3404
Tibetan | ནད་ལ་བལྟ་རེག་དྲི་བས་ཤེས་པར་བྱ་བ་བཞི། |
---|---|
Tibetan Alternate | |
Tibetan Definition | 1.མིག་གིས་བལྟ་བ་ལ་གཉིས་ཏེ།
(1)ལྕེ་ལ་བལྟ་བ་ནི། རླུང་གི་ལྕེ་ནི་ཁ་དོག་དམར་ཞིང་སྐམ་ལ་རེག་བྱ་རྩུབ་པ་དང་། མཁྲིས་པའི་ལྕེ་ནི་བད་ཀན་སྐྱ་སེར་མཐུག་པོས་གཡོགས་པ། བད་ཀན་གྱི་ལྕེ་ནི་ཁ་དོག་སྐྱ་གླེག་མདངས་མེད་འཇམ་ལ་རློན་པ་དང་གསུམ་མོ། ། (2)ཆུ་ལ་བལྟ་བ་ནི། རླུང་གི་ཆུ་ནི་ལུ་མའི་ཆུ་འདྲ་ལ་ཁྱད་པར་དུ་ལྦུ་བ་ཆེ་བ་དང་། མཁྲིས་ཆུ་ནི་ཁ་དོག་དམར་སེར་རླངས་ཆེ་དྲི་མ་དུགས་པ། བད་ཀན་གྱི་ཆུ་ནི་ཁ་དོག་དཀར་ལ་དྲི་རླངས་ཆུང་བ་དང་གསུམ་མོ། ། 2.སོར་མོས་རེག་པ་ནི། རླུང་གི་རྩ་ནི་རྐྱལ་པ་སྟོང་པ་དབུགས་ཀྱིས་གང་བ་ལྟར་ཅུང་ཟད་མནན་པའི་སྐབས་སུ་སྡོད་པར་འཕར་བ། མཁྲིས་པའི་རྩ་ནི་གྲངས་མགྱོགས་ཤིང་ཁར་རྒྱས་པར་མནན་ཀྱང་གཏིང་དུ་གྲིམས་པར་འཕར་བ། བད་ཀན་གྱི་རྩ་ནི་མི་མངོན་པ་བྱིང་བ་དང་གཤེད་ཆུང་བས་གུད་པ་དང་གྲངས་དལ་བར་འཕར་བའོ། ། 3.ངག་གིས་དྲི་བ་ལ་གསུམ་སྟེ། (1)རླུང་སློང་རྐྱེན་ན་ལུགས་གོམས་པ་དྲི་བ། དེ་ལ་བཅུ་གཅིག་སྟེ། [1]རླུང་ནད་ལ་དང་པོ་སློང་བའི་རྐྱེན་ར་ཤ་དང་། ཇོ་ལ་སོགས་པ་ཡང་ལ་རྩུབ་པའི་ཟས་སྐོམ་དང་། སྨྱུང་བར་གནས་པའི་བྱ་བ་དང་བསེར་བུའི་ངོད་ཅན་གྱི་ཡུལ་དུ་གནས་པ་སོགས་ཡང་ལ་རྩུབ་པའི་སྤྱོད་ལམ་གཉིས་ཏེ་གཅིག [2]རྐྱེན་དེ་གཉིས་ཀྱིས་སླང་ནས་བར་དུ་ན་ལུགས་ལ་གཡལ་ཞིང་འདར་བ། [3]བྱ་མྱང་ཡང་ཡང་བྱེད་པ། [4]གྲང་ཤུམ་བྱེད་པ། [5]དཔྱི་དང་རྐེད་པ་སོགས་རུས་ཚིགས་མ་ལུས་ན་བ། [6]གཟེར་བ་ངེས་མེད་དུ་འཕོ་ཞིང་འགྱུར་བ། [7]སྟོང་སྐྱུགས་བྱེད་པ། [8]མིག་སོགས་དབང་པོ་མི་གསལ་བ། [9]ཤེས་པ་འཚུབ་པ་དང་། བཀྲེས་དུས་སུ་ལྷག་པར་ན་ཞིང་ལྡང་བ་སྟེ་ན་ལུགས་དགུ། [10]-[11]མཐོར་གོམས་པའི་ཟས་སྐོམ་སྣུམ་བཅུད་ཀྱིས་ཕན་པར་ངེས་པ་བཅས་ཁྱོན་རླུང་དྲི་བ་བཅུ་གཅིག་ཡོད་དོ། ། (2)མཁྲིས་པ་སློང་རྐྱེན་ན་ལུགས་གོམས་པ་དྲི་བ་ལ་བདུན་ཏེ། [1]མཁྲིས་པ་སློང་བའི་རྐྱེན་དང་པོ་འབྲུ་མར་དང་གར་ཆང་སོགས་རྣོ་ཞིང་ཚ་བའི་ཟས་སྐོམ་དང་། མེ་ཉིར་ཡུན་རིང་བསྲོ་བ་སོགས་རྣོ་ཞིང་ཚ་བའི་སྤྱོད་ལམ་གྱིས་སྔོན་དུ་སློང་བ་སྟེ་རྐྱེན་གཉིས་ཏེ་གཅིག [2]བར་དུ་ན་ལུགས་ཁ་ལ་རོ་ཁ་བ་བྲོ་བ། [3]མགོ་ན་བ། [4]ཤའི་དྲོད་སྔར་བས་ཆེ་བ། [5]ལུས་སྟོད་ལྷག་པར་གཟེར་བ། [6]ཟས་ཞུ་རྗེས་ཀྱི་དུས་ན་ཁྱད་པར་ན་ཞིང་ལྡང་བ་བཅས་ལྔ། [7]ཐ་མར་བསིལ་བའི་ཟས་སྐོམ་གྱིས་ཕན་པར་ངེས་པར་གོམས་པ་བཅས་བདུན་ནོ། ། (3)བད་ཀན་སློང་རྐྱེན་ན་ལུགས་གོམས་པ་དྲི་བ་ལ་བཅུ་གཅིག་སྟེ། [1]བད་ཀན་སློང་བའི་རྐྱེན་དང་པོ་འཕྱི་བའི་ཤ་དང་། ལོ་ཤུར་སོགས་ལྕི་ལ་སྣུམ་པའི་ཟས་སྐོམ་དང་། བརླན་སྟེང་དུ་ཉལ་བ་དང་སྐུ་མཉེ་མང་དུ་བྱས་པསོགས་ལྕི་ལ་སྣུམ་པའི་སྤྱོད་ལམ་གྱི་རྐྱེན་གཉིས་ཏེ་གཅིག [2]དེས་སློང་བའི་བར་དུ་ན་ལུགས་ནི་དང་ག་མི་བདེ་བ། [3]ཁ་ཟས་འཇུ་བར་དཀའ་བ། [4]ཡང་ཡང་དུ་སྐྱུག་ཅིང་ཟས་མི་ཞུ་བར་ཕོ་བར་གནས་པ། [5]ཁ་མངལ་བ་ཞེས་རོ་མི་གསལ་བར་བརླན་བག་ཅན་འབྱུང་བ། [6]ཁ་ཟས་མ་ཟོས་ཀྱང་ཕོ་བ་འཚིང་ལ་རྒྱས་པ། [7]ཡང་ཡང་དུ་སྒྲོག་པ་འབྱུང་བ། [8]ལུས་སེམས་ལྷན་ཅིག་ཏུ་ལྕི་ལ་ངལ་བ། [9]ཟས་ཟོས་རྗེས་སུ་མི་བདེ་བ་སྟེ་ནང་གསེས་དགུ། [10]-[11 ]འཇུག་ཏུ་ཟས་སྤྱོད་དྲོ་བར་གོམས་ན་འཕྲོད་པར་ངེས་པར་བཅས་ཁྱོན་བད་ཀན་དྲི་བ་བཅུ་གཅིག་གོ ། 4.ཞར་བྱུང་མཇུག་བསྡུ་བ་ལ་སུམ་ཅུ་བརྒྱད་དེ། (1)ལྕེ་ལ་བལྟ་བ་རླུང་མཁྲིས་བད་ཀན་གསུམ། (2)ཆུ་ལ་བལྟ་བ་རླུང་མཁྲིས་བད་ཀན་གསུམ། (3)རླུང་གི་རྩ་དང་མཁྲིས་པའི་རྩ་བད་ཀན་གྱི་རྩ་བཅས་གསུམ། (4)མཁྲིས་པའི་སློང་རྐྱེན་ན་ལུགས་དྲི་བ་ལ་རྣམ་གྲངས་བདུན། (5)བད་ཀན་སློང་རྐྱེན་ན་ལུགས་དྲི་བ་ལ་རྣམ་གྲངས་བཅུ་གཅིག་བཅས་དེ་ལྟར་བརྟག་ཐབས་རྣམ་གྲངས་སུམ་ཅུ་རྩ་བརྒྱད་དོ། ། |
Tibetan Source | 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་51.12ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |