2063
Tibetan | འོད་གསལ་བསྒོམ་པའི་སྔོན་དུ་འགྲོ་བ་བྱེ་བྲག་ཏུ་བཤད་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གཉིས་པ་ཐོད་རྒལ་སྒོམ་པའི་རིམ་པ་ལས་བྱུང་བ་སྟེ།
1.ཁྲེགས་ཆོད་ལས་ཐོད་རྒལ་ཁྱད་པར་བདུན་གྱིས་འཕགས་ཚུལ་མདོར་བསྟན་པ་ནི། (1)སྣང་བ་འོད་ཀྱི་ཁྱད་པར་ནི། སྣང་བ་འོད་སྣང་ཚུལ་ཕྲན་འོད་སྐུའི་ཁྱེད། ། ཁྲེགས་ཆོད་ཀྱིས་ཕྱི་འཁྲུལ་སྣང་གི་ས་རྡོ་རི་བྲག་ལ་སོགས་པ་དག་པར་བྱེད་མི་ནུས་ཤིང་། ཡུལ་དུ་བྱེད་པས་སྒྱུ་མ་དང་གཞི་མེད་ལ་སོགས་པའི་རྒྱས་འདེབས་ཡིད་དཔྱོད་ལ་ལྟོས་པས། སེམས་ཀྱི་རྣམ་ཤེས་ཚོགས་པའི་ཆོས་ལ་བརྟེན་ཞིང་མྱུར་དུ་མི་གྲོལ་བ་ཉིད་ཐོད་རྒལ་དུ་འོད་ལྔ་དབྱིངས་རིག་གི་སྣང་ཡུལ་དུ་བྱེད་པས། འཁྲུལ་སྣང་གི་མིང་མེད་ཡིད་དཔྱོད་ཀྱི་རྒྱས་འདེབས་མི་དགོས་ཤིང་། སེམས་ཀྱི་ཆོས་མིག་གི་རྣམ་ཤེས་ལ་སོགས་པ་རང་འགགས་ལ་སྦྱོང་བས། འཁོར་བ་མིང་མེད་དུ་ལ་ཟློས་ཏེ། ཚེ་དེས་འོད་དུ་གྲོལ་བའི་ཁྱད་ཞུགས་པ་ནི། ཐལ་འགྱུར་ལས། འདི་ནི་རང་གི་ཡུལ་བསྟན་པས། འཁོར་རྐྱེན་འཇུག་པ་མ་ཡིན་པར། ། ཟོང་མ་ཉིད་དང་ཐལ་བྱུང་དུ། ། ཡུལ་དང་ཤེས་པའི་སྣང་ཆ་ལས། ། ཐད་ཀ་སོ་སོའི་གཞི་ལས་གྲོལ། ། ཞེས་སོ། ། འོ་ན་ཁྲེགས་ཆོད་འབྱོངས་ནའང་སྣང་བ་ཚད་དུ་མ་ཕྱིན་པར་ཕུང་པོ་ལས་གྲོལ་བར་བཤད་པས་ཁྱད་ཅི་ཡོད་ན། ཤིན་ཏུ་ཆེ་སྟེ། ཁྲེགས་ཆོད་ཀྱིས་འབྱོངས་ཀྱང་རྡུལ་ཕྲན་ཆ་མེད་ལས་འོད་དུ་འགྲོ་མི་སྲིད། འོད་དུ་མ་སོང་ན་རྡོ་རྗེའི་ལུས་མི་གྲུབ་སྟེ། རེས་འགའ་བའི་སྒྱུ་ལུས་ཀྱིས་མཐར་ཐུག་གིས་མི་ཆོད་པ་དང་། འོད་ལུས་མ་ཐོབ་ན་འཕོ་བ་ཆེན་མོའི་སྐུ་མི་མཐོང་བས་གཞན་དོན་རླབས་པོ་ཆེ་རྟེན་དེས་མི་འགྲུབ་པས་ན། འོད་དང་རྡུལ་ཕྲན་དུ་དེངས་པའི་ཆ་ལས། འཕོ་བ་ཆེན་མོས་དོན་བྱེད་མི་བྱེད་དང་སྤྱན་དང་མངོན་ཤེས་དང་། རྫུ་འཕྲུལ་གྲུབ་པ་ལ་རླབས་ཆེ་ཆུང་གི་ཁྱད་ཡོད་པའོ། ། (2)ཉམས་ལེན་ལ། ལེན་དང་འབྲེལ་བའི་ཁྱད་པར་ནི། རིག་སྟོང་འོད་གསལ་ལག་ལེན་ཉིད་སྟོན་ཁྱད། ། ཅེས་རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་དེ་ཁྲེགས་ཆོད་ཀྱིས་སྟོང་པར་འཇོལ་བ་ལས་རང་འོད་མི་མཐོང་བ་དེ། ཐོད་རྒལ་གྱིས་གནད་གཅུན་པས་ཆོས་ཉིད་ངོ་བོའི་འོད་གསལ་ནང་དུ་ཟིན་དུས། ཆོས་ཅན་རང་མདངས་ཀྱི་འོད་གསལ་ཕྱིར་སྣང་བ་ལག་ལེན་ལ་བསྟན་དུ་ཡོད་པས་འཕགས་ཏེ། རང་ཤར་ལས། རང་སྣང་རིག་པའི་རྒྱལ་པོ་འདི། ། ཀུན་ལ་ཡོད་དེ་རྟོགས་པ་མེད། ། ཅེས་སོ། ། (3)རང་སྣང་མངོན་སུམ་དུ་གཟིགས་པའི་ཁྱད་པར་ནི། རིག་པ་བལྟར་མེད་ཆོས་ཉིད་མཐོང་གསལ་ཁྱད། ཅེས་རིག་པའི་ཡེ་ཤེས་ཁྲེགས་ཆོད་དུ་བལྟར་མེད་ཀྱི་རྒྱས་བཀབ་ནས་མཐོང་དུ་མེད་པ་ཅིག་ཏུ་ཐག་གཅོད་པ་སྟེ། ཐོད་རྒལ་དུ་ཡེ་ཤེས་ཀྱི་མཐོངས་ཕྱེ་བས་ཆོས་ཉིད་ཀྱི་ཉི་ཟེར་གསལ་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། ། ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། ། ཞེས་སོ། (4)ལུས་གནད་རྩའི་ཁྱད་པར་ནི། རགས་པའི་རྩ་རླུང་འོད་རྩ་སྒྲོན་མའི་ཁྱད། ། ཅེས་ཁྲེགས་ཆོད་དུ་རགས་པའི་རྩ་རླུང་ལ་བརྟེན་པ་ལས། ཐོད་རྒལ་དུ་འོད་རྩ་དར་བ་ངོས་བཟུང་ནས་སྒྲོན་མ་དངོས་ལམ་དུ་བྱེད་པ་སྟེ། དེ་ཉིད་ལས། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། ། རང་བཞིན་སྣང་བའི་ཡེ་ཤེས་ལྔ། ། ཆུ་བུར་མིག་གིས་མཐོང་བའོ། ། ཞེས་སོ། ། (5)སྣང་བྱེད་སྒོའི་ཁྱད་པར་ནི། དབང་པོ་དྲུག་སྒོ་དག་པ་འོད་སྒོའི་ཁྱད། ། ཅེས་ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོམ་དག་པ་སེམས་ཀྱི་ཆོས་ལ་དྭངས་པ་འཚོལ་བ་ལས། ཐོད་རྒལ་དུ་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས་སྒྲོན་མ་བཞིའི་སྣང་བ་འཆར་བས་འཕགས་ཏེ། དེ་ཉིད་ལས། སྒོ་ནས་ཇི་ལྟར་འབྱུང་བ་ནི། ། འཇུག་པའི་རླུང་གིས་བསྐུལ་བ་ཡིས། ། སྒྲོན་མ་བཞི་ལས་ལས་བཞིར་བྱུང་། ཞེས་སོ། ། (6)མཐོང་བ་དབང་པོའི་ཁྱད་པར་ནི། ནང་དྭངས་དབང་པོ་ཟང་ཐལ་དབང་པོའི་ཁྱད། ། ཅེས་ཁྲེགས་ཆོད་ཀྱིས་བལྟར་མེད་རིག་པ་ནང་དྭངས་ཀྱི་དབང་པོ་དྭངས་འཚོལ་བ་ལས། ཐོད་རྒལ་དུ་ཕྱི་ནང་ཡེ་ཤེས་ཟང་ཐལ་གྱི་དབང་པོས་དབྱིངས་དང་། ཡེ་ཤེས་འདུ་འབྲལ་མེད་པའི་སྣང་བ་ལ་དངོས་སུ་དཔྱོད་པའི་ཁྱད་ཞུགས་ཏེ། ཐལ་འགྱུར་ལས། དག་པ་དབྱིངས་ཀྱི་སྒྲོན་མ་ལ། ། ཐིག་ལེ་སྐུ་དང་འཁྲུལ་སྣང་དག ། རང་བཞིན་ཉིད་དང་ངོ་བོ་ཉིད། ། གཉིས་མེད་འདུ་འབྲལ་མེད་པར་སྣང་། ། ཞེས་སོ། ། (7)ཉམས་མྱོང་འཕེལ་སྣང་གི་ཁྱད་པར་ནི། མ་སྤངས་རྒྱས་འདེབས་སྣང་བ་གོང་འཕེལ་ཁྱད། ། ཅེས་ཁྲེགས་ཆོད་ཀྱི་ཕྱི་ཡུལ་ནང་སེམས་ཀྱི་འཁྲུལ་བ་སྣང་དུ་བཅུག་ནས་སྤོང་ལེན་མེད་པའི་ངང་རྒྱས་འདེབས་པས་མྱུར་དུ་དེ་དག་མི་གྲོལ་བ་ཉིད། ཐོད་རྒལ་དུ་གནད་བཅས་པའི་སྐད་ཅིག་ནས། ཕྱི་ནང་གི་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་རང་སངས་ཏེ། མ་སྤངས་གནས་སུ་དག་པ་རྒྱས་འདེབས་ལ་མི་ལྟོས་ཤིང་། ཡེ་ཤེས་ཀྱི་འཕེལ་སྣང་ཟླ་བ་ཡར་ངོ་བཞིན་གོང་དུ་འཕེལ་ཏེ། སྣང་བ་བཞི་ཚད་དུ་ཕྱིན་ནས་མྱུར་དུ་གྲོལ་བ་ཉིད། དེ་ལས། སྣང་ཚུལ་འཁྲུལ་བ་མ་ཡིན་ལ། ། རྒྱུ་རྐྱེན་དག་པའི་རང་བཞིན་ལ། དངོས་དང་དངོས་མེད་རང་དག་ནས། ། སྒོ་ལྔའི་ཡུལ་ཞེན་དག་པ་དང་། ། འབྱུང་བའི་རགས་པ་དག་པ་དང་། ། ཡེ་ཤེས་དག་པ་འཕེལ་སྣང་སྟོན། ། དེ་ལས་ཟད་པའི་ཆོས་ཉིད་དོ། ། ཞེས་སོ། ། འདི་དག་གི་ཁྱད་པར་ཞིབ་མོར་ཕྱེ་ན་བསམ་གྱིས་མི་ཁྱབ་ཀྱང་། ཆེ་ལོང་ཙམ་བརྗོད་པ་སྟེ་མདོར་བསྡུ་ན་རིག་པའི་དོན་དངོས་སུ་མཐོང་ཞིང་བལྟར་ཡོད་པས་འཁྲུལ་བ་སྐད་ཅིག་ལ་ལྡོག་པ་དང་། ཡིད་དཔྱོད་ལ་ལུས་པས་འཁྲུལ་སྣང་ལ་ལམ་བྱས་ནས་མ་འཁྲུལ་བའི་འབྲས་བུས་འཚོལ་བའི་ཁྱད་པར་གྱིས་ཆེ་བར་ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ། ། ཆོས་འདི་ལ་གནད་འདི་ལྟ་བུ་ཡོད་པས་ཀུན་གྱི་རྩེ་མོ་བླ་ན་མེད་པ་ཞེས་བྱའོ། ། 2.ལུས་ངག་དང་སྒོ་ཡུལ་རླུང་རིག་གི་གནད་རྒྱས་པར་བསྟན་པ་ལ་བཞི་སྟེ། (1)ལུས་སྐུ་གསུམ་གྱི་བཞུགས་སྟངས་བཅའ་བ་ནི། སྤྲུལ་སྐུ་དྲང་སྲོང་ལོངས་སྐུ་གླང་ཆེན་ཚུལ། ། ཆོས་སྐུ་སེང་གེ་ལྟ་བུའི་འདུག་སྟངས་གསུམ། ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ལུས་ནི་སེང་གེ་ལྟ་བུ་དང་། ། དྲང་སྲོང་དང་ནི་གླང་ཆེན་ཚུལ། ། འདི་ལས་གཡོ་བར་མ་བྱས་ན། ། སངས་རྒྱས་སུམ་སྟོང་ཉིད་དང་ཡང་། ། སྐལ་བ་དག་ནི་མཉམ་པ་ཡིན། ། ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། ། སེང་གེའི་ཚུལ་དང་གླང་ཆེན་ཚུལ། ། དྲང་སྲོང་ལྟ་བུར་གནས་པར་བྱ། ། ཞེས་པས། འདིར་སྐུ་གསུམ་ཀྱང་ལྡོག་པ་ཐ་དད་པ་བཞིན་ལུས་གཅིག་ལའང་བཞུགས་སྟངས་ཐ་དད་པ་གསུམ་ལས། [1]སྤྲུལ་སྐུའི་བཞུགས་སྟངས་ནི། དཔེར་ན་དྲང་སྲོང་ཙོག་པུ་དང་འདྲ་སྟེ། རྐང་པའི་ལོང་བུ་གཉིས་གཤིབས་པ་ནི་ཐབས་དང་ཤེས་རབ་ཀྱི་འབྲེལ་བ་འབྱུང་བར་བྱེད་པའི་གནད། རྐང་མཐིལ་གཉིས་ས་ལ་བཅར་བ་ནི་གཟུང་འཛིན་ལས་ཀྱི་རླུང་གཉིས་གནོན་པའི་གནད། པུས་བྲང་སྦྱར་བ་ནི་ལུས་ཀྱི་འབྱུང་བ་ཆམ་ལ་འབེབས་པའི་གནད། པུས་སྤྱི་དྲང་པོར་བསྲང་བ་ནི་རྩ་མི་འཆུས་པས་རླུང་ངང་གིས་དལ་བའི་གནད། ལག་པ་བསྣོལ་བ་ནི་དབྱིངས་དང་རིག་པ་འདྲ་བར་བྱེད་པའི་གནད། མཇིང་བ་ཐད་ཀར་བསྲུང་བ་ནི་རླུང་ཡུལ་ལ་ཕུལ་བས་རང་སངས་ལ་གཏོང་བའི་གནད་དོ། ། ཐལ་འགྱུར་ལས། སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། ། དྲང་སྲོང་ཙོག་པུ་ལ་བརྟེན་ནས། ། སྤྲུལ་པ་ཞེས་པ་ལུས་ལ་འབྱུང་བ་ལ་སོགས་པའི་བྱེད་ལས་སྣ་ཚོགས་པར་སྤྲུལ་ཟིན་དག་པར་བྱེད་ལ། དེ་དག་པས་སྒྱུ་མའི་སྐུར་སྨིན་པར་བྱེད། བཞུགས་པ་གནས་སུ་རྒྱུད་ལ་རྟེན་པར་བྱེད། སྟངས་ནི་དེ་ལ་བརྟེན་པས་ཁམས་གསུམ་དུ་མི་ལྡོག་པར་བྱེད་དེ། གསེར་གྱི་མཁའ་ལྡིང་ལས། ལུས་ཀྱི་ཚོགས་པ་དག་བྱེད་པས། ། སྤྲུལ་པ་སྐུ་ཡི་བཞུགས་སྟངས་ཉིད། ། སུ་ཡིས་ཤེས་པས་དེ་གནད་བསྟུན། ། དེ་ཉིད་ལས་གྲོལ་སངས་རྒྱས་སོ། ། ཞེས་སོ། ། [2]ལོངས་སྐུའི་བཞུགས་སྟངས་ནི། དཔེར་ན་གླང་པོ་ཆེ་ཉལ་བ་དང་འདྲ་སྟེ། ཁ་སྦུབ་ཏུ་ཉལ་བས་ལུས་ཀྱི་ཚོགས་པའི་ཆོས་བཅར་ལ་མནན་པའི་གནད། པུས་བྲང་སྦྱར་བས་འབྱུང་བའི་དྲོད་འབེབས་པའི་གནད། རྐང་པའི་སོར་མོ་ཕྱིར་ལ་ཕུལ་བས་གཡོ་བྱེད་ལས་ཀྱི་རླུང་འཛིན་པའི་གནད། ལག་པའི་གྲེ་མོང་ས་ལ་བཙུགས་པས་དབྱིངས་ལ་རིག་པ་འདྲེན་པའི་གནད། མཇིང་པ་གྱེན་ལ་བཏེག་པས་རིག་པ་དང་དབྱིངས་མི་འབྲལ་བའི་གནད་དོ། ། ཐལ་འགྱུར་ལས། ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། ། ཀློང་ཆེན་ཉལ་བ་ལ་བརྟེན་ནས། ། ཆོས་ཉིད་རྣམས་ལ་ལོངས་སྤྱད་ནས། ། པདྨའི་སྤྱན་གྱིས་མཐོང་བར་འགྱུར།་། ཞེས་སོ། ། ངེས་ཚིག་ལ། ལོངས་ནི་འདོད་ཡོན་ལྔ་དག་པར་བྱས་ནས། ཆོས་ཉིད་སྐྱེ་མེད་ཀྱི་ལམ་དུ་འཛུད་པར་བྱེད་ལ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མིག་དབང་པོས་སྤྱོད་པའོ། ། རྫོགས་པ་ནི་ལུས་ཀྱི་ཚོགས་པའི་ཆོས་འོད་གསལ་དུ་གྲོལ་བར་བྱེད་པའི་ཐབས་སོ། ། སྐུ་ནི་ཕ་དག་སྨིན་པས་འཁོར་བ་ལས་གྲོལ་བའོ ། དེ་ཉིད་གནད་བསྟུན་པས་གང་ཟག་དེ་རྟག་ཏུ་ཆོས་ཉིད་མངོན་སུམ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། ། བཞུགས་པ་ནི་ཏིང་ངེ་འཛིན་གནས་པར་བྱེད་པའོ། ། སྟངས་ནི་ཁམས་གསུམ་ལས་འདས་པའི་གནད་དོ། ། གསེར་གྱི་མཁའ་ལྡིང་ལས། ཆོས་ཀྱི་དབྱིངས་ལ་ལོངས་སྤྱོད་ཕྱིར། ། ལོངས་སྐུའི་བཞུགས་སྟངས་བསྟུན་བྱས་པས། ། འདིས་ནི་སྐུ་གསུམ་ཞིང་ལ་སྤྱོད། ། དེས་ན་མཆོག་ཏུ་ལུས་ཀྱི་གནད། ། རྣལ་འབྱོར་ཆེ་མཆོག་གཙོ་བོའོ། ། ཞེས་སོ། ། [3]ཆོས་སྐུའི་བཞུགས་སྟངས་ནི། དཔེར་ན་སེང་གེ་ཚང་དུ་ཞུགས་པ་དང་འདྲ་སྟེ། རྐང་མཐིལ་གཉིས་ས་ལ་ཕབ་པས་འབྱུང་བ་སྙོམས་པ་དྲོད་ཀྱི་གནད། ལུས་འགྱིང་ཚུགས་སུ་འདུག་པས་ཡེ་ཤེས་ཀྱི་རླུང་གི་འཕེན་པས་ལས་ཀྱི་རླུང་གནོན་པའི་གནད། ལག་སོར་བསྐུམ་སྟེ་ས་ལ་བཙུགས་པས་འཕྲོ་བ་ལས་ཀྱི་རླུང་བཟློག་པའི་གནད། རོ་སྟོད་སེང་ལ་བོར་བས་ཉམས་སྣང་མྱུར་དུ་འཆར་བའི་གནད། རྩ་མཇིངས་ལ་བོར་བས་དབྱིངས་རིག་དང་དུས་ཐམས་ཅད་དུ་མི་འབྲལ་བའི་གནད་དོ། ། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། ། འཁྲུལ་བའི་འཇིགས་པ་ཀུན་བྲལ་ནས། ། རྡོ་རྗེའི་མིག་གིས་མཐོང་བར་འགྱུར། ། ཞེས་སོ། ། ངེས་ཚིག་ལ། ཆོས་ནི་ལུས་ཀྱི་ཚོགས་པ་ལས་གྲོལ་བར་བྱེད་ལ། སྐུ་ནི་དེ་དག་རྣམ་པར་དག་པ་ལས་སྒྱུ་མའི་སྐུ་ཉིད་དུ་དུས་ཐམས་ཅད་དུ་གནས་པའོ། ། བཞུགས་པ་ནི་ཏིང་ངེ་འཛིན་གནས་པ་ལས་མི་འདའ་བའོ། ། སྟངས་ནི་འཁོར་བ་ལས་ཐར་བར་བྱེད་པའོ། ། གསེར་གྱི་མཁའ་ལྡིང་ལས། གང་གིས་ཆོས་སྐུའི་བཞུགས་པའི་ཚུལ། ། གང་ཟག་གང་གིས་ལུས་ཀྱི་གནད། ། དེ་དང་མཐུན་པར་སུས་ཤེས་པ། ། འདིས་ནི་ཆོས་སྐུ་བདེ་ཆེན་ལ། ། རྣལ་འབྱོར་དག་ཏུ་བྱེད་པའོ། ། དེ་ལྟར་སྐུ་གསུམ་གྱི་བཞུགས་སྟངས་བྱས་པས་སྐུ་གསུམ་གྱི་དགོངས་པ་ལས་མི་འདའོ། ། དེ་ཡང་སྤྲུལ་སྐུ་ཙོག་པུ་ནི་མ་འོངས་པའི་དུས་ན་དཀའ་ཐུབ་ལ་བརྟེན་ནས་གྲོལ་བའི་བརྡར་བྱུང་ལ། ལོངས་སྐུ་གླང་པོ་ནི་མ་འོངས་པའི་དུས་ན་བྱ་བྲལ་ལྷུན་གྱིས་གྲུབ་པའི་ངང་དུ་གྲོལ་བའི་བརྡ་དང་། ཆོས་སྐུ་སེང་གེ་ནི་མ་འོངས་པའི་དུས་ན་ཡ་ང་དང་བག་ཚ་མེད་པར་གྲོལ་བའི་བརྡའོ། ། (2)ངག་ལྐུགས་པ་ལྟར་ཅི་ཡང་མི་སྨྲ་བ་ནི། ངག་ནི་བསླབ་གནས་ལ་བཟླ་བརྟན་པར་བྱ། ། ཐལ་འགྱུར་ལས། ངག་ནི་བསླབ་དང་གནས་པ་དང་། ། ལ་བཟླ་བརྟན་པར་བྱ་བའོ། ། ཞེས་པས། དང་པོ་ངག་བསླབ་པ་ནི། སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་དུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། ། གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲའོ། ། འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། ། ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། ། བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡའ་ཙམ་ཡང་མི་བྱ་བ་ཡིན་ནོ། ། ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། ། སུ་དང་བརྡ་ཙམ་ཉིད་མི་བྱ། ། འདི་ལྟར་སུ་ཡིས་བྱས་པའི་མི། ། སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། ། ཞེས་སོ། ། ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། ། (3)སེམས་ཀྱི་འཕྲོ་འདུའི་རྟོག་ཚོགས་བཅད་པ་ནི། སེམས་གནད་མིག་གིས་མཁར་བལྟ་རྟོག་མེད་གཞག ། སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། ། ཅེས་སོ། ། དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་གཅུན་པ། ། ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། ། འདི་ཡིས་གོམས་པར་འགྱུར་བ་ཡིན། ། ཞེས་པ་དང་། རྡོ་རྗེ་བཀོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད། ། ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། ། ཞེས་སོ། ། (4)གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ་དེ་ལ་གཉིས་ཏེ། [1]གནད་གསུམ་སྤྱིའི་ཆིངས་བསྟན་པ་ནི། མཐོང་དང་མི་འགྱུར་རྟགས་ཚད་ལ་འབེབས་གནད། ཅེས་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། ། དེ་ཡང་སྒོ་དང་ཡུལ་ཉིད་དང་། ། རླུང་དང་རིག་པའི་གནད་ཉིད་གཏམ། ། ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་དོན་སྙིང་ལ་སོགས་པའི་གནད་ལ་ཕན་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱི་མཐོང་བར་བྱེད། ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། ། དེ་ཡང་སྒོའི་གནད་སོ་པ་དང་འདྲ། ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། ། སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་ སུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ། ། དེ་ཡང་ཡུལ་མེད་ན་རྟེན་པའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། ། [2]བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ་གསུམ་ཏེ། <1>སྒོའི་གནད་ནི། གཟིགས་སྟངས་གྱེན་ཟུར་ཕབ་ནས་བལྟ་བ་གསུམ། ཐ་མལ་བའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། ཁམས་གསུམ་འཁོར་བ་སྤྱིངས་ནས་འདོན། ། ལོངས་སྐུས་སྲིད་པའི་གཞི་མ་འཇིག ། སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། ། ཞེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག ། ཅེས་པ་དང་། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། ། གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། ། ཞེས་སོ། ། དེ་ཡང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང་། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། ། རྣལ་འབྱོར་པ་མིག་ཤེས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤེས་བཟང་བས་ཆོས་སྐུའི་དང་བསྟུན་ནས་མྱུར་དུ་སྣང་བ་ཚད་ལ་འཕེལ་བའི་དགོས་པ་ཡོད་དོ། ། དེ་དག་ལ་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ་ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱུས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། ། <2>ཡུལ་གྱི་གནད་ནི། ཕྱི་ནང་དབྱིངས་སྣང་རིག་འཆར་ཉམས་འཕེལ་གནད། ། ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་མདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། ། ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། ། བག་རྡུལ་ཆར་གྱིས་དེངས་དུས་སུ། ། མཁས་པས་མངོན་སུམ་གནད་གཟིར་དང་། ། ནང་གི་སྒྲོན་མ་ལམ་དུ་བྱའོ། ། ཞེས་སོ། ། དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། ། <3>རླུང་རིག་གི་གནད་ནི། རླུང་ལ་རིག་པ་ལུ་གུ་རྒྱུད་དབྱིངས་གཞག ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོར་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། ། དེ་ཡང་རླུང་དལ་བའི་ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅེང་གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། ། དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། ། རབ་ཏུ་འཕང་བ་ལས་བྱུང་བས། ལུས་དང་སེམས་ཀྱི་འབྲེལ་ཆད་དེ། ། ཁམས་གསུམ་དུ་ཡང་ཟློག་པ་མིན། ། ཞེས་པ་དང་། རླུང་རིག་དལ་བས་ཡེ་ཤེས་འགྲུབ། ། ཅེས་སོ། ། 3.མངོན་སུམ་འོད་གསལ་གྱི་ངོ་སྤྲོད་ཁྱད་པར་དུ་བསྟན་པ་ལ་གཉིས་ཏེ། (1)རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པ་ནི། ཚོགས་བསགས་གསོལ་གདབ་བྱིན་དབབ་སྤྲུལ་སྐུ་དང་། ། ལོངས་སྐུ་ཆོས་སྐུའི་དཀྱིལ་འཁོར་མཆོག་ལ་འཇུག ། རི་རྩེ་ལ་སོགས་པ་ཤིན་ཏུ་དབེན་ཞིང་མངོན་སུམ་གྱི་སྣང་བ་འཆར་བདེ་བའི་གནས་སུ། དུས་ཕུན་སུམ་ཚོགས་པར་ཚོགས་ཀྱི་འཁོར་ལོ་དང་། གཏོར་མཆོད་རྒྱ་ཆེབ་བཤམས། བླ་མ་ལ་གསེར་གྱི་མཎྜལ་ལ་སོགས་པའི་ཟང་ཟིང་དངོས་པོ་ཕུན་སུམ་ཚོགས་པ་དང་། ཡང་ན་ལུས་ངག་ཡིད་གསུམ་དགེ་ཚོགས་དང་བཅས་པ་འབུལ་དགོས། རང་ལ་ཡོད་བཞིན་སེར་སྣས་འཆང་ནས་སྟོང་ཞུས་མཁས་ཀྱང་གནད་དོན་འདི་ལྟ་བུ་གཏན་ནས་སྟོན་མི་རུང་བས། ཡང་ན་སྒྲུབ་པའི་དམ་བཅའ། ལུས་ངག་གི་ཞབས་ཏོག་ཡང་ན་ཟང་ཟིང་རྒྱ་ཆེན་གསུམ་གྱི་གང་རུང་ཞིག་ཅི་ནས་ཀྱང་དགོས་སོ། ། དཀའ་འགག་དེ་ལྟ་བུ་ལ་གཏུག་ན་སྣོད་བཟང་ངན་དང་ཆོས་ལ་འདུན་པ་ཆེ་མི་ཆེའི་ནང་རྟགས་ཕྱིར་ཐོན་འོང་བས། སྣོད་དང་ལྡན་པའི་སློབ་མས་མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེ། ། བདག་ནི་འཁོར་བ་ལས་བསྒྲལ་ཕྱིར། ། རྡོ་རྗེ་སེམས་དཔའི་གསང་ལམ་ཆེཿ རིག་པའི་རྩལ་དབང་བསྐུར་དུ་གསོལཿ ཞེས་ལན་གསུམ་གསོལ་བཏབ་པས། དཔོན་སློབ་ཐམས་ཅད་འོད་གསལ་གྱི་སྣང་བ་སྒྲིབ་གཡོགས་དང་བྲལ་བའི་རྟེན་་འབྲེལ་དུ་སྟོད་གཡོགས་བསལ་ཏེ། སློབ་དཔོན་གྱི་ལོ་ལེགས་སོགས་སྐལ་ལྡན་གྱི་སློབ་མ་ཁྱེད་རང་རྣམས་ཀྱིས་མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་ཕྱིར་རིག་པ་རྩལ་གྱི་དབང་གསན་པ་ལ། གནས་ཁང་དང་ས་ཕྱོགས་འདི་ཉིད་འོག་མིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས། བླ་མ་ང་ཡང་ཀུན་ཏུ་བཟང་པོ་ཡབ་ཡུམ་དངོས་ཡིན་སྙམ་པའི་ངང་ནས་བདག་གི་ཐུགས་དཀར་ཡི་གེ་ཨ་མཐིང་ག་གཅིག་བཀོད་པ་ལ་མིག་མི་འཛུམ་པར་བལྟ་ཞིང་སེམས་མ་ཡེངས་པའི་ངང་ནས། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་ངའི་ཚིག་རིས་དང་མཐུན་པར་ཡིད་ཀྱི་ཐོབ་ལ་དབང་དང་བྱིན་རླབས་དངོས་གྲུབ་དམ་པ་ཐོབ་སོང་སྙམ་དུ་སོམས་ཤིག་ཅེས་བརྡ་སྤྲད་ལ། སློབ་དཔོན་གྱིས་བླ་མ་བརྒྱུད་པའི་གསོལ་འདེབས་སྙན་པོའི་སྒོ་ནས་རྗོད་ཅིང་ཌ་དྲིལ་གྱི་སྒྲ་དང་བཅས་ཏེ་བྱིན་དབབ་པའི་མཐར་ཡིད་ལ་མེད་པ་གཅིག་ཏུ་བླ་མས་ཕཊ་དྲག་པ་ཞིག་བརྗོད་པས་དེ་མ་ཐག་པར་སེམས་གང་ཡིན་ཞེས་ལན་གསུམ་མགྱོགས་པར་བརྗོད་པས། སློབ་མས། ཅི་ཟེར་གཏད་པ་མེད་པར་ཧ་ཕྱད་དེ་ལུས་པའི་ཚེ་རིག་པ་མ་བཅོས་པར་ལྷུག་གེར་ཤར་བ་ནི། མ་མཐོང་བའི་མཐོང་བ་ཆེན་པོ་ཞེས་བྱ་སྟེ། ཆོས་སྐུའི་ངང་དུ་ཡེ་ཤེས་དབབ་པ་ཞེས་བྱའོ། ། (2)གཤིས་ཐོག་ཏུ་རིག་པའི་རྩལ་དབང་བསྐུར་བ་ནི། དོན་དམ་དཀྱིལ་འཁོར་རྒྱལ་བ་མ་ལུས་པའི། ། སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་རྒྱུན། ། རིག་པ་རྩལ་གྱི་དབང་མཆོག་མངོན་སུམ་བསྐུར། ། རིག་རྩལ་སྐུ་ལྔ་ཡེ་ཤེས་རིགས་ལྔ་འོད། ། རླུང་ལྔ་ཤེས་རབ་མཁའ་འགྲོ་སྐུ་བསྐྱེད་རྫོགས། ། ཉི་མ་རྩེ་ཤར་གྱི་དུས་སུ་ཟེར་དང་པོ་དང་སྦྱར་ལ་སློབ་མ་རྣམས་བཞུགས་སྟངས་དང་སྒོ་ཡུལ་རླུང་རིག་གི་གནད་རྣམས་འཆང་དུ་བཅུག་ལ། སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་སྒོ་ཡུལ་རླུང་རིག་གི་གནད་རྣམས་འཆང་དུ་བཅུག་ལ། སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེར་སྣང་བ་དེ་འབེན་དུ་བཙུགས་ནས། ཀྱཻཿསྐལ་ལྡན་རིགས་ཀྱི་བུ་རྣམས་ཡེངས་པར་ལྟོས་ཤིག ད་ཁྱོད་རང་རྣམས་ལ་སྔོན་ཆད་བསྟན་པའི་དབང་དང་ཐེག་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་རང་གི་རིག་རྩལ་རང་བྱུང་དོན་དམ་པའི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་ཅིང་ངོ་སྤྲོད་པ་ཡིན་པས་དགའ་བར་གྱིས་ཤིག དེ་ཡང་ཙིཏྟ་རིན་པོ་ཆེ་གསང་བའི་སྦུབས་ན་ཐིག་ལེ་ཡེ་ཤེས་ཀྱི་ས་བོན་ངོ་བོའི་ཆ་ནས་སྟོང་ཞིང་བདག་མེད་པ། རང་བཞིན་གྱི་ཆ་ནས་འགག་མེད་དུ་གསལ་བ། ཐུགས་རྗེའི་རྩལ་ལས་སྐུ་དང་ཡེ་ཤེས་དབྱེར་མེད་བུམ་ནང་གི་སྒྲོན་མེ་ལྟར་གསལ་བའི་འོད་མདངས་རིན་པོ་ཆེ་ཤེལ་བུག་ཅན་ལས་འཐོན་ཏེ་སྒྲོན་མ་བཞིའི་རང་བཞིན་དུ་གསལ་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས་ཉིད་རང་གིས་མངོན་སུམ་དུ་མཐོང་བ་འདིས་རིག་པ་རྩལ་གྱི་དབང་ཆེན་ཐོབ་པ་ཡིན་ནོ། ། དབང་དོན་རྣམས་ཞིབ་ཏུ་ངོ་སྤྲད་པ་ནི། ཀློང་གསལ་ལས། རང་གི་རིག་རྩལ་སྐུ་ལྔར་ཤར། ། རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། ། སྣང་མཐའ་དོན་ཡོད་གྲུབ་པར་ཤར། ། ཞེས་པས། གནད་ལ་བརྟེན་ནས་མཐོང་བའི་རིག་པའི་རྡོ་རྗེ་ལུ་གུ་རྒྱུད་དང་སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེར་སྣང་བ་འདི། འོད་གསལ་འགྱུར་བ་མེད་པས་མི་བསྐྱོད་པ། དེ་ཉིད་འཕེལ་བ་དང་བཅས་པས་རིན་ཆེན་འབྱུང་ལྡན། སྣང་བ་ནི་ཚད་མེད་པས་སྣང་བ་མཐའ་ཡས། འོད་ལྔ་པོ་འདི་ལྷུན་གྲུབ་ཏུ་རང་ཤར་བས་དོན་ཡོད་གྲུབ་པ། དེ་དག་རྣམས་ཀྱང་གསལ་ལ་སྟོང་ཞིང་སྟོང་ལ་གསལ་བ་གསལ་སྟོང་གཉིས་སུ་མེད་པས་རྣམ་པར་སྣང་མཛད་དེ་སྐུ་ལྔའི་རང་བཞིན་དུ་ཡེ་ནས་གསལ་ཞིང་འདུ་འབྲལ་མེད་པར་བཞུགས་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག འདི་ལ་སྐུ་ལྔ་གཞན་དུ་མ་འཚོལ་ཞིག གཞི་དེའི་ངང་ལས་སྣང་བ་གཟུང་འཛིན་དང་བྲལ་བ་གསལ་སྟོང་དུ་བསྒོམ་པ་ལམ། རིགས་ལྔ་སོ་སོའི་སྐུར་གསལ་དུས་འབྲས་བུའོ། ། ཐལ་འགྱུར་ལས། མེ་ལོང་མཉམ་ཉིད་སོ་སོར་རྟོག ། བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ། ། ཞེས་པས། འོད་གསལ་དེ་རྣམས་དྲི་མ་དང་བྲལ་ཞིང་སྐུའི་འཆར་གཞི་བྱེད་པས་མེ་ལོང་ཡེ་ཤེས། དེ་ཉིད་གང་དུ་དབྱེར་མེད་པས་མཉམ་ཉིད་ཡེ་ཤེས། བྱེ་བྲག་མ་འདྲེས་པར་སོ་སོར་འཆར་བས་སོར་རྟོག་ཡེ་ཤེས། མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས། དེ་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས་སོ། ། ཡེ་ཤེས་ལྔའི་རང་བཞིན་དུ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པའོ། ། གཞི་དེའི་ངང་ལས། མངོན་གསུམ་ས་ལེ་སང་ངེར་བསྒོམ་པ་ལམ། དེ་མཐར་ཕྱིན་ནས་སྣང་སྲིད་འོད་གསལ་དུ་ཤར་བ་འབྲས་བུའོ། ། |
Tibetan Source | 《མདོ་རྒྱུད་མཛོད་ཚི་པ་》ཤ་264.1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |