1371

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐོད་རྒལ་སྒོམ་པའི་ཡེ་ཤེས་ལམ་གང་ལ་འཆར་བ་གསུམ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གཉིས་པ་ཐོད་རྒལ་སྒོམ་པའི་རིམ་པ་ལས་བྱུང་བ་སྟེ།

1.ཡེ་ཤེས་ཀྱི་ལམ་ངོས་བཟུང་བ་ནི། ཀ་ཏི་ཤེལ་བུག་དར་སྣལ་སྟོང་གྲོལ་རྩ། ། ཡེ་ཤེས་དངོས་སྙིང་ག་ན་ཉི་མའི་དཀྱིལ་འཁོར་བུམ་ནང་གི་མར་མེ་བཞིན་དུ་གནས་པའི་ཟེར་འཕྲོ་བ་ལ་ལུས་ནང་གི་རྩ་ཆེན་བཞི་ནས་རྩ་ཕྲན་གྱི་ནང་དུ་འོད་གསལ་གྱི་ཐིག་ལེ་སྣང་བ་རྣམས་ནི་ཡེ་ཤེས་ལྔ་རང་ངོའི་རྟེན་དུ་གནས་ཏེ། ཐལ་འགྱུར་ལས། རོ་མ་རྐྱང་མ་ཀུན་འདར་མ། ། ཀ་ཏི་ཤེལ་གྱི་སྦུ་གུ་ཅན། ། མེ་ལོང་མཉམ་ཉིད་སོ་སོར་རྟོག ། བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ནི། ། ཐིག་ལེ་རྒྱུ་དང་མི་རྒྱུ་བ། ། རང་རྩལ་རྫོགས་པའི་རྟེན་གནས་སོ། ། བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ནི། ། ཐིག་ལེ་རྒྱུ་དང་མི་རྒྱུ་བ། ། རང་རྩལ་རྫོགས་པའི་རྟེན་གནས་སོ། ། ཞེས་སོ། ། དེ་ལྟར་ནང་མདངས་རྩ་ནང་ནས་འཕྲོ་བ་ལྟར་དེ་ལས་ཕྱིར་སྣང་སྒྲོན་མའི་རང་མདངས་འཆར་ཏེ། སྙིང་གའི་འོད་གསལ་ལས་འོད་རྩའི་སྒོ་བཞི་ཡོད་དེ། ཀ་ཏི་གསེར་གྱི་རྩ་ཆེན། ཤེལ་སྦུག་ཅན། དར་དཀར་སྣལ་མ། སྟོང་པ་རང་གྲོལ་ལོ། ། དེ་ཡང་གསེར་གྱི་རྩ་ཆེན་ནས་འོད་གསལ་འཆར་བར་བྱེད་པ་དང་། ཤེལ་གྱི་སྦུག་མར་ནང་དུ་ནུབ་པར་བྱེད་པ་དང་། དར་དཀར་སྣལ་མ་ཕྲ་ལ་འཁྲིལ་ནས་ཕྱིར་ཡུལ་འཆར་བ་དང་། སྟོང་པར་རང་གྲོལ་ནས་དབྱིངས་སུ་ནུབ་པར་བྱེད་པའོ། ། དེ་ཡང་ཀ་ཏི་གསེར་གྱི་རྩ་ཆེན་ནི་སྙིང་ག་ནས་རང་བྱུང་ངོ་བོ་རྩའི་འོད་མདངས་མཚོན་ལ། ཤེལ་སྦུག་ཅན་ནི་སྲོག་རྩར་ཡེ་ཤེས་ཀྱི་མདངས་གསལ་ཞིང་། དར་དཀར་སྣལ་མ་ཕྲ་ལ་འཁྲིལ་བ་ནི་ཆུན་གཅིག་ཏུ་བཤད་པ་ཕྱིར་སྣང་བའི་བྱེད་པ་གཅིག་པས་གཅིག་ཏུ་བཤད་ཀྱང་དར་དཀར་སྣལ་མ་དང་ཕྲ་ལ་འཁྲིལ་ཞེས་མིང་གཉིས་སུ་བགྲངས་སོ། ། མིག་གཡས་སུ་འོད་རྩ་ཟུག་པ་དེ་དར་དཀར་སྣལ་མ། གཡོན་དུ་ཟུག་པ་དེ་ཕྲ་ལ་འཁྲིལ་ལོ། ། དེར་མ་ཟད་ཕྲ་ལ་འཁྲིལ་གྱི་ནང་རྩ་འགྲེང་བུ་གཅིག་ལ་བཞིར་གྱེས་པས་འཁོར་ལོ་བཞིའི་དབུས་སུ་འོད་རྩའི་མདངས་སོ་སོར་ཁྱབ་པ་ལ་ལར་སྟོང་པ་རང་གྲོལ་མེད་པས་འདི་བཤད་དོ། ། སྟོང་པ་རང་གྲོལ་ནི་དབུ་མའི་ནང་ནས་ཚངས་བུག་ལ་ཟུག་པས་རིག་པ་རྟོག་མེད་ཀྱི་སྐུ་དབྱིངས་སུ་ཐིམ་རུང་དུ་འཆར་བའི་ལམ་བྱེད་པའོ། ། དེ་ལྟར་ན་འོད་ལྔ་ནི་ཡེ་ཤེས་ལྔ་དང་སྦྱར་བ་ཡིན་ལ་བཞིར་བྱས་དུས་སྒྲོན་མ་བཞི་དང་སྦྱར་ཏེ། སྙིང་ནས་ཨ་ཝདྡྷུ་ཏཱིར་བརྒྱུད་དེ་སྒལ་ཚིགས་ནས་རྩེ་ཆུང་གཡས་དང་དུང་ཁང་ནས་རྒྱང་ཞགས་སུ་བརྒྱུད་པར་འོད་རྩ་དྭངས་པ་ལས་སྒྲོན་མ་བཞི་ཆར་རང་མདངས་ནམ་མཁའ་འཆར་བ་ནི། རང་ཤར་ལས། ཡང་དག་སངས་རྒྱས་དགོངས་པ་ནི། ། སེམས་ཅན་ཀུན་གྱི་རང་རྒྱུད་ལ། ། སྐུ་དང་ཡེ་ཤེས་ཚུལ་དུ་གནས། ། དེ་ཡང་ཙིཏྟའི་དཀྱིལ་དུ་གནས། ། ཡུངས་འབྲུའམ་ནི་ཏིལ་འབྲུ་ཙམ། ། མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། ། ཙིཏྟ་སྒོ་བཞི་མ་འགགས་གསལ། ། རྣམ་པར་འཆར་བར་བྱེད་པ་དང་། ། རྣམ་པར་ནུབ་པར་བྱེད་པ་དང་། ། སྐད་ཅིག་འཆར་བར་བྱེད་པ་དང་། ། སྐད་ཅིག་ནུབ་པར་བྱེད་པའོ། ། དེ་ཡང་མཚན་བརྗོད་འདི་ལྟར་སྟེ། ། ཀ་ཏི་གསེར་གྱི་རྩ་ཆེན་ཏེ། ། ཤེལ་གྱི་སྦུ་གུ་ཁོག་པ་སྟོང་། ། དར་དཀར་སྣལ་མ་ཕྲ་ལ་འཁྲིལ། ། སྟོང་པར་རང་གྲོལ་རྩ་ཆེན་པོ། ། དེ་ཡང་སྒོ་བཞི་རང་སྣང་རྩ། དེ་ནས་ལམ་བྱུང་དྷཱུ་ཏཱིར་ཐིམ། ། དྷཱུ་ཏཱིའི་ནང་ནས་འོད་འཕྲོས་ཏེ། ། སྒལ་ཚིགས་གཡས་ནས་ལམ་བྱུང་ནས། ། རྩེ་ཆུང་གཡས་ནས་དུང་ཁོང་ཐིམ། ། དེ་ནས་འོད་འཕྲོས་སྒྲོན་མ་བཞི། ། མ་འགགས་ནམ་མཁའ་སྟོང་པ་ལ། ། ཞེས་སོ། ། 2.རྩའི་རང་བཞིན་རྒྱས་པར་བཤད་པ་ནི། རོ་རྐྱང་ཀུན་འདར་འོད་རྩ་ཡེ་ཤེས་རྟེན། ། ཞེས་བཞི་སྟེ། (1)རོ་མ་ནི། རོ་མ་ཞེས་པ་ཀུན་གྱི་རོ་ལེན་པར་བྱེད་པས་ལན་ཚྭ་དང་འདྲ་སྟེ་ཐིག་ལེའི་བདེ་བ་ལ་བརྟེན་ནས་ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་པ་སྐྱེས་པར་བྱེད་པའི་རོ་ཞེས་བྱ་ལ། དེ་ཡང་འདོད་ཆགས་ལས་བྱུང་བས་མ་ཞེས་བྱ་སྟེ་འདོད་ཆགས་ཅན་འདོད་ཆགས་ལ་བརྟེན་ནས་འཚང་རྒྱ་བར་བྱེད་པའོ། ། ཡང་ན་རོ་ཞེས་བྱ་བ་བྱ་བྱེད་ཉུང་བ་སྟེ། ཐིག་ལེའི་འཕྲུལ་ལ་བརྟེན་ནས་ཉམས་སུ་མྱོང་བ་སྟེ། བརྗོད་པར་དཀའ་བས་མ་ཞེས་བྱའོ། ། དེ་ནས་ཀུན་རྫོབ་ཀྱི་ཐིག་ལེ་རྒྱུ་བས་ན་ཐིག་ལེའི་རོ་མཆོག་ཏུ་བདེ་བས་གང་བའོ། ། དེ་ཡང་རོ་མའི་འདབ་མར་རོ་རྣམས་འདུས་པར་རླུང་གིས་བསྐུལ་བས་ཟས་ཀྱི་དངོས་གྲུབ་འབྱུང་བར་བྱེད་ལ། རྩའི་རོ་དྭངས་མའི་བདེ་བས་ལུས་སེམས་རྒྱས་ཤིང་མ་དེས་ཁྱབ་པར་བྱེད། གནས་པར་བྱེད། རྟེན་པར་བྱེད་དོ་ཞེས་པ་ནི། ཐལ་འགྱུར་ལས། རོ་མས་རོ་རྣམས་འཁོར་ལོ་ལ། ། རླུང་གིས་བསྐུལ་ཞིང་ཐིག་ལེ་འཕེན། ། རོ་ནི་རྩ་ལ་བརྟེན་པ་ཡི། ། བདེ་བས་ལུས་སེམས་རྒྱས་པར་བྱེད། ། མས་ནི་དྭངས་མ་སྡུད་པ་དང་། ། གོང་འོག་གནད་ཀྱི་གཞི་མ་བྱེད། ། འདི་ལ་བསྐྱིལ་ཞིང་བརྟེན་པ་གནད། ། འདི་ཡི་ཡན་ལག་དྲུག་པ་ལ། ། གཏར་ཞིང་བསྲེག་ན་ཡེ་ཤེས་འགག ། དྲོད་འཐོབ་འདོད་ན་མཉེ་བ་གནད། ། རླུང་དང་ཐིག་ལེ་དགུག་པར་བྱ། ། ཞེས་སོ། ། (2)རྐྱང་མ་ནི། རྐྱང་ཞེས་བྱ་བ་འདི་ལ་འཁྱོགས་པ་དང་ཡལ་ག་མེད་པ་སྟེ་རང་བཞིན་དུ་དོན་དམ་པའི་ཐིག་ལེ་དང་ཀུན་རྫོབ་ཀྱི་ཐིག་ལེ་གཉིས་ཀའི་རྒྱུ་ལས་དོན་དམ་པའི་འབྱུང་བ་དང་ཀུན་རྫོབ་ཀྱི་འབྱུང་བ་སྨིན་པ་དང་འབྱེད་པར་བྱེད་པའོ། ། དེ་རྐྱང་པ་ཡིན་པས་རང་བཞིན་ཙམ་དུ་གནས་པ་ལས་འགྱུར་བ་ཡིན་ནོ། ། ཀུན་གྱི་གཞི་ཡིན་པས་མ་ཞེས་བྱའོ། ། འདི་ལ་བརྟེན་པས་འབད་མེད་དུ་འཚང་རྒྱུ་བ་སྟེ། ཉག་གཅིག་དོན་དམ་པའི་ཡེ་ཤེས་ཀྱི་ངོ་བོའི་ཆ་རྐྱེན་ནོ། ། འདི་ལ་ཐིག་ལེ་གདབ་པ་དང་། གསེང་མཉེ་བ་གནད་དུ་དབྱུང་བའོ། ། དེའང་དེ་ཉིད་ལས། རྐྱང་མས་སྐྱེད་བྱེད་འཁོར་ལོ་ལ། ། རླུང་གིས་འཕེན་སྡུད་ཐིག་ལེ་སྡུད། ། རྐྱང་ཞེས་བྱ་བ་ཟླ་མེད་པས། ། ཉག་གཅིག་དགོངས་པ་སྟོན་པར་བྱེད། ། མས་ནི་སྙིགས་མ་སེལ་བར་བྱེད། ། ངོ་བོར་གཟི་མདངས་སྐྱེ་བྱེད་པའོ། ། འདི་ལ་གསེང་ཞིང་མཉེ་བ་གནད། ། འདི་ལ་ལམ་ག་མི་སྣང་བས། ། སྨིན་གྲོལ་ཞི་བ་ཐིག་ལེ་གདབ། ། ཟས་ལ་དབང་ཐོབ་འདོད་པས་ནི། ། རླུང་ནི་བསྟིམ་ཞིང་ཆུ་མི་འདོར། ། དམ་ཚིག་གིས་ནི་རབ་བརྟག་གོ ། ཞེས་སོ། ། (3)ཀུན་འདར་མ་ནི། ཀུན་འདུས་པ་སྟེ་འདི་ལ་བརྟེན་ནས་ཐིག་ལེ་དང་རྩའི་བདེ་བ་དང་རླུང་གི་བདེ་བ་ཀུན་སྐྱེ་བས་ན་ཀུན་ཞེས་བྱ། དེ་སྤྱི་ལ་ཁྱབ་ཆེ་བས་ན་མ་ཞེས་བྱའོ། ། དེ་ཡང་དྲན་པ་དང་རྩེ་མོ་རྣམ་བཀོད་ཀྱི་འཁོར་ལོ་གཉིས་སུ་གཙོ་བོ་རླུང་གི་ཐིག་ལེ་འཇུག་ཅིང་སྐུ་གསུམ་གྱི་སྣང་བ་སྟོན་ལ། ཡེ་ཤེས་གྲུབ་པས་གསེང་བ་དང་འདྲིལ་བ་གནད་ཡིན་ཏེ། དེ་ཉིད་ལས། ཀུན་འདར་མས་ནི་དྲན་པ་དང་། ། རྩེ་མོའི་འཁོར་ལོ་སྡུད་པས་སྨིན། ། ལས་རླུང་བཟློག་ཅིང་ཡེ་ཤེས་འཛིན། ། ཀུན་ནི་སྤྲུལ་སྐུའི་ཡོན་ཏན་སྟེར། ། འདར་བས་ལོངས་སྐུའི་ཡོན་ཏན་ནོ། ། མས་ནི་ཆོས་སྐུ་དངོས་སུ་སྟོན། ། འདི་ཡི་ཡན་ལག་བཅུ་གཉིས་ལ། ། གསེང་ཞིང་འདྲིལ་བ་གནད་ཡིན་ནོ། ། ཚེ་ཉིད་སྤེལ་ན་བུག་པ་བསྟེན། ། ཐིག་ལེ་ལུས་དང་སེམས་ཀྱིས་བྱ། ། ཞེས་སོ། ། (4)འོད་རྩ་ཡེ་ཤེས་རྟེན་ནི། འོད་རྩ་ཡེ་ཤེས་རྟེན་ནི་སྙིང་གའི་འོད་གསལ་ལས་སྒོ་བཞིར་གྱེས་པ་རྩ་བཞི་སྟེ། ཀི་ཏི་གསེར་གྱི་རྩ་ཆེན་ནས་འོད་གསལ་གྱི་སྣང་བ་འབྱུང་བའི་རྟེན་བྱེད། དར་དཀར་སྣལ་མ་ནས་ཕྱིར་ཡུལ་འཇིག་པའི་རྟེན་བྱེད། ཕྲ་ལ་འཁྲིལ་ནས་རང་འཆང་བའི་རྟེན་བྱེད། ཤེལ་བུག་ཅན་ནས་རང་སྣང་བའི་རྟེན་བྱེད་དོ། ། སྟོང་པ་རང་གྲོལ་ཚངས་བུག་ལ་ཟུག་པ་སྟེ། ལུ་གུ་རྒྱུད་སྐུའི་རྟེན་བྱེད་པ་དང་། རྩ་ལྔ་སྟེ་ཡེ་ཤེས་ལྔའི་འོད་ཡིན་ལ། རང་བཞིན་དུ་བཞིར་བྱེད་པས་སྒྲོན་མ་འཕེལ་སྟོན་པ་ནི། སྒྲོན་མ་འབར་བ་ལས། སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། ། ཙིཏྟ་རིན་ཆེན་གཞལ་ཡས་ལས། ། རྩ་ནི་སྟོང་ཕྲག་གྲངས་མང་ཡང་། ། ཁྱད་པར་ཆེན་པོའི་རྩ་བཞི་ལས། ། ཀ་ཏི་གསེར་གྱི་རྩ་ཆེན་དང་། ། དར་དཀར་སྣལ་མ་ལྟ་བུ་དང་། ། ཕྲ་ལ་འཁྲིལ་དང་ཤེལ་བུག་ཅན། ། འདི་བཞི་ནང་དུ་ཁྱད་པར་དུ། ། གནས་ཤིང་རླུང་གི་རྟ་ལ་ཞོན། ། འབྱུང་དང་འཇུག་དང་རང་ཤར་དང་། ། སྣང་བ་ཡི་ནི་བདག་ཉིད་དུ། ། ཞེས་སོ། ། འོད་རྩ་འདི་དག་ལ་དོན་དམ་པ་ཡེ་ཤེས་ཆེན་པོའི་རྩ་ཞེས་བཤད་དོ། ། 3.ཐིག་ལེའི་བཀོད་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། (1)དབྱིངས་སྤྱིར་བསྟན་པ་ནི། ཀུན་རྫོབ་དོན་དམ་རང་བཞིན་ཐིག་ལེ་དང་། སྤྱིར་རྩ་གསུམ་འཁོར་ལོ་བཞིའི་ནང་ཐམས་ཅད་ན་འོད་དང་ཟེར་གྱིས་ཁྱབ་ལ། ཁྱད་པར་དུ་རོ་མ་ན་ཀུན་རྫོབ་རྒྱུའི་ཐིག་ལེ་ཐབས་ཀྱི་རང་བཞིན་ཟག་བཅས་བདེ་བའི་རང་བཞིན་དང་། རྐྱང་མ་ན་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ཤེས་རབ་ཟག་པ་མེད་པ་བདེ་བའི་རང་བཞིན་དང་། ཀུན་འདར་མ་ན་རང་བཞིན་ཆོས་ཉིད་ཀྱི་ཐིག་ལེ་འོད་གསལ་ལྷུན་གྱིས་གྲུབ་པ་དེའི་རང་བཞིན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། རྩ་རྣམས་ནང་ན་ཐིག་ལེ་སྟེ། ཕྲ་དང་འཁྱུག་པའི་བདག་ཉིད་ཅན། ། འོད་ཟེར་ཉིད་ཀྱིས་མཛེས་པའོ། ། དེ་ཡང་ཆ་ནི་གསུམ་སྟེ། གཡས་དང་གཡོན་དང་དབུས་མའོ། ། གཡས་པ་ཀུན་རྫོབ་ཐིག་ལེ་སྟེ། ། བདེ་བ་ཆེན་པོའི་ཡན་ལག་ཅན། ། བདེ་བ་འདུས་པའི་འབྱུང་གནས་ནི། ། སངས་རྒྱས་ཀུན་གྱི་གསང་ཆེན་ཡིན། ། ཐབས་ཀྱིས་མཚོན་པའི་རང་བཞིན་ནོ། ། དོན་དམ་ཆོས་སྐུའི་རང་བཞིན་ཅན། ། སྟོང་གསལ་ཐིག་ལེ་གཅིག་ཏུ་གནས། ། དབུས་ན་གནས་ཤིང་རང་བཞིན་གསལ། ། སྤྲོ་བསྡུ་སྨྲ་བསམ་ཡུལ་ལས་འདས། ། བག་ཆགས་རྣམ་པར་རྟོག་པ་བྲལ། ། ཡོད་མེད་མཐའ་གཉིས་རྣམ་པར་གསལ། ། རྟག་ཆད་མུ་ལ་གནས་པ་མེད། ། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། ། བརྗོད་པ་མེད་ཅིང་ངང་གིས་སྟོང་། ། དོན་དམ་དངོས་པོའི་ཐིག་ལེའོ། ། གཡོན་པ་རང་བཞིན་ཐིག་ལེ་གནས། ། བདེ་བ་ཟུང་འཇུག་གཉིས་ཁྱབ་སྟེ། ། རབ་ཏུ་གནས་པ་མ་ཡིན་པར། ། ཁ་སྦྱོར་ཉིད་ཀྱི་བདེ་བ་ཐོབ། ། ཕྱག་རྒྱ་ཆེན་པོ་ཉིད་ཀྱི་རྒྱུ། ། བདེ་ཆེན་ཡེ་ཤེས་ཆེན་པོའི་ལམ། ། གསང་སྔགས་ཀུན་བདག་དཀྱིལ་འཁོར་ཡིན། ། འཁོར་བ་སྐྱོབ་པའི་ཐབས་ཆེན་པོ། ། གསང་བའི་ཡེ་མདངས་འབར་བའི་འོད། ། དེ་ནི་བདེ་ཆེན་ངོ་བོའོ། ། ཞེས་སོ། ། (2)གནས་པ་བྱེ་བྲག་ཏུ་བཤད་པ་ནི། སྐུ་རྟགས་སྟོང་གསལ་ལམ་ཐིག་གཉིས་མེད་འཆང་། ། རང་ཤར་ལས། སེམས་ཅན་ཀུན་གྱི་ཙིཏྟ་ན། ། རྣམ་དག་སྐུ་ཡི་ཐིག་ལེ་གནས། ། སེམས་ཅན་ཀུན་གྱི་དྷཱུ་ཏཱི་ན། ། སྟོང་ཉིད་རྟགས་ཀྱི་ཐིག་ལེ་གནས། ། སེམས་ཅན་ཀུན་གྱི་ཤེལ་དཀར་ན། ། སྟོང་གསལ་འབར་བའི་ཐིག་ལེ་གནས། ། སེམས་ཅན་ཀུན་གྱི་ཤེལ་དཀར་ན། ། ལམ་གྱི་ཐིག་ལེ་བཟང་པོ་གནས། ། སངས་རྒྱས་ཀུན་གྱི་སྟོང་ལམ་ན། ། འོད་གསལ་གཉིས་མེད་ཐིག་ལེ་གནས། ། སེམས་ཅན་ཀུན་གྱི་ཡུལ་ཉིད་ན། ། སྣ་ཚོགས་འཆར་བའི་ཐིག་ལེ་གནས། ། དེ་བཞིན་སེམས་ཅན་ཐམས་ཅད་ལ། ། དབྱེར་མེད་ཚུལ་གྱིས་གནས་པ་ཡིན། ། ཞེས་སོ། ། (3)འོད་གསལ་དག་པའི་ཐིག་ལེས་མཇུག་བསྡུ་བ་ནི། གཞི་ལམ་བཟང་པོའི་རྩེ་མོའི་ཐིག་ལེའོ། ། འོད་རྩ་བཞི་ནས་རྒྱུ་བའི་ཐིག་ལེ་སྟེ། ། ཞེས་པ་འདི་ལ་བཞི་སྟེ། ། [1]ཀ་ཏི་གསེར་གྱི་རྩ་ཆེན་ན་གཞིའི་ཐིག་ལེ་བཟང་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་སྙིང་ག་ལ་བརྟེན་ནས་གནས་སོ། ། [2]དར་དཀར་སྣལ་མ་ན་ལམ་གྱི་ཐིག་ལེ་བཟང་ཡེ་སྒྲོན་མ་བཞི་དང་བཅས་པ་ཆུའི་སྒྲོན་མ་སྟེ་གཡས་ནའོ། ། [3]ཕྲུ་ལ་འཁྲིལ་ན་བཟང་པོའི་རྩེ་མོའི་ཐིག་ལེ་ཉམས་གོང་འཕེལ་གྱི་སྣང་བ་སྣ་ཚོགས་པ་གཡོན་ནའོ། ། [4]ཤེལ་བུག་ཅན་ན་ཚད་ཕེབས་ཀྱི་སྣང་བའི་རྟེན་ནང་གསལ་ཡེ་ཤེས་ཀྱི་འཆར་གཞིར་གནས་སོ། ། སྟོང་པ་རང་གྲོལ་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་གནས་སོ། ། སྒྲོན་མ་འབར་བ་ལས། གཞི་ཡི་ཐིག་ལེ་བཟང་པོ་དང་། ། ལམ་གྱི་ཐིག་ལེ་དེ་བཞིན་བཟང་། ། བཟང་པོ་རྣམས་ཀྱི་རྩེ་མོ་དང་། ། བཟང་པོའི་རྒྱུན་དང་ལྡན་པར་ཡང་། ། རྩ་རྣམས་ཀྱི་ནི་ནང་ན་གནས། ། ཞེས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཚི་པ་》ཤ་238.3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number