1700

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བར་དོའི་རང་བཞིན་བཤད་པ་ལས་གདབ་པའི་མན་ངག་བསྟན་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་བཞི་པ་འབྲིང་དང་ཐ་མ་བར་དོ་སྟེ།

1.གོམས་པ་རབ་དབྱིངས་རིག་རང་སོ་ལ་བཞག་པ་ནི། རིག་པ་མིག་གཏད་དབྱིངས་རིག་མ་འགྱུར་གྲོལ། ། རྣལ་འབྱོར་གཅིག་པུར་འཆི་བ་རྣམས་འོད་གསལ་གྱི་སྣང་བ་ལ་མེད་ན་དུས་དེར་ཡང་གཞན་ལ་མི་ལྟོས་པར་རང་སྣང་གསལ་བས་དེའི་ངང་ལས་མ་ཡེངས་པར་བཞག་སྟེ། ལུས་གནད་བཞུགས་སྟངས་གསུམ་གང་རུང་ངམ་སྐྱིལ་ཀྲུང་ངམ། སེང་གེའི་ཉལ་ལུགས་ཀྱིས་རིག་པ་དབྱིངས་རིག་ལ་གཏད་པའི་ངང་ལ་ཤི་ན་སྐད་ཅིག་དེ་ལ་ཡར་གྱི་ཟང་ཐལ་དུ་གྲོལ་ཏེ་ཆོས་ཉིད་ཀྱི་བར་དོ་མེད་པ་ནི། ཡང་དེ་ཉིད་ལས། དེ་ཚེ་སྐྱེས་བུ་སྐལ་ལྡན་དེའི། ། སྣང་བ་ཉིད་ནི་རང་གསལ་ན། ། མི་གནས་ཤེས་པ་རང་སོ་ཞེས། ། ཞེས་པ་དང་། ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། ། རིག་པ་ཉིད་ནི་མིག་ལ་གཏད། ཡིད་ཙམ་བར་སྣང་ལམ་དུ་བྱ། ། དབྱིངས་དང་རིག་པ་མ་འགྱུར་ན། ། མི་དེ་བར་དོ་མེད་པར་ནི། ། སངས་རྒྱ་པ་ལ་ཐེ་ཚོམ་མེད། ། ཤི་བའི་དབུགས་ཀྱང་དལ་བར་འགྱུར། ། ཞེས་སོ། ། དབྱིངས་རིག་གོམས་པ་རྣམས་ནི་འཆི་དུས་གངས་སམ་བྲག་ཕུག་གམ་མི་ལ་སོགས་པ་སེམས་གཡེང་བའི་རྐྱེན་མེད་པར་འཆི་བ་གནད་ཆེ་སྟེ། ཞི་བ་ལྷས་ཀྱང་། དྲུང་ན་འཁོད་པ་སུ་དག་ཀྱང་། ། མྱ་ངན་བྱེད་པ་ཡང་མེད་པས། ། འདི་ཡིས་སངས་རྒྱས་རྗེས་དྲན་སོགས། ། སུས་ཀྱང་གཡེངས་པར་འགྱུར་བ་མེད། ། ཅེས་གསུངས་པ་བཞིན་ནོ། ། 2.འབྲིང་འཕོ་བ་སྦྱང་བ་ནི། རིག་པ་སྙིང་ནས་ཧིག་གིས་ཚངས་བུག་འཕངས། ། སྔར་བསྟན་པ་བཞིན་འཕོ་བའི་གནད་བྱ་སྟེ། ། དེའང་རླུང་རྣམ་ཤེས་ལ་འཇུག་དུས་སྲོག་རླུང་སྙིང་ག་ནས་བཏེགས་པའི་དུས་ཡིན་པས་རིག་པ་སྙིང་ནས་རང་གི་བླ་མའི་སྐུ་ཚོན་གང་པར་བསམས་པ་ཧིག་གི་སྒྲ་བདུན་ནམ་ཉེར་གཅིག་གིས་ཚངས་བུག་ལ་འཕངས་པས་ཀ་དག་གི་ས་ལ་སྐད་ཅིག་གིས་ཟང་ཐལ་དུ་གྲོལ་ཏེ། ཉི་ཟླ་ཁ་སྦྱོར་ལས། རླུང་བཞི་རིམ་གྱིས་ཞི་ནས་ཀྱང་། ། རླུང་ཆེན་གཅིག་གིས་བསྐྱོད་པའི་ཚེ། ། ཞེས་པ་ནས། རྣམ་ཤེས་རླུང་ཞོན་རླུང་ལ་སྦྱང་། ། དེ་ཡང་གོང་དུ་འབྱོངས་པ་གཅེས། ། རིག་པ་བསྡུ་དང་འཕང་བ་གཅེས། ། དེ་ཡང་ཧིག་གིས་འཕང་བའོ། ། དེ་ཉིད་བླ་མའི་ཞལ་ལ་ཐུག ། ཅེས་སོ། ། 3.ཐ་མ་གཞན་རྐྱེན་ལ་ལྟོས་པ་ནི། འོད་གསལ་ངོ་སྤྲོད་ཤེས་དྲངས་སྟོང་སྒྲོན་སྟོན། ། དུས་དེར་བླ་མའམ་རྡོ་རྗེའི་སྤུན་སྲིང་དམ་ཚིག་ལ་སེལ་མེད་པ་ཞིག་གིས་གསལ་འདེབས་ཏེ། དེའང་ལྷའི་འོད་གསལ་སྐྱེལ་མ་དང་འདྲ་ལ། བར་དོའི་འོད་གསལ་བསུ་མ་དང་འདྲ་བས། དེ་གཉིས་གུང་སྦྲེལ་བའི་ཕྱིར། དབྱིངས་རིག་སྐྱེལ་མ་འདྲ་བའི་སྣང་བ་བསྟན་ལ། ཀྱེ་རིགས་ཀྱི་བུ་ད་ལྟའི་འོད་གསལ་འདི་རང་བྱུང་གི་ཡེ་ཤེས་དངོས་ཡིན་གྱི་འདིའི་ངང་ལོ་སེམས་མ་བཅོས་པར་ཞོག་དང་། ཡར་གྱི་ཟང་ཐལ་དུ་ཁྱོད་སངས་རྒྱའོ། ། དེའང་སྣང་བ་འདི་ལ་མ་འགྱུར་བར་ལྟོས་དང་། ད་ལྟའི་འོད་གསལ་འདི་ཆོས་ཉིད་ཉི་མའོ་འོད་གསལ་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་འཆར་བ་དང་འདྲེས་པར་འགྱུར་རོ། ། དེའི་ཚེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག དེའི་ཚེ་ཀ་དག་གི་ས་ལ་ཁྱོད་སངས་རྒྱའོ། ། དེར་ངོ་མ་ཤེས་ན་འོད་གསལ་ལྷུན་གྲུབ་ལ་ཐིམ་དུས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་རོ། ། དེ་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་འཆར་རོ། ། དེ་ནས་ལྷུན་གྲུབ་ཀྱི་སྒོ་བརྒྱད་འཆར་བས་ཁྱོད་ཀྱིས་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག ། རང་ངོ་ཤེས་མུ་ཐག་ཀ་དག་གི་སར་ཁྱེད་བདེ་བར་གཤེགས་སོ་ཞེས་ལན་གསུམ་བརྗོད་ལ། རང་ཉིད་ཀྱང་སྣང་བ་དེ་ལ་དར་ཅིག་མཉམ་པར་བཞག་ཅིང་ཡང་དེ་ལ་གསལ་གདབ་བོ། །

Tibetan Source 《མདོ་རྒྱུད་མཛོད་ཝི་པ་》428.6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number