389
Tibetan | རྡོ་རྗེའི་བསྙེན་སྒྲུབ་ཀྱི་ལམ་སྲོལ་བཤད་པ་གཉིས། |
---|---|
Tibetan Alternate | |
Tibetan Definition | 1.རིང་ལུགས་ངོས་བཟུང་བ་ནི། གཞི་ལམ་འབྲས་བུར་མི་ཕྱེད་རྡོ་རྗེ་གསུམ། ། བསྙེན་སྒྲུབ་སྒྲུབ་ཆེན་ཡན་ལག་རྣལ་འབྱོར་མས། ། རིན་ཆེན་དཔལ་ལ་ཐུགས་ཀྱི་ཟུང་བསྩལ་བ། ། ཞེས་སྦྱང་གཞི་གཞི་ལམ་འབྲས་བུའི་གནས་སྐབས་གསུམ་དུ་རྒྱུན་ཆགས་པས་དབྱེར་མི་ཕྱེད་པའི་མཚན་ཉིད་ཅན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་པོ། སྦྱང་བྱ་ལུས་ངག་ཡིད་གསུམ་གློ་བུར་འཁྲུལ་འཛིན་གནས་སྐབས་བཞིའི་བག་ཆགས་དང་བཅས་པས་བསྒྲིབས་པ་དེ་ཉིད། སྦྱོང་བྱེད་སོར་བསམ་བསྙེན་པའི་ཡན་ལག སྲོག་རྩོལ་སྒྲུབ་པའི་ཡན་ལག་དྲན་ཏིང་སྒྲུབ་པ་ཆེན་པོའི་ཡན་ལག་གསུམ་གྱིས་སྦྱངས་འབྲས་དབང་རྣོན་བརྩོན་འགྲུས་ཅན་ཚེ་གཅིག་ལ་སྐུ་གསུམ་མངོན་དུ་བྱེད་པའི་མན་ངག་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དངོས་ཀྱིས་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་ལ་ཐུགས་ཀྱི་ཟུངས་བཅུད་བསྩལ་བ་སྟེ། དེའང་གྲུབ་ཆེན་དེ་ཉིད་མདོ་སྔགས་ཀྱི་སྦྱངས་པ་མཐར་ཕྱིན། རང་ལུགས་ཀྱི་བརྒྱུད་འཛིན་དུས་འཁོར་བ་སངས་རྒྱས་རྡོ་རྗེ་ལས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན་ཏེ་མཁས་པའི་ཕུལ་དུ་གྱུར། རྒྱལ་བ་རྒོད་ཚང་པ་ལས་རྟོགས་པ་མཐར་ཐུག་བརྙེས། ཛཱ་ལ་དྡྷ་ར་སོགས་གནས་ཡུལ་མང་དུ་བྱོན། ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཕེབས། བར་ཆད་དང་འཇིགས་པ་ཆོ་འཕྲུལ་མཐའ་དག་ལྟ་བ་དང་བརྟུལ་ཞུགས་ཀྱི་སྤྱོད་པས་ཟིལ་གྱིས་མནན། ཡུལ་དབུས་གླདྷཱུ་མ་ཐ་ལའི་ཕྱོགས་བཞིར་རིགས་བཞི་མཁའ་འགྲོས་བྱིན་གྱིས་བརླབས། སྤྲུལ་པའི་མཛེས་མས་ལུང་བསྟན་པ་བཞིན་ཀ་བོ་ཀ་ཞེས་པའི་གྲོང་དུ་རྡོ་རྗེ་རྣལ་འབྱོར་མ་ཉིད་དང་པོ་སྨད་འཚོང་མའི་གཟུགས་སུ་བསྟན་ནས་བཟའ་བཏུང་དང་རེག་བྱའི་བདེ་བ་བསྩལ་བས་རྩ་མདུད་ཐམས་ཅད་གྲོལ། སྒྲ་དང་ས་གཡོ་སོགས་ལྟས་ཆེན་པོ་དང་བཅས་ཏེ་སླར་རྡོ་རྗེ་བཙུན་མོ་དངོས་སུ་སྣང་བས་གདམས་པ་འདི་རྫོགས་པར་གནང་། སྔར་གྱི་མཁའ་འགྲོ་བཞི་དང་སེང་གེའི་གདོང་ཅན་ལྔ་པོས་ཀྱང་གདམས་པ་སྣ་རེ་གནང་བས་གྲུབ་པ་ཆེན་པོའི་ས་ལ་གནས་པར་གྱུར་ཏོ། ། བོད་དུ་བྱོན་ནས་མཁའ་འགྲོའི་ལུང་བཞིན་ཐོག་མར་གཡའ་བཟང་པ། སྣུབས་འདུལ་བ་འཛིན་པའི་དབོན་པོ་རིན་པོ་ཆེ་མཁར་ཆུ་བས་གསོལ་བ་བཏབ་པའི་ངོར་གཞུང་ཡི་གེར་བཀོད་པར་མཛད་དོ།།
2.བརྒྱུད་སྲོལ་བཤད་པ་ནི། མཁར་ཆུ་བ་དང་ཟླ་སེང་སྦུ་ཏྲ་བ། ། ཟུར་ཕུག་སྟེ་མདོ་སྐུ་མཆེད་སྲོལ་མང་ལས། ། རྒྱལ་བ་གཉིས་པ་རང་བྱུང་ཆོས་རྗེ་ཡིས། ། རྡོ་རྗེའི་ཚིག་བཀྲོལ་གདམས་པའི་ལམ་བཟང་གསལ། ། རིན་པོ་ཆེ་མཁར་ཆུ་བས་དམིགས་རྐང་རེ་ལ་གསེར་ཞོ་རེའི་མཎྜལ་ཕུལ་ནས་ཞུས་ཤིང་བརྗེད་ཐོ་བསྡུས་པའང་མཛད། ཁྲིད་གཉེར་པ་རྟོགས་ལྡན་ཟླ་བ་སེང་གེས་མན་ངག་རྣམས་གླེགས་བམ་དུ་བསྡོམས། ཕྱིས་ཀྱང་ཁྲིད་ལུགས་འདི་ལ་གཙོར་བྱེད། རྗེ་ཉིད་ལ་གོ་ལུང་པ་གཞོན་ནུ་དཔལ་གྱིས་དྲི་བ་ཞུས་པས་ལན་འདེབས་གནང་བ་ཁོང་གིས་ཡི་གེར་བཏབ་པ་དང་། སྦུ་ཏྲ་པ་མཁས་བཙུན་བསོད་ནམས་འོད་ཟེར་བ་ལ་ཡིག་ཆ་གསལ་བར་མ་ཐོས་ཤིང་། ཟུར་ཕུག་པ་རིན་ཆེན་དཔལ་བས་མཛད་པའི་ཊཱིཀ་ཆེན་དང་། མཁས་པ་ཤངས་སྟོན་དང་། སྙེ་མདོ་ཀུན་དགའ་དོན་གྲུབ་པས་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་མཛད་པ་བཞི་ལ་འགྲེལ་ཆེན་བཞི་ཟེར་ཞིང་། བསོད་འོད་ལས་ཆོས་རྗེ་གངས་པ་བརྒྱུད་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་གྱི་བར་དུ་བྱུང་བ་དང་། སྙེ་མདོ་སྐུ་མཆེད་ལས་ཀྱང་བརྒྱུད་པ་འཕེལ་བ་སོགས་སྲོལ་མང་དུ་བྱུང་བ་ལས། རྒྱལ་བ་གཉིས་པ་ཀུན་མཁྱེན་རང་བྱུང་ཆོས་རྗེས་གྲུབ་ཆེན་པ་ལས་གདམས་ངག་རྫོགས་པར་གསན་ཏེ་རྡོ་རྗེའི་ཚིག་གི་མདུད་འགྲོལ་དང་གདམས་ངག་གི་གནད་གཞན་ལས་ཁྱད་པར་འཕགས་པའི་ལམ་བཟང་པོ་གསལ་བར་མཛད་ཅིང་། རྗེ་རོལ་པའི་རྡོ་རྗེ་སོགས་སྐུའི་སྐྱེ་བ་ན་རིམ་སློབ་བརྒྱུད་དང་བཅས་པས་རྒྱ་ཆེར་སྤེལ་བར་མཛད་དོ། ། ཕྲན་ཚེགས་བྱུང་བ་གཞན་སྨོས་པ་ནི། མི་ཏྲ་དམར་པོ་ཁ་རག་སྐོར་གསུམ་སོགས། ། ཚད་ལྡན་ཕྲན་ཚེགས་བྱུང་བ་མཐའ་ཡས་སོ། ། ངོ་མཚར་བའི་གཏམ་བཅོ་བརྒྱད་དང་ལྡན་པའི་གྲུབ་ཆེན་མི་ཏྲ་ཛོ་ཀི་དེ་ཉིད་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་སྤྱན་དྲངས། ཟབ་ཆོས་ཞུས་པས་ཤེས་བྱའི་ཡན་ལག་ཏུ་བསྟན་པ་ཐུན་མོང་གི་སྐོར། ནང་སྒྲུབ་ཐབས་སུ་བསྟན་པ་ཉམས་ལེན་བྱེ་བྲག་གི་སྐོར། གསང་བ་བྱིན་རླབས་ཀྱི་འཇུག་པ་སྟོན་པ་ཁྱད་པར་གྱི་སྐོར་གསུམ་གནང་བ་ཁྲོ་ཕུ་པ་ལས་རིམ་པར་བརྒྱུད་པ་དང་། ས་ར་ཧས་གནང་བའི་ཕྱག་ཆེན་འཁོར་བ་རྒྱུན་གཅོད་ཀྱི་གདམས་ངག་དོན་མོ་རིར་མཚན་ལྡན་འཁྲུལ་ཞིག་ཆེན་པོ་ལ་གནང་། དེས་རྟོགས་ལྡན་གྲགས་སེང་ལ་གནང་བ་དང་། ཡང་བལ་རས་ཞེས་བྱ་བའི་རྣལ་འབྱོར་པར་བརྫུས་ནས་གྲགས་པ་སེང་གེ་ལ་མཁའ་སྤྱོད་བསྙེན་སྒྲུབ་གནང་བ་ཕྱི་མ་གཉིས་ལ་རྟོགས་ལྡན་མཁའ་སྤྱོད་དབང་པོས་ཡིག་ཆའང་མཛད་པ་དང་། དེས་མི་ཉག་གྲགས་རིན་དང་གུ་ཅོར་རྟོགས་ལྡན་ལས་བརྒྱུད་པ་དང་། རྡོ་རྗེ་ཕྲེང་བའི་དབང་བསྐུར་བརྒྱ་རྩ་པཎ་ཆེན་དོན་ཡོད་རྡོ་རྗེ་ལས་བརྒྱུད་པ་སོགས་བྱུང་། ཡང་སྤྲུལ་སྐུ་ལ་སྟོད་དམར་པོ་བ་ལ་རྡོ་རྗེ་གདན་པ་ཆེ་བས་གནང་བའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་བསིལ་བ་ཚལ་དུ་མཁའ་འགྲོ་སྡེ་ལྔས་གནང་བའི་གདམས་ངག་གི་སྐོར་རྣམས་དང་། གཙང་ཁ་རག་སྒོམ་ཆུང་བློ་གྲོས་དབང་ཕྱུག་ལ་ཨ་རོ་ནས་བརྒྱུད་པའི་སེམས་ཕྱོགས་དང་། ཇོ་བོ་ནས་བརྒྱུད་པའི་བློ་སྦྱོང་གི་བཀའ་བབས། གདམས་པ་དེ་གཉིས་བསྲེས་པ་ལ་བྱང་ཆུབ་སེམས་སྦྱོང་ཞེས་བྱ་བའི་གཞུང་མཛད། ཕྱིས་ཁ་རག་སྐོར་གསུམ་དུ་གྲགས་ཏེ་ལྷོ་པ་དྷརྨ་སྐྱབས། བྱང་སྒོམ་མཆེད་གསུམ་སོགས་ནས་རྒྱ་ཆེར་འཕེལ། སོགས་ཁོངས་ནས་སྤྱན་རས་གཟིགས་ཀྱི་དམར་ཁྲིད་རིགས་བཞི། དུས་ཞབས་ཆེ་ཆུང་ནས་བལ་པོ་ཀཱ་ཡ་ཤྲཱི་སོགས་ལ་བརྒྱུད་པའི་ནམ་མཁའ་སྐོར་གསུམ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་སྐོར། མན་ལུང་བའི་སྒོམ་རིམ་གཅིག་ཤེས་ཀུན་གྲོལ་སོགས་གདམས་ངག་གི་རིགས་དང་། ཨ་བྷ་ཡའི་རྡོ་རྗེ་ཕྲེང་བ་དང་སྒྲུབ་ཐབས་བརྒྱ་རྒྱམ། དརྦ་ཎ་ཨ་ཙརྱའི་བྱ་བ་བཏུས་པ་སོགས་དབང་དང་སྒྲུབ་ཐབས་ཀྱི་རིགས་ཚད་དང་ལྡན་ཅིང་སྒྲུབ་བརྒྱུད་ཀྱི་བཀའ་སྲོལ་ཟུར་པ་མེད་པའི་ཕྲན་ཚེགས་ཀྱི་བྱུང་བ་ནི་མཐའ་ཡས་སོ། ། |
Tibetan Source | 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་552.17ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |