2356

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གསོ་རིག་གི་བྱུང་བ་འཆད་པ་གསུམ།
Tibetan Alternate
Tibetan Definition 1.ཐོག་མར་སུ་ཞིག་གིས་དྲན་ཅིང་གང་ལས་བརྒྱུད་པ་ནི། ཚངས་པས་ཐོག་མར་ཚེ་ཡི་རིག་བྱེད་དྲན། ། བདུད་རྩི་བཙལ་ཞིང་གསོ་དཔྱད་འབུམ་པ་མཛད། དབང་པོར་རིམ་བརྒྱུད་དེ་སློབ་རྒྱུན་ཤེས་བུས། ། ཚངས་བཤད་བསྡུས་པ་ཞེས་བྱའི་གཞུང་ཆེན་བརྩམས། ། ཞེས་དེ་ལ་ཡང་དག་པར་ནི་རིག་བྱེད་རྟག་པ་ཚད་མའི་ལོ་རྒྱུས་དང་བཅས་ལ་ནང་པའི་རྒྱུད་གཞུང་རྣམས་ལས་རྒྱ་ཆེར་བཀག་ཀྱང་། རིག་ལམ་ཐུན་མོང་བའི་སྐབས་འདིར་རིག་བྱེད་ཀྱི་གཞུང་དུ་གྲགས་པ་སོར་བཞག་པ་སློབ་དཔོན་དཔའ་བོ་སོགས་ཀྱི་དགོས་པ་ལ་གནས་པའི་དབང་དུ་བྱས་ནས་སྔོན་རྫོགས་ལྡན་ཆེན་པོའི་སྐབས་ཚེ་ལོ་དཔག་མེད་ནས་ཅུང་ཟད་འགྲིབ་སྟེ་ལྷ་མི་རྣམས་ལ་འཆི་བ་ཡོད་པའི་སྐབས་ཤིག་ལ་ལྷ་རྣམས་ཀྱིས་མི་འཆི་བའི་ཐབས་བགྲོས་པ་ན། ཚངས་པའི་འཁུར་ཚོས་ལས་བྱ་རྩོལ་མ་བྱས་པར་རང་བྱུང་གི་སྒྲ་ༀ་ཨ་ཐ། ཞེས་བྱ་བ་བྱུང་བ་ཟླ་ཟེར་ལས་བཤད། རིག་བྱེད་ཀྱི་གཞུང་འགའ་ཞིག་ཏུ་ཞལ་ནས་རང་བྱུང་དུ་བྱུང་བར་བཤད་ཅིང་། གང་ལྟར་དེའི་རྗེས་ཐོག་ཏུ་ཞལ་བཞི་ལས་རིག་བྱེད་བཞི་བྱུང་བར་བཤད་དེ། ཇི་སྐད་དུ། གང་ཕྱིར་ཚངས་པ་ཡི་ནི་ཞལ། ། དབུས་མ་ནས་ནི་ཚེའི་རིག་བྱེད། ། སྙན་ཚིག་ངེས་བརྗོད་མཆོད་སྦྱིན་རྣམས། ། ཞལ་གཞན་ནས་ནི་གསུངས་པར་མཛད། ། ཅེས་པ་ལྟར་ཐོག་མར་ཞལ་དབུས་མ་ནས་ཚེ་རིག་སྟེ་གསོ་རིག་རང་བཞིན་གྱིས་དྲན་ནས་བྱུང་། གཞན་རྣམས་རིམ་བཞིན་བྱུང་སྟེ། དེ་བཞི་ཀའང་སུས་ཀྱང་མ་བྱས་པས་རྟག་པ། བྱ་རྩོལ་གྱིས་མ་བསླད་པས་རང་བྱུང་། ཐམས་ཅད་བརྗོད་དུ་རུང་བའི་ཚད་མ་སྟེ་ཆོས་གསུམ་ལྡན་དུ་འདོད། དེ་རྗེས་རྒྱ་མཚོ་ལས་བདུད་རྩི་བཙལ་བའང་མནྡ་རས་སྲུབ་ཤིང་། ནོར་རྒྱས་བུས་སྲུབ་ཐག་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་སྨན་དང་བཅུད་རྣམས་བཅུག་ནས་ཆེར་བསྲུབས་པ་ན། ཐོག་མར་ནག་པོ་བརྩེགས་པ་དོན་པ་ཚངས་པས་ཧཱུྃ་གིས་བསྡིགས་པས། རྒྱུ་བ་དང་མི་རྒྱུ་བ་ལ་ཐིམ་པ་ནི་དུག་ཅེས་གྲགས། དེ་ནས་དཔལ་མོ་རྟ་མཆོག་གླང་པོ་ཉི་ཟླ་སོགས་རིམ་པར་བྱུང་། ཆང་ཞེས་བྱ་བ་བྱུང་བའི་ཚེ་ཁ་ཅིག་འཇིགས་ནས་མ་འཐུང་བ་ལ་ལྷ་མ་ཡིན་དང་། འཐུང་ནུས་པ་རྣམས་ལ་ལྷར་གྲགས། མཐར་བདུད་རྩི་སྣོད་ཆེན་པོ་བརྒྱད་གང་བ་བྱུང་བ་ལྷ་མིན་གྱིས་འཕྲོགས། ཁྱབ་འཇུག་དང་བརྒྱ་བྱིན་གྱིས་བརྫུ་བག་ལ་བརྟེན་བརྐུས་ནས་སླར་ཐོབ་པ་ལྷ་རྣམས་ཀྱིས་འཐུངས་པས་ལྷ་ལ་འཆི་མེད་དུ་གྲགས། དེ་ནས་གསོ་དཔྱད་འབུམ་པ་ཞེས་བྱ་བའི་གཞུང་ཆེན་པོ་བྱུང་བ་ཚངས་པས་རང་གི་བུ་སྐྱེ་དགུའི་བདག་པོ་མྱུར་བ་ལ་བཤད། དེས་ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས། དེས་དབང་པོ་བརྒྱ་བྱིན་ལ་རིམ་པར་བརྒྱུད་ཅིང་བཤད། དེས་རྒྱུན་ཤེས་བུ་ཐང་ལ་འབར། དཀའ་གཉིས་སྤྱོད། མུ་ཁྱུད་འཛིན། འདྲོབས་སྐྱོང་གི་བྱ། བཤོལ་འགྲོ་སྐྱེས་རྣམས་ལ་བཤད། སྔ་མས་ཚངས་པའི་བཤད་པ་བསྡུས་པ་ཞེས་བྱ་བའི་གཞུང་ཆེན་པོ་བརྩམས་སོ། ། མེ་བཞིན་འཇུག་སོགས་ལྷ་ལས་མིར་བརྒྱུད་དེ། ། ཧ་རི་ཙནྡྲས་ཙ་ར་ཀ་ལ་སོགས། ། དྲང་སྲོང་མཁས་པས་སྨན་དཔྱད་གཞུང་མང་བརྩམས། ། ཞེས་སྨོས་མ་ཐག་པའི་དྲང་སྲོང་ཆེན་པོ་དེ་དག་གི་མེ་བཞིན་འཇུག ལུག་ནག་དང་རྒྱ་སྐྱེག་སྣ། མདའ་མཆོག་དང་ལཉྩའི་ལག་པ་སོགས་ལ་བཤད་ཅིང་དེ་དག་སོ་སོས་གཞུང་རྩིང་ཞིབ་སྣ་ཚོགས་བྱས། ལྷའི་དྲང་སྲོང་དེ་དགུ་ལས་རིམ་གྱིས་མིར་བརྒྱུད་ནས་བྱུང་སྟེ། དེ་ལྟར་ཡང་གཅེས་གྲུབ་ལས། ཚེ་འཛིན་པའི་རིག་བྱེད་འདི་ནི་ཚངས་པས་མཐོ་རིས་སུ་བཤད་དེ། རིམ་གྱིས་ཡུལ་ཀཱ་ཤིའི་རྒྱལ་པོས་མི་རྣམས་ལ་བཤད་དོ། ། ཞེས་འཕགས་ཡུལ་ཀཱ་ཤིའི་ལྗོངས་སུ་གསོ་དཔྱད་ཐོག་མར་བྱུང་བར་བཤད། དེ་ནས་རིམ་གྱིས་འཕེལ་ཏེ་སྨ་ཚོགས་ཀྱི་རིག་བྱེད་རྒྱ་མཚོ་འཛིན་པ་དྲང་སྲོང་གཞུང་ལ་སྐྱེས་ཀྱི་བུ། ཉི་མ་དང་། ཟླ་བའི་སྙིང་པོ། ཤཱ་ལི་ཧོ་ཏྲ། རི་བྱི་དང་། གནས་འཇོག་ལ་སོགས་དུ་མ་བྱུང་ནས་གཞུང་མང་པོ་བྱས། ཡང་རྒྱལ་པོ་དྲང་སྲོང་ཆེན་པོ་དཔལ་ལྡན་དགོད་པ་དང་བཅས་པས་མཚན་པ་དང་། རིག་བྱེད་ཀུན་གྱི་བདག་པོ་དྲང་སྲོང་ཧ་རི་ཙནྡྲའམ། མཐོ་བཙུན་ཙ་ར་ཀ་ཞེས་པ་བྱུང་བ་དེས་སྨན་དཔྱད་ཀྱི་བསྟན་བཅོས་ཙ་ར་ཀ་ཞེས་བརྩམས། དེའི་བུ་བརྒྱུད་ལ་སྨན་པ་ཆེན་པོ་དཔལ་ལྡན་ནག་པོ། རོལ་པས་སྒེག གདོང་ཅན་ཟླ་བ། རིན་ཆེན་འབྱུང་གནས། འཇུག་པ་བཅས་དཔལ་གྱི་མིང་དང་ལྡན་པ་བྱུང་། ཡང་དཔལ་ལྡན་ནག་པོའི་བུ་ཚངས་པ། དེའི་བུ་དབང་ཕྱུག་ཆེན་པོ་ས་སྟེང་ཉི་འོག་གི་མཁས་པ་ཆེན་པོར་གྲགས་པ་དེས་མངོན་བརྗོད་སྣ་ཚོགས་གསལ་བ་མཛད། གཞན་ཡང་དྲང་སྲོང་མཁས་པ་རྣམས་ཀྱིས་སྨན་དཔྱད་ཀྱི་གཞུང་མང་དུ་བརྩམས་ཏེ་རྒྱུན་ཤེས་པས་ཚངས་པས་བསྟན་པ་བསྡུས་པ། ལེགས་ཐོས་ཀྱིས་བྱེ་བྲག་བཅོས། མཐོ་བཙུན་དཔལ་འཕེལ་གྱིས་གཅེས་བཏུས་ལ་སོགས་པ་དུ་མའི་ནང་ནས་གྲགས་ཆེ་བ་བརྒྱུད་ཡོད་པར་བཤད་དོ། །

2.བར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ་ནི། སྟོན་པས་འདུལ་མདོ་རྒྱུད་སོགས་ཐོར་བུར་གསུངས། ། དེ་ཚེ་རྒྱུན་ཤེས་གཞོན་ནུས་གསོས་སོགས་བྱུང་། ། སྨན་གྱི་ནགས་སུ་རྒྱུད་བསྟན་ཁ་ཅིག་འདོད། ། ཅེས་བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོས་བཀའ་འཁོར་ལོ་དང་པོའི་སྐབས་སུ་འདུལ་བ་ལུང་གི་དུམ་བུ་གསུམ་པར་སྨན་ལུང་དུ། སྨན་དང་མས་བཏང་གི་དཔྱད་ལ་སོགས་པ་ཉུང་ཟད་ཙམ་བཤད། གཙོ་བོར་དགེ་སློང་རྣམས་ཀྱི་སྨན་རྣམ་པ་བཞི་པོ་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ། ཞག་བདུན་པ་དང་། ཇི་སྲིད་འཚོ་བའི་བར་དུ་བཅང་བ་རིམ་པ་ལྟར་ལྡེ་གུ་སོགས་དང་། ཤིང་ཏོག་ཞོ་ཙམ་གྱི་བཏུང་བ་སོགས་དང་། བུ་རམ་ཞུན་མར་སོགས་དང་། རྩ་བའི་སྨན་ལ་སོགས་བཀའ་བསྩལ་པ་དང་དེའི་ཞར་དུ་འཚོ་བྱེད་གཞོན་ནུས་གསོས་ཀྱི་གླེང་གཞི་རགས་རིམ་བཅས་བྱུང་བ་ཡིན། དེ་ནས་མདོ་སྡེ་གསེར་འོད་དམ་པ་གསུངས་པའི་ཚེ་སྔོན་བྱུང་བ་འདས་པའི་དུས་ཀྱི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་བསྟན་པ་ལ་སངས་རྒྱས་ཉིད་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་སུ་གྱུར་པའི་ཚེ་རང་གིས་སྨན་པ་ཆེན་པོ་རལ་པ་འཛིན་པ་ལ་ཁམས་ལ་མཁས་པར་བྱ་བ་དྲིས་པ་ལ། ཟླ་གསུམ་དབྱར་སྟེ་ཟླ་གསུམ་སྟོན་དུ་ཤེས། ། ཞེས་བྱ་བ་ལ་སོགས་གློ་ཀ་དགུ་དང་། ཆེ་བ་རྒྱ་ནག་ཏུ་འགྱུར་བ་ལས། ངས་དེར་སྔོན་གྱི་དྲང་སྲོང་གི ། ནད་ཀྱི་གསོ་དཔྱད་ལ་བསྟེན་ནས། ། ཞེས་སོགས་ཅུང་ཟད་རྒྱས་པ་དག་ཀྱང་སྔོན་ཕ་ཚོང་དཔོན་རལ་པ་འཛིན་གྱིས་དྲང་སྲོང་གི་ལུགས་ལྟར་བཤད་པའི་ཚིག་རྣམས་བསྒྱུར་ནས་གསུངས་པ་དང་། རྒྱུད་མཁའ་འགྲོ་རྒྱ་མཚོ་ལས། དེས་ན་སེམས་ཅན་ཀུན་ཕན་ཕྱིར། ། ཐམས་ཅད་སྙིང་པོར་བསྡུས་པ་ཡིན། ། ཞེས་སོགས་བཅུད་ལེན་གྱི་ཚུལ་དང་། འདས་པའི་དུས་སོགས་སྔོན་བྱུང་བའི། ། བདེ་ཆེན་བསྐལ་པ་དང་པོ་རུ། ། ཞེས་སོགས་དངུལ་ཆུའི་བྱུང་ཚུལ་སྦྱར་ཐབས་བཅས་པ་དང་། རོ་དྲུག་སོ་སོའི་སྡེ་ཚན། སྨན་དང་རིན་ཆེན་སྣ་ཚོགས་ཀྱི་སྐྱེ་ཡུལ་བཟང་ངན་སོགས་རགས་པ་ཙམ་དང་། ཤིན་ཏུ་འཁྱག་དང་སྤྲིན་འཁྲིགས་རུང་། ། ཁྱད་པར་དུ་ནི་སོ་གའི་མཐར། ། ཞེས་སོགས་དུས་བཞིར་ནད་གསོག་ལྡང་ཞི་བའི་ཚུལ་རགས་པ་ཙམ་གསུངས་སོ། ། དཔལ་དུས་ཀྱི་འཁོར་ལོ་ལས་ཀྱང་། ལུས་འདི་ལ་ནི་སེམས་ཀྱི་ཚོགས་རྣམས་མཐའ་དག་རོ་དྲུག་ཟོས་ཤིང་འཐུང་བ་དག་ལས་གྱུར་པ་སྟེ། ། ཞེས་སོགས་ལུས་ཆགས་པའི་ཚུལ་དང་། རླུང་འཇོམས་ལན་ཚྭ་སྐྱུར་པ་དག་ཏུ་རབ་ཏུ་འགྱུར་ཏེ་མངར་དང་ཁ་བ་དག་ནི་མཁྲིས་པའི་དགྲ། ། ཞེས་སོགས་ཕྱི་ནང་གི་སྨན་བསྟེན་ཚུལ་དང་། འཆི་བའི་འཇིགས་པ་སྟེར་བར་བྱེད་པའི་ཚེར་མ་ཅན་གྱི་གདོན་ནི་ངེས་འཇོམས་ཏེ། ། ཞེས་སོགས་འབྲུམ་པ་ལ་སོགས་པ་སྲུང་བ་དང་། གསོ་བའི་ཐབས་དང་བཅུད་ལེན་དང་། སྦྲུམ་མ་བདེ་བར་བཙའ་བའི་འཁྲུལ་འཁོར་སོགས་དང་། བླ་གནས་ཀྱི་འཕོ་ཚུལ་སོགས་གསུངས་པ་རྣམས་ཀྱང་ཚེའི་རིག་བྱེད་དང་། འདོད་པའི་བསྟན་བཅོས་སོགས་རིག་བྱེད་རྣམས་དང་གོ་བསྟུན་ནས་གསུངས་པ་ཡིན་ལ། གཞན་ཡང་གཤིན་རྗེ་གཤེད་དམར་པོའི་རྒྱུད་སོགས་ནས་ཀྱང་ཕྲན་ཚེགས་ཀྱི་ནད་གསོ་བ་དང་། བཅུད་ལེན་གྱིས་མཚོན་ཐོར་བུར་གསུངས་པ་མང་ངོ་། ། སྟོན་པ་ཞལ་བཞུགས་པ་དེའི་ཚེ་རྡོ་འཇོག་གི་རྒྱལ་པོ་པདྨའི་སྙིང་པོའི་བླ་སྨན་པ་རྒྱུན་ཤེས་ཀྱི་བུ་དང་། དེའི་སློབ་མ་འཚོ་བྱེད་ཆེན་པོ་གཞོན་ནུས་གསོས་ཞེས་མི་ལས་འདས་པའི་སྨན་པ་ཆེན་པོ་དེ་ལ་སོགས་པའང་བྱུང་ཡང་གཞུང་བརྩམས་པར་ནི་མ་གྲགས་སོ། ། ཡང་བྱེ་བྲག་ཏུ་བཤད་པ་ལས། སྨན་གྱི་ནགས་སུ་ལོ་བཞི་སྟེ། ། ཞེས་འབྱུང་བས་དེར་བཞུགས་པའི་ཚེ་དཔལ་ལྡན་རྒྱུད་བཞི་སོགས་བསྟན་ཏོ་ཞེས་ཁ་ཅིག་གི་འདོད་པའང་སྣང་ངོ་། རིན་ཆེན་སྤུངས་པའི་འཁྲུལ་ངག་ལ་བརྟེན་ནས། ། གླེང་གཞི་འདི་ལ་ཅལ་ཅོལ་མང་སྨྲ་ཡང་། ། ཟུར་མཁར་ཕྱི་མའི་གསུང་ཉིད་ལེགས་བཤད་དོ། ། ཚན་པ་ཤི་ལ་ཧ་སོགས་སྲས་གསུམ་གྱིས་བྱས་པར་དངོས་སུ་བཤད་པའི་རིན་ཆེན་སྤུངས་པའི་གཞུང་ཉིད་འགའ་ཞིག་གིས་བཀའ་རུ་འདོད་ཅིང་དེའི་འཁྲུལ་པའི་ངག་ཕལ་ཆེར་ལ་བརྟེན་ནས་གླེང་གཞི་འདི་རིགས་ལ་བོད་ཀྱི་མཁས་པར་གྲགས་པ་འགའ་ཞིག་ཅལ་ཅོལ་མང་དུ་སྨྲ་ཡང་། ཟུར་མཁར་ཕྱི་མ་ལེགས་བཤད་འཚོལ་གྱི་གསུང་སྨན་གྱི་ཁོག་དབུབ་ལ་སོགས་པར་དགག་སྒྲུབ་རྒྱས་པར་མཛད་པ་ཉིད་དོན་ལ་གནས་པའི་ལེགས་བཤད་དུ་རྗེ་བསྟན་པའི་ཉིན་བྱེད་ཡབ་སྲས་རྣམས་བཞེད་དོ། ། 3.ཐ་མར་རྒྱ་བོད་དུ་ཇི་ལྟར་དར་བ་སྨོས་པ་ལ་གསུམ་སྟེ། (1)འཕགས་ཡུལ་དུ་དར་ཚུལ་ནི། དེ་རྗེས་ཉི་མ་སྲུང་བས་གཅེས་གྲུབ་དང་། ། འཕགས་པས་སྦྱོར་བ་བརྒྱ་པ་ལ་སོགས་མཛད། ། ཅེས་རྒྱལ་བ་འཇིག་རྟེན་ཏུ་བྱོན་པ་དེའི་རྗེས་སུ་འཕགས་ཡུལ་ནུབ་ཕྱོགས་རྟ་མཁན་གྱི་རིགས་ལས་བྱུང་པའི་སྨན་པ་ཉི་མ་སྲུང་བས་གཅེས་པར་གྲུབ་པའི་གཞུང་བྱས་ཀྱང་ཡན་ལག་བརྒྱད་ཇི་བཞིན་མ་ཚང་བས་འདི་ཤེས་པ་ལ་སྨན་པ་དང་། ཀ་ལཱ་པ་ཤེས་པ་ལ་སྒྲ་མཁན་ཏུ་མི་བརྩི་སྟེ། ཚིགས་སུ་བཅད་པའི་མཛོད་ལས། རྒྱུད་ཉུང་ཤེས་པའི་སྒྲ་མཁན་དང་། ། གཅེས་གྲུབ་ཤེས་པའི་སྨན་པ་དང་། ། དབྱིག་པ་ཐོགས་པའི་རལ་སྐོར་མཁན། ། འདི་གསུམ་འཇིག་རྟེན་བཞད་གད་གནས་། ། ཞེས་བཤད་དོ། ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་དྲང་སྲོང་གི་གཞུང་རྣམས་ལ་བརྟེན་ནས་སྦྱོར་བ་བརྒྱ་པ། སོགས་ཁོངས་ནས་འཚོ་བའི་མདོ་ཚིགས་སུ་བཅད་པ། རྩ་ཨ་ཝའི་ཆོ་ག སྨན་ཚན་པོའི་རིམ་པ། དངུལ་ཆུ་སྦྱོར་བ་རིན་ཆེན་ཕྲེང་བ། གསེར་འགྱུར་དང་དྲིའི་སྦྱོར་བ་རྣམས་མཛད་དོ། ། རྒ་ལོ་ལུགས་ཀྱི་ཕྱག་བཞི་པའི་ལོ་རྒྱུས་རྣམས་སུ། ཤར་ཕྱོགས་མྱ་ངན་མེད་པའི་ཡུལ། ཆོས་བཟང་སྤྲིན་གྱི་ཡང་རྫོང་རང་བྱུང་གི་མཆོད་རྟེན་ནས་ནག་པོའི་རྒྱུད་དང་། ལྷན་ཅིག་གསོ་བ་རིག་པའི་རྒྱུད་སོགས་འཕགས་པས་སྤྱན་དྲངས་པར་ཡང་བཤད་དོ། ། ཁྱད་པར་བསྟན་བཅོས་སྙིང་པོ་ལེགས་བསྡུས་པ། ། ས་གསུམ་དགེ་བའི་མཚན་ལྟས་བཅོ་བརྒྱུད་ཅན། ། ཡན་ལག་བརྒྱད་པ་ཕ་ཁོལ་མཛད་པ་ལ། ། ཟླ་བ་མངོན་དགས་འགྲེལ་པ་ཟླ་ཟེར་བྱས། ། ཞེས་གསོ་དཔྱད་ཀྱི་གཞུང་ཐམས་ཅད་ལས་ཁྱད་པར་དུ་གྱུར་ཅིང་ཚངས་པ་དང་དྲང་སྲོང་མང་པོའི་བསྟན་བཅོས་རྣམས་ཀྱི་ལེགས་པའི་ཆ་སྙིང་པོར་བསྡུས་པས། རྩོམ་པའི་ཚེ་འོག་ཀླུ་སྟེང་ལྷའི་ཡུལ་དུ་ངོ་མཚར་གྱི་ལྟས་གསུམ་གསུམ། བར་མིའི་ཡུལ་དུ་ལྟས་བཅུ་གཉིས་ཏེ་ས་གསུམ་དུ་དགེ་ཞིང་ལེགས་པའི་ལྟས་རྣམ་པར་འཕྲུལ་པ་བཅོ་བརྒྱད་དང་ལྡན་པ་ཡན་ལག་བརྒྱད་པ་ཞེས་བྱ་བའི་བསྟན་བཅོས་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་འདི་སྨན་པ་དགེ་འདུན་གསང་བའི་བུ་སྨན་གྱི་བུམ་པའམ། ཕ་ལ་གུས་པས་ཕ་ཁོལ་སོགས་མཚན་གྱི་རྣམ་གྲངས་དང་ལྡན་པ་དེས་མཛད། (2)རྒྱ་ནག་ཏུ་དར་ཚུལ་ནི། རྒྱ་ནག་ཡུལ་དུ་རྫོགས་ལྡན་མཇུག་ནས་བཟུང་། སྤྲུལ་པའི་རྒྱལ་བློན་རྣམས་ཀྱིས་རིམ་པར་བརྩམས། ། ཞེས་རྒྱ་ནག་གི་ཡུལ་དུ་རྫོགས་ལྡན་གྱི་མཇུག་ནས་བཟུང་སྤྲུལ་པའི་རྒྱལ་བློན་རྣམས་ཀྱིས་རིམ་པར་བརྩམས་པའི་ཚུལ་རྒྱ་ཆེར་རྒྱ་ནག་གི་སྨན་པ་མཁས་པས་མཛད་པའི་སྨན་གྱི་གླེང་གཞི་གསར་འགྱུར་ལས་བྱུང་སྟེ། འདིར་མཚོན་ཙམ་སྨོས་ན། རྒྱ་ནག་རྒྱལ་པོ་དྷི་ལྔ་ཡི་དང་པོ་སྤུ་ཧུ་ཧི་དྷཱིས་སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་བརྩམས། སྐུད་པའི་མདུད་པ་ལ་ཡི་གེའི་གཟུགས་བྱས་ནས་ཡི་གེ་ཐོག་མར་བྱུང་། མི་རྣམས་ཀྱིས་མི་ཤེས་པའི་དངོས་པོ་ནད་ཀྱི་རྒྱུ་མཚན་བསླབས། དེ་རྗེས་ཞིང་ཧུང་རྒྱལ་པོས་ཤིང་དང་རྩྭ་ལྡུམ་གྱི་རོ་མྱོང་ནས་སྨན་དཔྱད་ཀྱི་སྲོལ་བཏོད། དེ་རྗེས་ཧབ་ཏི་རྒྱལ་པོས་སློབ་དཔོན་ཁྱེ་ཕཱ་ཞེས་རྩ་ལྟ་བ་ལ་མཁས་པ་དེ་གོང་དུ་བཀུར་བས་ལྷ་རྗེ་ཞེས་གྲགས། དེས་རྩ་བ་དྲིས་པའི་མདོ་མཛད། དེ་ནས་གོང་མའི་བཀའ་ལྟར་ལུའི་ཀུང་སྨན་ལ་མཁས་པར་གྱུར་ནས་མདོ་ལེའུ་བཅུ་གཉིས་པ། ཁྲག་གཏར་བ་དང་མེ་བཙའི་ཡི་གེ་རྒྱས་པར་མཛད། དེ་རྗེས་ལྷ་རྗེ་ཝུའི་ཏི་ཞེས་ཤིན་ཏུ་མཁས་པ་དེས་མདོ་འགྲེལ་ཐེ་ཚོམ་རང་གྲོལ་ལེའུ་རྩ་གཅིག་པ་མཛད། གོང་མ་ཧྭན་ཅེས་བྱ་བའི་རིང་ལ་ཅུང་ཅུང་དང་ཧཱ་ཐོ་ཞེས་བྱ་བའི་སྨན་པ་ཡོངས་གྲགས་གཉིས་སོགས་སྔ་རྗེས་ཀུན་ཏུ་སྨན་པ་མཁས་པ་དང་གཞུང་ཆེ་ཆུང་དུ་མ་བྱོན་ཅིང་ཕྱིས་ཆིན་གྱི་རྒྱལ་རབས་བཞི་པ་གོང་མ་ཁྱེན་ནོང་ནས་སྨན་དཔྱད་ཀྱི་བསྟན་བཅོས་ཆེན་པོ་བརྩམས་པའང་ཀུན་མཁྱེན་ཆེན་པོའི་ཕྱག་ཏུ་བྱུང་བར་སྣང་ངོ་། ། (3)བོད་དུ་དར་ཚུལ་ལ་ཡང་གསུམ་སྟེ། [1]བསྟན་པ་སྔ་དར་བྱུང་ཚུལ་ནི། སྲོང་བཙན་དུས་སུ་ལུགས་ཆེན་གསུམ་གྱི་གཞུང་། ། ཨག་ཚོམ་རིང་ལ་རྒྱ་བཟའི་ལུགས་རྣམས་དང་། ། ཧྭ་ཤང་བི་ཇི་སོགས་ཀྱིས་བསྒྱུར་བརྩམས་མང་། ། མཁས་མང་བགྲོས་པའི་སོ་མ་རཱ་ཛ་བྱུང་། ། ཞེས་སྲོང་བཙན་སྒམ་པོའི་སྐུ་རིང་ལ་འུན་ཤིང་ཀོང་ཇོས་སྨན་རྩིས་ཀྱི་གཞུང་བསྣམས་པ་ཧྭ་ཤང་མ་ཧཱ་དེ་བ་དང་དྷརྨ་ཀོཥ་གཉིས་ཀྱིས་བསྒྱུར། རྒྱ་གར་ནས་བྷ་ར་དྷྭ་ཛ། རྒྱ་ནག་ནས་ཧཱན་ཝང་ཧྭང་། ཏ་ཟིག་ནས་ག་ལེ་ནུས་ཞེས་བྱ་བའི་སྨན་པ་གསུམ་སྤྱན་དྲངས། འབུ་ཤག་མ་བུ་ཆེ་ཆུང་། རྒྱུ་དཔྱད་ཐོར་བུ། མགོ་སྔོན་བསྡུས་པ་སོགས་བསྒྱུར། སྨན་པ་གསུམ་བགྲོས་ནས་མི་འཇིགས་པའི་མཚོན་ཆ་ཞེས་བྱ་བ་ལུགས་ཆེན་གསུམ་གྱི་གཞུང་དུ་གྲགས་པ་བྱས། ག་ལེ་ནུས་ལ་འཛོ་རོ་ཞེས་སྨན་པའི་རིགས་བརྒྱུད་བྱུང་། མེས་ཨག་ཚོམ་གྱི་དུས་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོས་ཁྱེར་བའི་སྨན་རྩིས་ཀྱི་གཞུང་ལུགས་རྣམས་ཧྭ་ཤང་མ་ཧཱ་ཀྱིན་འདའ། ཁྱུང་པོ་ཙི་ཙི་དང་དོ་ཚུགས། རྒྱ་ཕྲུག་གར་མཁན། ཅོག་ལ་སྨོན་འབར་སོགས་ཀྱིས་བསྒྱུར། ཁྲོམ་གྱི་ཡུལ་ནས་བི་ཆེ་ཙན་པ་ཤེ་ལ་ཧ་བྱ་བའི་སྨན་པ་མཁས་པ་བཀུག་ནས་ལྷ་རྗེར་བཀུར་ཏེ་མ་གསུམ་བུ་བཅུ་བཞི། ཐུན་མོང་མིན་པའི་གསང་བའི་བུ་བཞི་སྟེ་རྒྱས་པའི་སྐོར་དང་། བེ་བུམ་སྨུག་པོ་ཏི་ཀ་ཡང་ཏིག་སྟེ་འབྲིང་པོ། བསྡུས་པ་ཡི་གེ་དམར་ཆུང་སོགས་བརྩམས། རྒྱ་ནག་གི་གཞུང་དུ་མ་བསྒྱུར། གཞན་ཡང་རྩོམ་རྒྱུད་སོགས་མང་དུ་བྱུང་བར་གྲགས་ཤིང་དེའི་བུ་བརྒྱུད་ལ་བི་ཇི་ཞེས་པའི་སྨན་པ་རྣམས་བྱུང་། ཧྭ་ཤང་དང་ཁྱུང་པོ་སོགས་མཁས་པ་མང་པོ་བགྲོས་ནས་གསོ་དཔྱད་གསར་འགྱུར་རྣམས་ཀྱི་དོན་སྙིང་པོར་བླངས་པ་སོ་མ་རཱ་ཛ་ཞེས་བྱ་བའི་གཞུང་ཆེན་བརྩམས། སྔ་ཕྱི་དེ་དག་ཕྱོགས་གཅིག་ཏུ་ཟ་འོག་གི་སྒྲོམ་བུར་བཞུགས་པ་ལ་བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ་ཞེས་གྲགས་སོ། ། ཁྲི་སྲོང་དུས་ན་སྤྲུལ་པའི་སྲས་གསུམ་གཞུང་། ། པུ་སྟི་ཁ་སེར་རྒྱལ་བློན་དམངས་གསུམ་དང་། ། རྒྱ་ཞང་ཧོར་བོད་འ་ཞའི་མཁས་གཞུང་བཙུགས། ། ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་སྲིད་ཐོག་མར་སྐྱོང་བའི་དུས་སུ། རྒྱ་གར་ནས་དྷརྨ་རཱ་ཛ། རྒྱ་ནག་ནས་མ་ཧཱ་ཀྱིན་འདའ། ཏ་ཟིག་གམ་ཁྲོམ་ནས་ཙན་པ་ཤི་ལ་ཧ་སྟེ་སྨན་པ་ཆེན་པོ་གསུམ་ཞལ་འཛོམས་པ་ལ་སྤྲུལ་པའི་སྲས་གསུམ་གྲགས། དེ་གསུམ་བགྲོས་ནས་རྒྱལ་ཁམས་སོ་སོའི་ལུགས་དང་བསྟུན་པའི་སྨན་དཔྱད་ཀྱི་བསྟན་བཅོས་རིན་ཆེན་སྤུངས་པ་ཞེས་བྱ་བ་རྩ་བ་ཉི་ཟླའི་འཁོར་ལོ་འགྲེལ་པ་ཡན་ལག་དང་བཅས་པའི་གཞུང་ཆེན་པོ་བྱས། ཙན་པ་ཤི་ལ་ཧ་རང་ཡུལ་དུ་བྱོན་ཁར་སྲས་ལ་གདམས་པའི་སྐོར་ལ་མི་ཇིའི་པུ་སྟི་ཁ་སེར་དང་། དེ་རྒྱལ་པོ་ལ་ཕུལ་བས་རྒྱལ་པོའི་བླ་ཡིག་འོད་འབར་དུ་གྲགས། ཧྭ་ཤང་མ་ཧཱ་ཙེ་ཏས་རྒྱལ་བློན་དམངས་གསུམ་བསྡོམས་པ་རྩ་བ་རིན་པོ་ཆེའི་མཛོད་ལྔ། ཡན་ལག་མཛོད་ཆེ་འབྲིང་། སྤྱི་དོན་འགྲེལ་པ་ཕྱི་ལྟར་དམངས། ནང་ལྟར་བློན་པོ། གསང་བ་རྒྱལ་པོ་ལ་གདམས་པའི་སྐོར་གེགས་སེལ་དང་བཅས་པ་བསྒྱུར། སྐུ་ཚེའི་སྨད་ལ་མཐའ་བཞིའི་བླ་སྨན་དགུ་བྱོན་པ་སོགས་སྙིང་པོས་དབེན་པའི་བཤད་སྒྲོས་ཡིན་ལ། རྒྱལ་པོའི་ཆིབས་ཤིན་ཏུ་གཅེས་པ་ཞིག་ན་བས་དཔྱད་ལ་སྨན་པ་མཁས་དགུ་ཆོལ་ལ་ཁྲིད་ཤོག་ཅེས་བཀའ་བསྒོས་པས། རྒྱའི་ཕྲུ་གུ་ཟེའུ་ཐོ། ཞང་ཞུང་གི་ཁུ་ལོད་མུ་ཁན། ཧོར་གྱི་མུ་གན་ཁྲི་གཟིགས། བོད་ཀྱི་ཅོག་རོ་མང་པོ་གཟིགས། འ་ཞའི་ཐ་ན་ཆུ་སྐྱེས་ལྔ་བཀུག་སྟེ་ཆིབས་གསོས། རྒྱལ་པོའི་བཀའ་ལྟར་མཁས་པ་ལྔས་རྒྱལ་ཁམས་ལྔའི་མན་ངག་ཆིག་དྲིལ་གྱི་གཞུང་བརྩམས་ཏེ་རྗེ་ལ་ཕུལ་བ་དར་སྲོལ་བཙུགས། ཁྲི་སྲོང་གི་སྐུ་ཚེའི་མཇུག་ཏུ་བསྙུན་གྱིས་ཐེབས་པས་སླར་མཐའ་བཞི་ནས་སྨན་པ་བཀུག་པས་གཞན་མ་བྱོན། རྒྱ་ནག་ནས་སྟོང་གསུམ་གང་བ་བྱོན། ལམ་དུ་གསོ་བ་དཀར་པོ་ལམ་གྱི་སྒྲོན་མེ་བྱ་བ་བརྩམས་ནས་རྒྱལ་པོ་ལ་སྐྱེས་སུ་ཕུལ་ཞིང་བསྙུན་ཀྱང་གསོས། མཐའ་བཞི་ཀའི་གོ་མི་གཅིག་གིས་ཆོད་པས་མཐའ་བཞི་སྟོང་གསུམ་གང་བར་བཏགས། གཡེར་སྟོད་ས་ཆ་བྱ་དགར་གནང་བའི་བརྒྱུད་ལ་མཐའ་བཞིའི་སྨན་པ་རྣམས་བྱུང་ངོ་། ། བཻ་རོས་རྩིས་སྨན་བསྒྱུར་སོགས་གཏེར་མའི་སྒྲོས། ། འཛོ་རོ་བི་ཇི་མཐའ་བཞི་བླ་སྨན་བརྒྱུད། ། ཅེས་ལོ་ཆེན་བཻ་རོ་ཙ་ནས་ཆོས་བོན་རྩིས་སྨན་འདྲེས་མར་བསྒྱུར་རོ་ཞེས་སོགས་གཏེར་མ་ཁ་ཅིག་གི་ཚིག་སྒྲོས་ལ་ཁུངས་བཅོལ་ནས་བརྟག་པར་སླ་བའི་བོད་གཞུང་མང་པོ་བཻ་རོས་བསྒྱུར་བའི་རྒྱུ་གཞུང་དུ་བཟུང་བ་སོགས་ནི་དཔྱོད་ལྡན་མཁས་པ་རྣམས་ཀྱིས་བཀག་ཟིན་ཅིང་། དེ་བཞིན་དུ་བོད་སྨན་མཁས་པ་མི་དགུ་ཆོས་རྒྱལ་གྱི་དུས་སུ་བྱུང་བར་འཆད་པའང་ཤིན་ཏུ་ནོར་ཏེ་དེ་དག་ཕལ་ཆེར་བསྟན་པ་ཕྱི་དར་གྱི་སྐབས་སུ་བྱུང་བ་ཡིན་ལ། གོང་སྨོས་འཛོ་རོ། བི་ཇི། མཐའ་བཞི་གསུམ་པོ་ནི་ཆོས་རྒྱལ་བླ་སྨན་གྱི་བརྒྱུད་པ་མ་འཁྲུལ་བ་ཡིན་ནོ། ། [2]ཕྱི་དར་ལ་བྱུང་ཚུལ་ནི། ཕྱི་དར་རྒྱ་གཞུང་སྔ་རྗེས་བསྒྱུར་མང་ཡང་། ། རིན་ཆེན་བཟང་པོས་བརྒྱུད་པ་སྤེལ་བ་ལས། ། པུ་ཧྲོང་སྨན་པ་མི་བཞི་ལས་བརྒྱུད་དོ། ། ཞང་ཞིག་དར་མགོན་གཡུ་ཐོག་པ་ལ་སོགས། ། བོད་ཀྱི་གཞན་ཕན་ཅན་རྣམས་ཐོག་མར་གྱེས། ། ཞེས་བསྟན་པ་ཕྱི་དར་ལྷ་བླ་ཡེ་ཤེས་འོད་ཀྱི་སྐུ་ཚེའི་སྟོད་ལ་སྙེ་བོ་ལོ་ཙཱ་བ་དབྱིག་གི་རིན་ཆེན་སོགས་ཀྱིས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་རང་འགྲེལ། གཅེས་གྲུབ་བསྒྱུར་བ་སོགས་རྒྱ་གཞུང་སྔ་རྗེས་སུ་བསྒྱུར་སྤེལ་མཛད་པ་མང་ཡང་། གཙོ་བོར་སྐྱེས་མཆོག་རིན་ཆེན་བཟང་པོས་ཁ་ཆེའི་པཎྜི་ཏ་དྡྷཱ་ན་ལ་གསེར་སྲང་བརྒྱ་ཕུལ་ནས་ཡན་ལག་བརྒྱད་པ་བསླབས། གཞུང་དེ་དང་ཟླ་ཟེར་རྟ་དཔྱད་ཤ་ལི་ཏོ་ཏྲ་སོགས་བསྒྱུར་བཤད་ཀྱིས་སྤེལ་བའི་སློབ་མ་མང་དུ་ཡོད་ཀྱང་གཙོ་བོ་མྱང་འདས་སེང་གེ་སྒྲ། ཤོག་ཁྲི་ཡེ་ཤེས་འབྱུང་གནས། ཨོང་སྨན་ཨ་ལེ། མང་ལོ་སྨན་བཙུན་ཏེ་པུ་ཧྲོང་སྨན་པ་མི་བཞི་གྲགས་ཏེ། དེའི་ནང་ནས་ཀྱང་མང་ལོ་མཁས་ཤིང་ཕྲིན་ལས་ཆེ་བས་དབུས་གཙང་གི་སྨན་པ་ཕལ་ཆེར་གྱིས་གཏུགས། ཁྱད་པར་ཆེར་རྗེ་ཏི་པ་ལ་གཞུང་འགྲེལ་རྫོགས་པར་གནང་། སྲས་བརྒྱུད་བཞི་པ་ཆེར་རྗེ་ཞང་སྟོན་ཞིག་པོས་ཁོག་དབུབ་ས་བཅད་བཀའ་ཚོམས་འགྲེལ་པ་ལག་ལེན་སོགས་མཛད། སློབ་མའི་ནང་ནས་གཙང་སྟོད་དར་མ་མགོན་པོས་ཟིན་ཏིག་དང་ཡང་ཏིག་མཛད་དེ་བོ་དོང་ཕྱོགས་སུ་རྒྱུན་འཕེལ། ཡང་ལོ་ཆེན་སློབ་མ་ཞང་ཞུང་པ་ཤེས་རབ་འོད་ཀྱིས་རྒྱ་སྟོན་གྲགས་པ་ཤེས་རབ། དེས་གཡུ་ཐོག་རྒྱ་གར་རྡོ་རྗེ་ལ་བཤད། དེས་ཀྱང་ཡིག་ཆ་གསལ་བར་མཛད་ཅིང་གཡུ་ཐོག་བརྗིད་པོ་དང་ཁྱུང་པོ་ནས་གཡུ་ཐོག་ཡོན་ཏན་མགོན་པོ་ལ་བརྒྱུད། ཡང་ཞང་ཞུང་པས་རོག་བྱང་སྨན། གཡུང་དྲུང་འོད། གཡུ་ཐོག་གྲགས་སེ། དེས་ཀྱང་ཡོན་ཏན་མགོན་པོ་ལ་བརྒྱུད་དེ་མདོར་ན་ལོ་ཆེན་རིན་ཆེན་བཟང་གི་བཀའ་དྲིན་ལ་བོད་ཀྱི་སྨན་པ་གཞན་ཕན་ཅན་ཐམས་ཅད་ཐོག་མར་གྱེས་སོ། ། མཁས་པ་མི་དགུར་གྲགས་པའང་དེ་ལ་བརྟེན། ། བོད་ཀྱིས་བརྩམས་པའི་ཡིག་ཆ་མཐའ་ཡས་སོ། ། དུས་དེ་ཙ་ན་དབུས་གཙང་དུ་མཁས་པ་མི་དགུར་གྲགས་པ་བྱུང་སྟེ། སྨད་ཀྱི་མཁས་པ་གཡུ་རུ་གཡའ་གྱོང་པོ། སྟོད་ལུང་གི་ལྷ་རྗེ་སུམ་སྨན། དབུ་རུའི་མཐའ་བཞི། བར་གྱི་མཁས་པ་གཡུ་ཐོག་རྒྱ་གར་རྡོ་རྗེ། མི་ཉག་ཟླ་གྲགས། བྲང་ཏི་རྒྱལ་པོ། སྟོད་ཀྱི་མཁས་པ་བི་ཇི་ལྷན་ནེ། འུག་པ་ཆོས་སེང་། ཆེར་རྗེ་སྟག་ལ་དགའ་གསུམ་སྟེ་དེ་དག་ཀྱང་ལོ་ཆེན་གྱི་བཤད་རྒྱུན་ལ་བརྟེན་པ་ཡིན་ཅིང་། དེ་རྣམས་དང་གཞན་དག་བོད་ཀྱི་མཁས་པས་བརྩམས་པའི་ཡིག་ཆ་སྔ་ཕྱིར་བྱུང་བ་ནི་མཐའ་ཡས་སོ། ། ཞང་སྟོན་སྟོད་སྟོན་གཉིས་ཀྱང་འཕགས་ཡུལ་ཕྱིན། ། བརྒྱད་པ་ལ་མཁས་གཞུང་བརྩམས་ཕྲིན་ལས་རྒྱས། ། ཞེས་ཡར་ཀླུང་གི་ཞང་སྟོན་གཟི་བརྗིད་འབར་དང་། ཚ་ལུང་པ་སྟོད་སྟོན་དཀོན་མཆོག་སྐྱབས་གཉིས་ཀྱང་བོད་ཀྱི་སྨན་པ་ལ་མ་མགུ་ནས་རྒྱ་གར་དུ་ཕྱིན། སྔ་མས་ན་ལེནྡོར་དྲང་སྲོང་ཙནྡྲ་སི་བྱ་བ་དང་། ཕྱི་མས་ཐམས་ཅད་མཁྱེན་པ་ཤཱནྟི་པ་མཇལ། ཡན་ལག་བརྒྱད་པ་མཁས་པར་བསླབས་ནས་ཞང་གིས་གཞུང་དྲི་མེད་གཟི་བརྗིད་འགྲེལ་པ་ཟླ་བའི་འོད་ཟེར་སོགས་བརྩམས། སློབ་མ་ལྔ་ལས་མཁས་རྒྱུན་མ་ཆད་པར་བྱུང་། སྟོད་སྟོན་གྱིས་དཔྱད་བསྡུས་དོན་རིན་པོ་ཆེའི་ཕྲེང་བ་དང་གཞུང་མཆན་བཅས་མཛད་ནས་གཡུ་ཐོག་མགོན་པོ་ལ་གནང་སྟེ་ཕྲིན་ལས་རྒྱུས་སོ། ། འཁྱུད་དཔྱད་དངུལ་ཆུའི་སྦྱོར་བ་གཉན་བཅོས་སོགས། ། བཀའ་གཏེར་གདམས་པ་ཕྱིས་བྱུང་ཚད་ལྡན་མང་། ། ཞེས་གཞན་ཡང་གསོ་དཔྱད་ཀྱི་ཕྱོགས་སུ་གཏོགས་པ་ཕ་དམ་པའི་འཁྱུད་དཔྱད་དཀར་ནག་ཁྲ་གསུམ། ཁྲོ་ཕུ་ལོ་ཙཱའི་ཡེ་ཤེས་མཁའ་འགྲོའི་ནད་སེལ་གྱི་གདམས་པ། བལ་པོ་དེ་བ་ཙནྡྲའི་སྙན་བརྒྱུད་བདུད་རྩིའི་ཐིགས་པ། གྲུབ་ཆེན་ཨོ་རྒྱན་པའི་དངུལ་ཆུའི་སྦྱོར་བའི་གཞུང་སྐོར་གསུམ་སོགས་དང་། གཏེར་མའི་ཕྱོགས་ཤིན་ཏུ་མང་ཡང་ཅུང་ཟད་བསྡོམས་ན། རྡོར་འབུམ་ཆོས་གྲགས་བོན་པོ་དྲག་རྩལ་གྱི། ། བདུད་རྩི་བུམ་ཆེན་ལ་སྟོད་དམར་པོ་དང་། ། རྒྱུ་བན་རྡོར་འོད་བདུད་རྩིའི་བཅུད་ལེན་སྐོར། ། ཀུ་ས་སྨན་པ་བོན་པོ་ལྷ་འབུམ་དང་། ། ར་མོ་ཤེལ་སྨན་སྨན་རྫས་སྲུང་བའི་རིགས། ། སྣ་ནམ་སོག་སྨན་གཡུ་གཞེར་དུག་རྐེ་རྨ། ། གནུབས་སྟོན་ཞང་ཁྲོམ་བྱ་འདྲེ་ཁྱི་སྨྱོན་བཅོས། ། ཉང་རལ་ལྷ་གསུམ་ལས་ཚོགས་གསོ་དཔྱད་དང་། ། ཚེས་དབང་དྲང་སྲོང་སྙིང་ཐིག་སྨན་སྒྲུབ་སྐོར། ། རྒོད་ལྡེམ་པད་གླིང་བདུད་རྩི་བུམ་ཆུང་དང་། ། སངས་གླིང་མིག་སྨན་རིན་གླིང་དངུལ་ཆུའི་སྦྱོར། ། རཏྣའི་གཏེར་བུམ་ཁྱུང་རྒོད་བདུད་རྩི་བུམ། ། རྡོར་གླིང་ཆོས་འབར་པདྨ་གཅེས་ཕྲེང་དང་། ། ཐང་སྟོང་རྒྱལ་པོའི་རིལ་བུ་དེ་ཀོར་དམར་དང་། ། བྱུག་སྨན་བདུད་རྩི་འཆི་གསོས་ལས་འཕྲོ་གླིང་། ། བདུད་རྩི་ཚེ་བུམ་གནམ་ཆོས་སྔགས་སྨན་མང་། ། ཞེས་དེས་ན་བཀའ་གཏེར་གྱི་གདམས་པ་ཕྱིས་བྱུང་ཚད་ལྡན་ཤིན་ཏུ་མང་བས་འདིར་མཐའ་དག་སྨོས་སུ་མི་ལང་ངོ་། ། [3]དཔལ་ལྡན་རྒྱུད་བཞི་ལ་བརྟེན་པའི་ཕྲིན་ལས་བྱུང་ཚུལ་ནི། བརྒྱུད་སྲོལ་ཀུན་འདུས་གཡུ་ཐོག་སྨན་གྱི་བླར། ། དཔལ་ལྡན་ཕྲེང་བས་གསང་མཛོད་དངོས་སུ་བསྩལ། ། ཡུལ་ཀུན་གདམས་པའི་བཅུད་བླངས་རྒྱུད་ཆེ་ཆུང་། ། ཐུན་མོང་ཁྱད་པར་ཆོས་འཁོར་བསྐོར་བ་ལས། ། ཞེས་ཡན་ལག་བརྒྱད་པའི་བཤད་རྒྱུན་གྱི་སྲོལ་ཀ་ཡོངས་སུ་རྫོགས་པ་གཡུ་ཐོག་པ་ཡོན་ཏན་མགོན་པོ་ལ་འདུས་ཤིང་བབས། དེའང་ཕྱི་ལྟར་ན་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོ། ནང་ལྟར་འཕགས་པའི་ས་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཆེན་པོ། གསང་བ་ལྟར་ན་བོད་ཀྱི་གདུལ་བྱ་འདུལ་བའི་དོན་དུ་བཅོམ་ལྡན་འདས་སྨན་གྱི་བླ་མ་ཉིད་སྨན་པའི་གཟུགས་སུ་སྤྲུལ་པ་ཡིན་ལ། སྣང་ཚུལ་ཙམ་དུ་འཛམ་བུའི་གླིང་ཀུན་ཏུ་རྫུ་འཕྲུལ་གྱིས་ཕེབས། ཁྱད་པར་འཕགས་ཡུལ་དུ་ལན་དྲུག་ཕྱིན། ཨོ་རྒྱན་ནས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བས་ཡན་ལག་བརྒྱད་པ་དང་ལྕང་ལོ་ནག་པོའི་རྒྱུད་སོགས་གདམས་པའི་གསང་མཛོད་གཏད། གཞན་ཡང་ལྷ་དང་མིའི་དྲང་སྲོང་ཆེན་པོ་རྣམས་དངོས་སུ་མཇལ་ནས་གསོ་དཔྱད་ཀྱི་གདམས་པ་བསྩལ། འཛམ་གླིང་དང་སིངྒ་ལ་སོགས་གླིང་ཕྲན་དང་བཅས་པའི་ཡུལ་ཀུན་གྱི་མན་ངག་དང་མཁས་གྲུབ་རྣམས་ཀྱི་གདམས་པའི་བཅུད་བླངས་ནས་སྐུ་ཚེའི་སྟོད་ལ་ཡན་ལག་བརྒྱད་པའི་སྙིང་པོ་འདུས་པ་དང་ལེའུ་དང་པོའི་འགྲེལ་པ་སོགས་མཛད། སྐུ་ཚེའི་སྨད་ལ་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས། གཞུང་ཐམས་ཅད་ཀྱི་དོན་བསྡུས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཆེན་བཞི། རྒྱུད་ཆུང་བདུད་རྩི་བུམ་པ། ཆ་ལག་འགའ་ཞིག་བཅས་མཛད། ཐུན་མོང་གསོ་དཔྱད་དང་། ཁྱད་པར་སྐལ་པ་མཆོག་དང་ལྡན་པའི་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་ལ་གསང་བ་སྙིང་ཐིག་གི་ཆོས་འཁོར་བསྐོར་ཏེ་རྒྱུད་བཞི་སྙིང་ཏིག་དང་བཅས་པ་ལོ་བཅུ་གཉིས་སུ་བཀའ་རྒྱས་བཏབ་ནས་བསྩལ། མཐར་སྐུ་ལུས་མ་སྤངས་པར་སྨན་པའི་རྒྱལ་པོའི་ཞིང་དུ་གཤེགས་སོ། ། དེ་ལྟར་རྒྱུད་བཞི་ལ་བཀའ་དང་བསྟན་བཅོས་གང་རུང་དུ་འདོད་པ། གཉིས་ཀར་འདོད་པ། བསྟན་བཅོས་ལའང་འདོད་ལུགས་མི་གཅིག་པ་དུ་མར་བྱུང་ཡང་། ཕྱི་ལྟར་ན་རྒྱལ་བའི་བཀའ། ནང་ལྟར་གཏེར་མའི་རྒྱུན། གསང་བ་ལྟར་ན་གཡུ་ཐོག་པ་ཉིད་ཀྱི་གསུང་དུ་འདོད་པ་ཉིད་ལེགས་པའི་ཕྱོགས་སུ་རྗེ་བསྟན་པའི་ཉིན་བྱེད་ཡབ་སྲས་སོགས་ཀྱིས་བཞེད་པ་ཡིན་ཏེ། དང་པོ་ནི་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་སོགས་དང་། རྒྱུད་བླར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་སོགས་ཀྱི་ལུང་གིས་གྲུབ་ཅིང་། གང་ཟག་མཆོག་དམན་མེད་པར་ཕན་ཐོགས་ཤིང་རང་རྐྱ་ཐུབ་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་དང་མཚུངས་པ་གངས་ཅན་གྱི་ལྗོངས་སུ་མ་བྱུང་བའི་ཕྱིར་དང་། གཉིས་པའང་བཻ་རོས་སྦས་པའི་གཏེར་གྲྭ་པ་མངོན་ཤེས་ཀྱིས་རྩ་བ་ཙམ་ཕྱུངས་ནས་གཡུ་ཐོག་པ་ལ་གཏད་པའང་མི་འགལ་ཏེ་འབྲེལ་ཆགས་པའི་ཕྱིར་དང་། གསུམ་པ་ནི་སྙིང་ཐིག་གི་ལོ་རྒྱུས་ངེས་ཤེས་འདྲེན་བྱེད་ལས་དངོས་སུ་གསུངས་པར་མ་ཟད་རྒྱུད་རང་ལ་བརྟགས་ན་དེ་ལྟར་འཐད་པར་གྲུབ་པའི་ཕྱིར་རོ། ། ལས་ཞེས་པ་ཕྱི་མ་འབྱུང་ཁུངས་ཀྱི་སྒྲའོ། ། སྨན་པའི་ཚང་བརྡོལ་བརྒྱུད་འཛིན་ཚད་མེད་ཀྱང་། ། བྱང་པ་ཡབ་སྲས་ཟུར་མཁར་ཁུ་དབོན་སྲོལ། ། ཕྱིས་ནས་གྲགས་ཆེ་སངས་རྒྱས་ཆོས་འབྱུང་གིས། ། དེ་བསྟན་གསལ་བས་བོད་ཁམས་ཉེར་འཚོར་མཛད། ། ཅེས་གཡུ་ཐོག་པ་ལ་སྐུ་ཚེའི་སྟོད་སྨད་བར་གསུམ་དུ་སློབ་མ་གནམ་གྱི་སྐར་མ་དང་སའི་དྲེག་པ་ལྟར་བྱུང་བའི་སྨན་པའི་ཚང་བརྡོལ་ཏེ་བརྒྱུད་འཛིན་གྲངས་དང་ཚད་མེད་ཀྱང་གཙོ་བོ་རྫ་སྨན་ལེབ་པོ། བྱང་སྨན་དཔལ་ལེ་སོགས་གྲགས་ཆེ་བ་བཅུ་གཅིག་གི་ནང་ནས་གདམས་པ་ཡོངས་སུ་རྫོགས་པ་སུམ་སྟོན་ཡེ་ཤེས་གཟུངས་ལ་རྒྱུད་བཞི་སྙིང་ཏིག་ཆ་ལག་དང་བཅས་པའི་བཀའ་བབས། གཡུ་ཐོག་འབུམ་སེང་། བི་ཇི་ལེགས་ལྡན་མགོན་པོ། བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་སྔ་ཕྱིར་རྒྱུད་ལ་འགྲེལ་པ་བྱེད་པ་དུ་མ་བྱུང་། ཁྱད་པར་ཕྱིས་སུ་བྱང་པ་ཡབ་རིགས་ལྡན་ཆེན་པོ་རྣམ་རྒྱལ་གྲགས་བཟང་། སྲས་མིའི་ཉི་མ། ལྷ་བཙུན་བཀྲ་ཤིས་དཔལ་བཟང་། བསོད་ནམས་ཡེ་ཤེས་རྒྱལ་མཚན་རྣམས་ཀྱིས་རྒྱུད་འགྲེལ་ཁོག་དབུབ་ལྷན་ཐབས་དུ་མ་མཛད་དེ་བྱང་ལུགས་ཞེས་པའི་སྲོལ་བཏོད། ཡང་ཟུར་མཁར་ཁུ་བོ་མཉམ་ཉིད་རྡོ་རྗེ་ལ་གཡུ་ཐོག་པས་དངོས་སུ་རྗེས་སུ་གནང་བ་ལྟར་རྒྱུད་བཞི་དག་ཐེར། བླ་སྒྲུབ་ཁ་སྐོང་། བྱེ་བ་རིང་བསྲེལ་སོགས་སྨན་གཞུང་མང་པོ་མཛད། སློབ་མ་བྱིན་རླབས་ཞུགས་པ་བརྒྱད་སོགས་དུ་མའི་ནང་ནས་གསོ་རིག་ལ་མན་ངག ཕྲིན་ལས། ལག་ལེན། བཤད་པ་མཐར་ཕྱིན་བཞི་བྱུང་བའི་རྒྱུན་ལས། ཀོང་སྨད་རྐྱེན་པ་བླ་རྟ་ཚེ་དབང་། མཚོ་སྨད་མཁན་ཆེན། བྱར་པོ་པཎ་ཆེན་སོགས་མཁས་པ་མང་པོས་ཡིག་ཆ་རྒྱ་ཆེར་མཛད། ཁྱད་པར་ཨ་བོ་ཆོས་རྗེའི་དབོན་ཟུར་མཁར་བློ་གྲོས་རྒྱལ་པོའམ་ཀརྨ་ལེགས་བཤད་འཚོལ་ལ་རྗེ་མི་བསྐྱོད་རྡོ་རྗེས་ལུང་བསྟན་པ་ལྟར་ཐུགས་བརྩོན་ཆེན་པོས་གསོ་རིག་གི་གཞུང་ལུགས་འཆད་སྤེལ་དང་། མེས་པོའི་ཞལ་ལུང་སོགས་ཡིག་ཆ་མང་པོ་མཛད། དེ་དག་གི་རྒྱུན་ལ་ཟུར་ལུགས་ཞེས་གྲགས། བྱང་ཟུར་གྱི་རིང་སྲོལ་འཛིན་པ་བར་མ་ཆད་དུ་བྱུང་བའི་ནང་ཕྱིས་ཀྱི་དུས་སུ་གྲགས་ཆེ་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱུད་འགྲེལ་བཻ་ཌཱུར་སྔོན་པོ། ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་སོགས་མཛད་ཅིང་ལུགས་སྲོལ་གཙོ་བོ་བྱང་པའི་རྗེས་སུ་འབྲངས། ད་ལྟའི་བར་དུ་ཡིག་ཆ་དེ་དག་ཕྲིན་ལས་ཆེ། སྨན་གྱི་སློབ་གྲྭའང་བཙུགས། ཡང་ཀུན་གཟིགས་ཆོས་ཀྱི་འབྱུང་གནས་ཉིད་གསོ་བ་རིག་པ་ལ་སྔོན་སྦྱངས་སད་པ་ལྟ་བུས་ཀློང་བརྡོལ་གྱིས་ཁྱད་པར་དུ་མཁས་པར་གྱུར་ཅིང་། ཟུར་མཁར་ཕྱི་མའི་སློབ་བརྒྱུད་དཔོན་ཚང་ཡེ་ཤེས་དང་། འཕགས་ཡུལ་ནུབ་ཕྱོགས་ཕྲེང་གིའི་སྨན་པ་ཨེ་ཏྲི་སེ། རྒྱ་ནག་གི་སྨན་པ་མཁས་པ་རྣམས་ལས་བཤད་རྒྱུན་དང་དཀའ་གནད་འདྲི་མོལ་གྱིས་གཏན་ལ་ཕབ་སྟེ་སྨན་གྱི་བླ་མ་གཉིས་པའི་གོ་འཕང་བརྙེས། སློབ་མ་མཁས་པ་མང་དུ་བྱོན་ཅིང་ད་ལྟའི་བར་དུ་བཤད་པ་དང་ལག་ལེན་གྱི་རྒྱུན་མ་ཉམས་པས་བརྒྱུད་འཛིན་རྣམས་ཀྱང་སྨན་པ་གཞན་ལས་ཁྱད་པར་འཕགས་པ་ཡོངས་སུ་གྲགས་པས་མཚོན། མདོར་ན་དེ་དག་གིས་གསོ་བ་རིག་པའི་བསྟན་པ་གསལ་བས་བོད་ཁམས་ཐམས་ཅད་ཉེར་འཚོར་མཛད་པ་ཡིན་ནོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་580.17ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number