4048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བཞག་ཐབས་ཅོག་གཞག་བཞི།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གཅིག་པ་ཁྲེགས་ཆོད་སྒོམ་པའི་རིམ་པ་ལས་བྱུང་བ་སྟེ།

1.རྒྱ་མཚོ་ཅོག་བཞག་ནི། རྒྱ་མཚོ་དྭངས་ལྟར་ཡུལ་གསལ་ངང་དྭངས་ཆེ། ། ཞེས་རྒྱ་མཚོ་རླུང་གིས་མ་བསྐྱོད་པོར་གཟའ་སྐར་ཤར་དུས་གཟའ་སྐར་སྣང་ཡང་ཆུ་ལས་མ་གཡོས་ལ་མ་གོས་པ་ལྟར་རིག་པ་ཟང་ཐལ་དུ་སངས་སེ་བ་ལ་སྣང་ཡུལ་མ་འགགས་པར་ཤར་ཡང་འཛིན་པས་མ་བསླད་པས་རིག་པ་དྭངས་སེང་གི་ངང་ལ་མ་གཡོས་པར་གཞག་སྟེ། ཡི་གེ་མེད་པ་ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། ། སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། ། གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། ། བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། ། མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། ། མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། ། བྱས་པས་མ་བྱུང་གཞག་ཐབས་ཆེན་པོའི་ལྟོས། ། སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། ། གནས་པ་མ་ཡིན་དེ་ལས་འདའ་བ་མེད། ། གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། ། ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག ། གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། ། ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོར་ལྟོས། ། སྟོང་པས་སེམས་མེད་མ་བཅོས་ཆེན་པོའི་སྐུ། ། བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། ། ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། ། སྣང་བས་བློ་ཡིས་མ་བཅོས་པ། ། ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། ། ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། ། འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། ། ཡུལ་ལ་དམིགས་པའི་ཕྱོགས་དག་མི་འཛིན་ན། ། རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། ། འཛིན་མེད་གསལ་ཆ་མ་འགགས་པས། ། དགོངས་པའི་འདུག་ཚུལ་དེ་བཞིན་ནོ། ། ཞེས་སོ། ། འདིར་རྒྱུད་ལ་མི་མཁས་པའི་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་ཁ་ཅིག་ཕྱོགས་རེའི་ཆ་སྦྱར་བའི་ཡི་གེ་ལ་ཞེན་ནས། ཅོག་གཞག་བཞི་པོ་འདི་ཐོད་རྒལ་གྱི་གཞག་ཐབས་ཡིན་ནོ་སྙམ་དུ་སེམས་པ་ནི་ཆོས་ལ་འབྲེལ་མ་ཆགས་ཤིང་ཉམས་ལེན་གང་ལའང་། སྦྱོར་མི་ཤེས་པའི་རྣམ་འགྱུར་ཏེ། ཡི་གེ་མེད་པའི་པདྨོ་ཁ་འབྱེད་དུ་ཚིག་གི་དཀྱུས་དང་སྦྱར་ཏེ་ཕྱོགས་གཅིག་ལ་སྦྱར་བ་ཡིན་གྱི། སྤྱིར་གང་ལའང་སྦྱར་དུ་ཡོད་དེ། སྣང་བ་རིན་པོ་ཆེའི་པྲ་ཁྲིད་དུ་ཕྱོགས་ཐམས་ཅད་ལ་སྦྱར་ཏེ་གསུངས་པ་ལྟ་བུའོ། ། ཁྲེགས་ཆོད་དང་ཐོད་རྒལ་གང་ལའང་རྩ་བ་རིག་པ་ཟང་ཐལ་འདི་རྗེན་ལ་འབུད་ཤེས་དགོས། དེ་མ་ཤེས་ན་ཅི་ལ་སྦྱར་ཡང་ཕན་མེད། ཁྲེགས་ཆོད་དེ་སྒོམ་ཆེན་པ་རྨོངས་པ་ཀུན་གྱི་ལམ་དང་འདྲེས་ནས་སེམས་འཛིན་གྱི་ཐབས་སྐོལ་ཚེ་བར་འཆོར་བས་འཁོར་བ་ལས་མི་འདའ་བ་དང་། ཐོད་རྒལ་དེ་དངོས་པོ་མཚན་མར་ཞེན་པས་གཟུགས་ཁམས་ཀྱི་གནས་སུ་གོལ་འགྲོ་བ་ཡིན་པས། འདིར་ཟིང་ཀ་རྗེན་པའི་ཤེས་པ་ངོ་ཤེས་པ་གལ་ཆེའོ། ། 2.རིག་པ་ཅོག་བཞག་ནི། འཇུར་བུའི་སེམས་མེད་རིག་པ་ཟང་ཐལ་འཇོག ། ཅེས་རིག་པ་ཅོག་གཞག་ལ་ཐོད་རྒལ་དུ་ལུག་རྒྱུད་རིག་དྭངས་ལ་འཇོག་པ་སྟེ། འདིར་རིག་པ་དངོས་ཟང་ཐལ་རྗེན་པའི་སྟེང་དུ་འཇོག་པས་གནད་རབ་ཏུ་ཟབ་སྟེ། ཤེས་པ་དུངས་པ་རྒྱ་མཚོའི་ངང་ལ་གནས་དུས་ན། རིག་གེ་སེང་ངེ་རྗེན་པར་ཡོད་པ་དེ་ངོས་བཟུང་ནས་དེ་ལས་མ་གཡོས་པར་བྱས་པས། བར་མཚམས་དང་ཕྱི་ནང་མེད་པའི་ཆོས་ཉིད་གཅིག་ཏུ་འཆར་ཏེ། ཡི་གེ་མེད་པ་ལས། རིག་པ་ཅོག་གཞག་མན་ངག་ཉིད། ། འདི་ནི་གསང་བའི་ཐུག་པ་སྟེ། ། ཞེས་པ་དང་། སྣང་བ་ཆིག་ཆོད་དགོངས་པ་ནི། རིག་པ་ཉིད་ཀྱི་གཞག་ཐབས་བཙལ། ། གསང་བའི་གསང་བ་ཆེན་པོ་སྟེ། ། སྣང་བའི་སྟོབས་ཀྱིས་ཕ་རོལ་སྒྲོལ། ། ཆགས་པས་མ་བཅིངས་རང་སྣང་ངོ་། ། འདི་ནི་ཐིག་ལེ་ཉག་གཅིག་ཟང་ཐལ་རྟེན་ལ་བུད་པ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། ཐིག་ལེ་ཉག་གཅིག་སྤྲོས་མེད་དེ། ། བློ་ཡི་བྱེ་བྲག་བརྗོད་ལས་འདས། ། ཞེས་སོ། ། 3.སྣང་བ་ཅོག་བཞག་ནི། རྐྱེན་སྣང་རིག་པའི་གསལ་འདེབས་ཅེར་གྱིས་བཞག ། ཅེས་རིག་པའི་དྭངས་མེ་ལོང་འདྲ་བའི་ནང་དུ་ཡུལ་སྣང་མ་འགགས་པར་ཤར་དུས། རིག་པ་ལ་ཐུགས་རྗེའི་རྩལ་མ་འགགས་པའི་ཡུལ་ས་ལེ་ལ་རིག་ཅིང་མཇལ་མཛལ་འདྲ་བ་དེ་ངོ་བོ་རྟོག་མེད་དུ་ཡོད་ཀྱང་། རྣམ་པ་རྟོག་རྟོག་འདྲ་བར་ཤར་དུས།། དེ་ལ་ཕར་མི་དགག་ཚུར་མི་སྡུད། བར་དུ་མི་གཞུག་པར་ཆ་རང་བབས་སུ་བཏང་བའི་ཆོས་ཉིད་ཀྱི་ངང་ལས་གཞན་དུ་མི་འདའ་སྟེ། རིག་པ་དང་། ས་པ་དེ་སྣང་བ་ཀུན་གྱི་འཆར་གཞི་ཡིན་པས། ཡུལ་ལྔར་འཆར་ནས་སངས་རྒྱས་ལྔ་རང་གསལ་འབྱུང་བ་ལྔར་འཆར་ན་ཡུམ་ཆེན་ལྔར་རང་བ། དུག་ལྔར་འཆར་ན་ཡེ་ཤེས་ཆེན་པོར་དབྱིངས་སུ་ཤར་བས་ན། ཅི་ཤར་ཡང་རང་གི་ངང་ལས་གཞན་མེད་ལ་རང་ཉིད་ཆོས་སྐུ་ཟང་ཐལ་དུ་གནས་པས་དེ་ལ་མ་བཟུང་ན་གོས་མེད་པར་ཤེས་ཏེ། རྡོ་རྗེ་སེམས་དཔའི་དགོངས་པ་གསལ་འགྲིབ་མེད་པའི་ཆོས་སྐུ་ཞེས་བྱ་སྟེ། ཡི་གེ་མེད་པ་ལས། སྔ་བ་ཉེར་གཞག་རིག་པའི་ཐབས་ཆེན་ནི། སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། ། འབྱུང་བ་ལྔ་ཡིས་སངས་རྒྱས་ལམ་ལྟར་སྣང་། ། ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། ། མ་ཡེངས་ངང་ལ་འཛིན་མེད་ཆེན་པོར་ཞོག ། གསང་སྔགས་ཆེན་པོའི་ཡེ་ཤེས་ཆེན་པོ་ལྔ། ། ཆེན་པོ་ལྔ་ཡིས་མ་བསྐྱོད་དབྱིངས་སུ་ཞོག ། རྡོ་རྗེ་སེམས་དཔའི་རིག་པ་ཅེར་གཞག་ནི། ། ཆོས་ཀྱི་སྐུ་ཡི་སྣང་བ་ཐམས་ཅད་སྟོན། ། ཡེ་ཤེས་དག་པའི་སྣང་བ་ཅེར་སྣང་བས། ། གསང་བའི་གཞག་ཐབས་ཅེར་གཞག་ཐབས་ཀྱི་ངང་། ། སྐུ་ཡི་སྣང་བ་འབྱུང་ལྔ་མ་སྤངས་ལ། ། སྤངས་པ་མ་ཡིན་རང་གི་དོན་ལ་ཞོག ། ཅེས་སོ། ། 4.རི་བོ་ཅོག་བཞག་ནི། རྐྱེན་གྱི་མི་གཡོ་འགྱུར་མེད་འདྲ། ། ཞེས་གཞག་ཐབས་གསུམ་རྫོགས་པ་ལས། རི་བོ་ཅོག་གཞག་ངང་གིས་འབྱུང་སྟེ། རི་རྒྱལ་འཕོ་འགྱུར་མེད་པ་ལྟར། དགོངས་པ་ཆོས་ཉིད་ལས། མི་གཡོ་བའི་གདེང་རྙེད་པའོ། ། དེ་ཡང་ཡེ་ནས་རིག་པའི་འཕོ་འགྱུར་མེད་པ་དེ་རྣལ་འབྱོར་པས་རྟོགས་ནས་ངང་ལ་གནས་པས། རྐྱེན་སྣང་གང་གིས་ཀྱང་མི་གཡོ་སྟེ། རྐྱེན་སྣང་དེ་ཉིད་དགོངས་པ་དེར་ཤར་བས་རིག་པའི་གསལ་འདེབས་བྱས་པ་ནི་མེ་ལ་ཤིང་བསྣན་པ་ལྟ་བུའོ། ། ཡི་གེ་མེད་པ་ལས། རི་བོ་ཅོག་བཞག་ལྟ་བ་གསང་བ་ཉིད། ། ཐེ་ཚོམ་མ་ཡིན་འགྱུ་བ་ངང་གིས་མེད། ། ཅེས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཙི་པ་》ཤ་218.12ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number