ཀུན་བསྡུས་པ། ནང་ལེའི་དོན་ཟབ་མོ་ནང་དོན། དབང་ལེ་དང་སྒྲུབ་ལེའི་དོན་དབང་དང་སྒྲུབ་ཐབས། ཡེ་ལེའི་དོན་རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་བཅས་མཛུབ་ཁྲིད་ལུང་རྒྱུན། རྫོགས་རིམ་ཡན་ལག་དྲུག་པའི་ཁྲིད་རྒྱུན་བར་མ་ཆོད་པས་དོན་གྱི་བཤད་རྒྱུན་ཀྱང་ད་ལྟའི་བར་དུ་བཞུགས་པ་ཡིན་ཀྱང་། གཙོ་བོར་འབྲོ་ལུགས་སྒྲུབ་པ་ཉམས་ལེན་དང་། རྭ་ལུགས་རྒྱུད་ཀྱི་བཤད་པའི་བཀའ་བབ་ཡིན་པས་དེ་དག་སོ་སོའི་རྒྱུན་ཇོ་ཞལ་གཉིས་ལ་སོ་སོར་བབས་པ་ལྟར་སྣང་ཞིང་། དེ་ལས་ཀྱང་རྒྱུད་བཤད་ནི་ཇོ་ནང་ཆོས་རྗེ་ཀུན་མཁྱེན་ཆེན་པོས་ཀྱང་བརྩོན་པས་འཆད་སྤེལ་མཛད་ཅིང་རང་འདྲའི་སློབ་མ་བཅུ་བཞི་ཕལ་མོ་ཆེས་རྒྱུན་བཟུང་ཡང་དེང་སང་མི་བཞུགས་ལ། བུ་སྟོན་རིན་པོ་ཆེས་རྭ་པའི་བཤད་རྒྱུན་ལས་གསན་ཅིང་རྒྱུད་བཤད་ལན་གྲངས་སུམ་ཅུ་རྩ་གཉིས་ཙམ་མཛད། རྒྱུད་ལ་ཕྱག་མཆན་བཏབ་པ་ལ་སྐྱོར་བ་དོན་ཡོད་དཔལ་བས་མཆན་པ་སྐྱོར་མཛད་པ་དང་། བཤད་ཐབས་རིན་ཆེན་གཅེས་པའི་ལྡེའུ་མིག་དང་། ངེས་དོན་སྙེ་མ། བཤད་སྦྱར་ཟབ་དོན་སྙིང་པོ་སྣང་བའི་འོད་ཟེར། ས་བཅད་དྲི་མེད་འོད་རྒྱན། རྩིས་ཀྱི་བསྟན་བཅོས་མཁས་པ་དགའ་བྱེད་ཡན་ལག་བཅས། ཐུགས་སྲས་ལོ་ཙཱའི་ཟིན་བྲིས་སོགས་ལ་བརྟེན་ཏེ་བཤད་རྒྱུན་ཞྭ་ལུ་རང་ལུགས་ད་ལྟའི་བར་མ་ཆད་པར་བཞུགས། བུ་སྟོན་སློབ་མ་གང་གསུམ་པ་བདེ་ཆེན་ཆོས་ཀྱི་དཔལ་བ་ལ་རྗེ་རིན་པོ་ཆེས་གསན། བཤད་རྒྱུན་ལན་ཅིག་ཁོ་ནར་སྤེལ་བའི་སྐབས་སྡེ་སྣོད་འཛིན་པ་མཐའ་ཡས་པ་འདུས་ཤིང་འགྲེལ་ཆེན་བྱེད་པའང་གསུམ་ཙམ་བྱུང་བ་ལས། མཁས་གྲུབ་དགེ་ལེགས་དཔལ་བའི་ཊཱི་ཀའི་གཤམ་ཞང་ཞུང་པ་ཆོས་དབང་གྲགས་པས་མཐུད་པ་ལས་འཆད་ཉན་གྱི་རྒྱུན་ད་ལྟའང་བཞུགས་ལ། ཇོ་ཞལ་གྱི་དབང་བཀའ་མན་ངག་ཟབ་ཅིང་རྒྱས་པའི་སྐོར་རྣམས་ཀྱང་རྒྱུན་མ་ཆད་པར་མཆིས་སོ། ། 2.རྙིང་མའི་བཤད་རྒྱུན་ནི། སྔ་འགྱུར་བཤད་སྲོལ་ད་ལྟའི་བར་གནས་པ། ། རྡོར་སེམས་སྒྱུ་དྭ་ཏནྟྲ་རྩ་བའི་རྒྱུད། ། རྒྱུད་ཀུན་སྤྱི་བོར་རྒྱལ་མཚན་ལྟ་བུར་འཕགས། ། ཞེས་སྔ་འགྱུར་གསང་སྔགས་རྙིང་མ་ལ་བསྟན་པ་སྔ་དར་གྱི་ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས། ཇོ་བོ་རྗེས་བསམ་ཡས་ཀྱི་རྒྱ་དཔེ་རྣམས་གཟིགས་པ་ན་སྔར་མ་གསན་པའི་རྒྱུད་དུ་མ་གཟིགས་པས་བོད་དུ་གསང་སྔགས་ཀྱི་བསྟན་པ་དར་བ་འདྲ་བ་རྒྱ་གར་དུའང་མ་བྱུང་བ་འདྲ་ཞེས་བསྔགས་པས་མཚོན་མདོ་སྔགས་ཀྱི་དབང་བཤད་མན་ངག་མཐའ་ཡས་པ་བྱུང་ཡང་། གསང་སྔགས་ནི་དེ་སྐབས་གསང་བ་ལྷུར་ལེན་པས་བཤད་གྲྭ་ལ་མཚན་ཉིད་ཐེག་པ་དང་སྒོམ་གྲྭ་ལ་སྔགས་ཉིད་རྩལ་དུ་འདོན་པས་གསང་སྔགས་ཕྱི་རྒྱུད་འགའ་ཞིག་མ་གཏོགས་ནང་རྒྱུད་སྡེ་གསུམ་གྱི་བཤད་གྲྭ་མ་བྱུང་བར་མངོན་ལ། དུས་དེ་ནས་བརྩམས་ད་ལྟའི་བར་དབང་བཤད་ཀྱི་བཀའ་མ་ཆད་པར་གནས་པ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཉིད་དེ་ཏནྡྲ་ཆེན་པོ་སྡེ་བཅོ་བརྒྱུད་ཀྱི་སྤྱིའམ་རྩ་བ་ལྟ་བུར་གྱུར་ཅིང་། རྒྱུད་ཀུན་གྱི་སྤྱི་བོར་རྒྱལ་མཚན་ལྟ་བུར་ཁྱད་པར་དུ་མས་འཕགས་པ་ཡིན་ནོ། ། སྒེག་རྡོར་ཉི་སེང་སངས་རྒྱས་གསང་བས་བཀྲལ། ། བི་མ་རྨ་གཉགས་རྣམས་ཀྱིས་བསྒྱུར་ཅིང་བཤད། ། རོང་ཟོམ་ཀློང་ཆེན་རིག་རལ་སོགས་ཀྱིས་སྤེལ། ། ཁྱད་འཕགས་ཟུར་པའི་བཀའ་སྲོལ་ཉག་ཕྲ་བ། ། སྨིན་གླིང་མཆེད་ཀྱིས་བསྟན་པའི་མེ་རོ་གསོས། ། ཞེས་རྒྱུད་རྒྱལ་དེ་རྣམས་རྒྱལ་པོ་ཛཿལས་བརྒྱུད་དེ་སྲས་མོ་ཀུ་ཀུ་རཱ་ཛ་ལས་སྒེག་པ་རྡོ་རྗེ་དང་སངས་རྒྱས་གསང་བས་ཞུས། སྔ་མས་འགྲེལ་པ་རིན་པོ་ཆེའི་སྤར་ཁབ་དང་། ཕྱི་མས་རྣམ་དབྱེ་འགྲེལ་མཛད། དེ་གཉིས་ཀྱིས་བི་མ་མི་ཏྲ་ལ་གནང་། དེས་འགྲེལ་པ་ཁོག་གཞུང་མཛད། གཞན་ཡང་ཙནྡྲ་གོ་མིའི་མདུད་འགྲེལ། ཉི་འོག་སེང་གེའི་རྒྱ་ཆེར་འགྲེལ། པདྨའི་རྣམ་བཤད་ཆེན་མོ་རྣམས་རྒྱ་གར་དུ་བྱུང་། བོད་དུ་པཎ་ཆེན་བི་མ་ལ་མི་ཏྲས་རྨ་རིན་ཆེན་མཆོག་དང་གཉགས་ཛྙཱ་ན་ཀུ་མཱ་ར་ལ་གནང་། རྨས་རྒྱུད་བོད་སྐད་དུ་བསྒྱུར། ཡང་སློབ་དཔོན་ཆེན་པོས་ཀྱང་གཉགས་ལ་གནང་། དེས་སོག་པོ་དཔལ་ཡེ། དེས་གནུབས་ཆེན་ལ་བཤད། རྨས་མདོ་ཁམས་སུ་གཙུག་རུ་རིན་ཆེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་ལ་བཤད། དེ་གཉིས་ཀས་དར་རྗེ་དཔལ་གྲགས་དང་ཞང་རྒྱལ་བའི་ཡོན་ཏན་ལ་བཤད། ཞུང་གིས་གནུབས་ཆེན་པོ་ལ་བཤད། ཡང་སློབ་དཔོན་བཻ་རོ་ཙ་ནས་ཁམས་འོར་རུ་བྱམས་ཆེན་གྱི་གཙུག་ལག་ཁང་དུ་ཉི་འོད་སེང་གེའི་འགྲེལ་པ་བསྒྱུར་བཤད་མཛད། གནུབས་ཆེན་ནས་རིམ་པར་བརྒྱུད་དེ་ཟུར་པ་མེས་དབེན་ལ་བཀའ་བབས་ཏེ་ཟུར་ལུགས་སུ་གྲགས་པ་དར། ལྷ་རྗེ་སྒྲོ་ཕུག་པའི་སློབ་མ་འཛོམ་འགྲོ་བའི་མགོན་པོ་ལ་རྒྱལ་བ་ཀཿཐོག་པ་དམ་པ་བདེ་གཤེགས་ཀྱིས་གསན། དེའི་བརྒྱུད་པ་ལས་བྱོན་པའི་བུ་འབོར་བ་ཡེ་ཤེས་རྒྱལ་མཚན་གྱིས་འགྲེལ་ཊཱིཀ་མཛད་པ་སོགས་བཤད་སྒྲུབ་ཀྱི་རྒྱུན་དབུས་སུ་ཡར་འཕེལ་བ་ལ་ཕྱིས་སྒྱུ་འཕྲུལ་ཁམས་ལུགས་སུ་གྲགས་པ་དང་། རོང་ཟོམ་ཆོས་ཀྱི་བཟང་པོ་ལ་པདྨ་བི་རོ་བི་མ་ལ་སོགས་ཀྱི་བརྒྱུད་པའི་བཀའ་ཐམས་ཅད་བབས། གསང་སྙིང་ལ་དཀོན་མཆོག་འགྲེལ་དུ་གྲགས་པ་མཛད་པ་རོང་ལུགས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཟང་པོས་འགྲེལ་པ་ཕྱོགས་བཅུ་མུན་སེལ་ཨ་ཏི་ཡོ་གའི་ལུགས་སུ་བཀྲལ་བ་དང་། རོག་ཤེས་རབ་འོད་ལ་སོ་ཟུར་སྐྱོ་ལུགས་སོགས་མང་དུ་འདུས་ཤིང་དེ་ལས་རོག་ལུགས་སུ་གྲགས་པ་བྱུང་། ཕྱིས་གསར་མའི་མཁས་པ་རྣམས་ཀྱིས་དགག་པ་བྱས་པ་ལ་བཅོམ་ལྡན་རིག་པའི་རལ་གྲིས་སློབ་དཔོན་པདྨའི་ཕྱག་དཔེ་རྒྱ་དཔེ་ངོ་མ་ཕྱག་ཏུ་རྙེད་པས་ཐར་ལོ་ལ་བསྒྱུར་བར་བསྐུལ་ཞིང་གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག་མཛད་པ་སོགས་ཀྱིས་སྤེལ་བས། ཕྱིས་ཀྱི་རྟོག་གེ་པ་རྣམས་ལའང་རྩོད་མེད་དུ་གྱུར་ཅིང་། ལུགས་སྲོལ་ཀུན་གྱི་ནང་ནས་ཁྱད་པར་དུ་འཕགས་པ་ཟུར་པའི་བཀའ་སློབ་ཕྱིས་སུ་ཉག་ཕྲ་བར་གྱུར་པ་ན། ལོ་ཆེན་བཻ་རོ་ཙ་ན་དང་རྒྱལ་མོ་གཡུ་སྒྲ་སྙིང་པོ་སྔ་འགྱུར་བསྟན་པའི་མེ་རོ་སློང་བ་ལ་བསམ་བཞིན་དུ་སྐྱེ་བ་བཞེས་པ་སྨིན་གླིང་སྐུ་མཆེད་གཉིས་ལས། གཏེར་ཆེན་རིན་པོ་ཆེས་རྒྱུད་རྒྱལ་འདི་ཉིད་ཀྱི་གཙོས་སྔ་འགྱུར་བཀའ་མའི་སྐོར་རྣམས་འབད་རྩོལ་དུ་མས་གསན་ཅིང་སོ་སོའི་སྒྲུབས་ཐབས་དཀྱིལ་ཆོག་གི་ཡིག་ཆ་ཁྱད་པར་ཅན་དུ་མ་མཛད་ཅིང་། སྒྱུ་འཕྲུལ་ཞི་ཁྲོ་ལའང་སྒྲུབ་དཀྱིལ་ཉུང་ལ་གསལ་བར་མཛད་ནས་དེ་དག་གི་སྒྲུབ་མཆོད་ལག་ལེན་གྱི་རྒྱུན་བཙུགས་པ་དང་། ལོ་ཆེན་དྷརྨ་ཤྲཱིས་རྒྱུད་རྒྱལ་གསང་བ་སྙིང་པོའི་སྤྱི་དོན་གསང་བདག་ཞལ་ལུང་། འབྲུ་འགྲེལ་གསང་བདག་དགོངས་རྒྱན། དེ་དག་གི་ཞལ་སློབ་རབ་འབྱམས་པ་ཉེར་གཅིག་བྱུང་བར་གྲགས་པའི་ནང་ཚན་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱི་ཟིན་བྲིས་རིན་ཆེན་ཕྲེང་བ་སོགས་ལ་བརྟེན་ཏེ་བཤད་པའི་རྒྱུན་ཁྱད་པར་དུ་འཕགས་པ་ད་ལྟའི་བར་དུ་བྱུང་བས་བསྟན་པའི་མེ་རོ་རྨངས་ནས་གསོས་པ་ཡིན་ནོ། ། 3.ཞར་ལས་འཕྲོས་པ་ནི། ཕྱག་རྒྱ་ཆེན་པོའི་བཤད་སྲོལ་རྣམ་བརྒྱད་དང་། ། ཀུན་བྱེད་རྒྱལ་སོགས་རྒྱུད་དང་གཞུང་གདམས་ཀྱི། ། བཤད་སྲོལ་གསར་རྙིང་ཕྲན་ཚེགས་སྨོས་མི་ལངས། ། ཞེས་གོང་དུ་བཤད་པ་དེ་དག་ད་ལྟའི་བར་དུ་རྒྱུན་བཞུགས་པ་ལས་ཡོངས་གྲགས་གཙོ་བོ་ཆེ་བ་རྣམས་སྨོས་པ་ཡིན་གྱི་གསར་མའི་ཕྱོགས་སུ་མཚན་ཉིད་ཀྱི་སྐོར་ལ། འདུལ་བ་མེ་ཏོག་ཕྲེང་རྒྱུད། དབུ་མ་རྩ་ཤེ། བྱམས་ཆོས་ལྷག་མ་གསུམ། བཤེས་སྤྲིང་དང་སྤྱོད་འཇུག་སོགས་གཞུང་ཆེ་ཕྲ་དུ་མའི་བཤད་སྲོལ་སྔར་བྱུང་ཞིང་ད་ལྟ་དེ་དག་གི་རྩ་བ་དང་འགྲེལ་པ་འགའ་རེའི་ལུང་རྒྱུན་ཙམ་ལས་མི་བཞུགས་ཀྱང་སོ་སོའི་རྩལ་བཤད་ཀྱིས་འཆད་པར་སྣང་བ་དང་། སྔགས་ཀྱི་ཕྱོགས་ལ་སྔོན་དུ་རྒྱུད་ཕལ་མོ་ཆེའི་བཤད་པ་བྱུང་ཞིང་། གདམས་ངག་ཕག་མོ་གཞུང་དྲུག་གིས་མཚོན་རྒྱ་གཞུང་མངོན་རྟོགས་ཀྱི་རིགས་མང་པོར་བཤད་སྲོལ་བྱུང་བ་དང་། ཕྱག་རྒྱུ་ཆེན་པོའི་བཤད་སྲོལ་རྣམ་པ་བརྒྱད་དུ་གྲགས་པ་སོགས་དང་། རྙིང་མའི་ཕྱོགས་སུ་སེམས་སྨད་བཅོ་བརྒྱད་ཀྱི་རྩ་བ་ཀུན་བྱེད་རྒྱལ་པོ། ཨ་ནུ་ལུང་གི་མདོ་བཞིའི་རྩ་བ་ཀུན་འདུས་རིག་པའི་མདོ། ། བཤད་རྒྱུད་དགོངས་པ་འདུས་པ་ལ་གནུབས་ཆེན་པོའི་འགྲེལ་པ་མུན་པའི་གོ་ཆ་སོགས་ཀྱིས་འཆད་པ་དང་། སངས་རྒྱས་གསང་བའི་ལམ་རྣམ་བཀོད། སྒེག་རྡོར་གྱི་དམ་ཚིག་གསལ་བཀྲ་སོགས་ལ་དུས་ཕྱི་མོའི་བར་དུ་བཤད་པའི་རྒྱུན་བྱུང་ཞིང་འགོས་ལོ་གཞོན་ནུ་དཔལ་བས་རྒྱུད་གཞུང་བཞི་བཅུ་ལྷག་གཅིག་གི་བཤད་ལུང་དེ་སྐབས་སུ་བཞུགས་པར་གསུངས་པས་མཚོན། རྒྱུད་གཞུང་ལུགས་གདམས་ངག་གི་བཤད་སྲོལ་གསང་སྔགས་གསར་རྙིང་ལ་བྱུང་བ་ཕྲན་ཚེགས་ནི་སྨོས་ཀྱིས་མི་ལངས་སོ། ། དེ་ལས་ཕྱག་རྒྱ་ཆེན་པོའི་བཤད་སྲོལ་ནི། ཐོག་མར་ཇོ་བོ་རྗེས་རྒྱུད་བླ་མ་བསྒྱུར་བཤད་དང་མཆིམས་ཕུར་དོ་ཧ་དང་སྒྱུ་འཕྲུལ་གྱི་སྐོར་གསུངས། དེ་ནས་རྗེ་མར་པས་གདམས་ངག་གི་བཤད་རྒྱུན་གནང་བ་ད་ལྟའི་བར་དུའང་མ་ཆད་པར་བཞུགས། དེ་ནས་ཀོ་ས་ལའི་པཎྜི་ཏ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏ་བོད་དུ་བྱོན་ནས་དོ་ཧ་སྐོར་གསུམ་བསྒྱུར་ཅིང་བཤད། དེ་ནས་སྐོར་ནི་རཱུ་པས་སྙིང་པོའི་དོན་རྒྱ་ཆེར་བཤད། དེ་ནས་རྒྱ་གར་ཕྱག་ན་སྟེ་སློབ་དཔོན་བཛྲ་པཱ་ཎིས་གྲུབ་པ་སྡེ་བདུན་དང་། སྙིང་པོ་དོན་གསུམ་ཞེས་དོ་ཧ་རྣམ་གསུམ་སྟེ་གྲུབ་སྙིང་ཕྲ་མོ་དང་བཅས་པའི་གཞུང་དང་། གདམས་ངག་མཚན་ཉིད་ཀྱི་རྗེས་སུ་འབྲང་བའི་བྲུལ་ཚོ་དགུ ཕ་རྒྱུད་ཀྱི་རྗེས་སུ་འབྲངས་པའི་བྲུལ་ཚོ་དགུ མ་རྒྱུད་ཀྱི་རྗེས་སུ་འབྲངས་པའི་བྲུལ་ཚོ་དགུ་སྟེ་ཉི་ཤུ་རྩ་བདུན་པོ་རྣམས་ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ། དམ་ཚིག་གི་ཕྱག་རྒྱ་སྟེ་ཕྱག་རྒྱ་བཞིས་བཅིངས་ཤིང་། ལྟ་བ་ལུང་རིགས་དང་འབྲེལ་བ། སྒོམ་པ་ཉམས་མྱོང་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ། འབྲས་བུ་གཞན་དོན་དང་འབྲེལ་བ། ལམ་དྲོད་རྟགས་དང་འབྲེལ་བ། དབང་གདམས་ངག་དང་འབྲེལ་བ་སྟེ་འབྲེལ་བ་དྲུག་ལྡན་དུ་གསུངས་པ་ལ་སྟོད་ལུགས་སུ་གྲགས། དེ་ནས་བལ་པོ་ཨ་སུས་དོ་ཧ་སོགས་བཤད་པས་རྒྱུན་འཛིན་པ་ཁྲི་ཕྲག་མང་པོ་བྱུང་བ་ལ་སྨད་ལུགས་སུ་གྲགས། དེ་ནས་རྗེ་རས་ཆུང་པས་ལུས་མེད་མཁའ་འགྲོའི་ཆོས་སྐོར་དང་ཨ་སུའི་གདམས་པ་སོགས་སྤེལ། དེ་ནས་མངའ་རིས་པ་ནག་པོ་ཤེར་དད་ཀྱིས་རྒྱ་གར་ཕྱག་ནའི་ཞལ་སྔ་ནས་སྐུ་གསུང་ཐུགས་ཀྱི་མཛོད་སོགས་ཡིད་ལ་མི་བྱེད་པའི་ཆོས་བཅུ་གསན་ཅིང་བསྒྱུར་བཤད་མཛད་པ་སྟེ་ད་ལྟ་ནི་དེ་དག་གི་ལུང་རྒྱུན་ཙམ་བཞུགས་པ་ཡིན་ལ། བཀའ་དེ་དག་ཐམས་ཅད་ཀྱང་བྲམ་ཟེ་ཡབ་སྲས་དང་མངའ་བདག་རྒྱལ་བ་མེ་ཏྲི་པ་ཁོ་ན་ལས་བརྒྱུད་པའོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་462.10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number