5040

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཏིང་འཛིན་མི་གཡོ་བ་གང་གིས་བསྒྲུབ་པ་ཆོ་གའི་ཡན་ལག་ལྔ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱུས་འགྲེལ་སྐབས་ཉེར་གསུམ་པ་སྤྱོད་པའི་རིམ་པ་ལས་བྱུང་བ་སྟེ།

1.ངེས་འབྱུང་ཅན་གྱིས་འགྲུབ་པ་ནི། དེ་ལྟར་བསྒོམ་པའི་བོགས་འདོན་སྤྱོད་པའི་ཚུལ། ། ངེས་འབྱུང་ཅན་གྱིས་འདུ་འཛི་སྤྲོས་ཚོགས་སྤངས། ། དེ་ལྟར་བསྒོམ་པའི་རིམ་པས་བོགས་འདོན་ཕྱིར་སྤྱོད་པ་གང་ལ་བསླབ་ན་ལུས་ངག་འདུ་འཛིས་གཡེངས་ཤིང་སེམས་སྤྲོས་པའི་དྲ་བ་སྟོང་གིས་གཡེངས་པས་ནི་ཞི་གནས་ཙམ་ཡང་མི་འགྲུབ་ན་ཡང་དག་པའི་ཏིང་ངེ་འཛིན་ལྟ་ཅི་སྨོས་ཏེ། དེ་བས་ན་ལུས་འདུ་འཛིའི་གྲོང་ལས་བསྲིངས་ཏེ་དགོན་པར་ཕྱོགས་ན་གཅིག་པུར་རབ་ཏུ་དབེན་པའི་ནགས་སམ་གནས་སུ་འདུག་པ་དང་། སེམས་རྟོག་པའི་ཚོགས་ལས་རིང་དུ་བསྲིངས་ཏེ་ཞི་གནས་ཀྱིས་བརླན་པའི་རྒྱུད་ལ་ཟབ་མོའི་ཏིང་ངེ་འཛིན་འགྲུབ་པའོ། ། ཏིང་འཛིན་རྒྱལ་པོ་ལས། དེ་ལྟ་བས་ན་ཏིང་ངེ་འཛིན་འདོད་པས་འདུ་འཛི་དང་རྣམ་པར་གཡེང་བའི་ཡུལ་འཁོར་སྤངས་ཏེ་གཅིག་པུར་ཞི་བའི་ནགས་སུ་གནས་པ་ལ་བརྩོན་པར་བྱའོ། ། ཞེས་སོ། དེའང་ཁྱིམ་དུ་གནས་པས་མི་འགྲུབ་པར། དེ་ཉིད་ལས། གང་དག་ཁྱིམ་ཕྱི་ནང་ན་འདུག་བཞིན་དུ། ། བྱང་ཆུབ་དམ་པ་ཡོངས་དག་རྙེད་བྱ་ན། ། དེ་འདྲའི་སངས་རྒྱས་སྔོན་ཆད་མ་བྱུང་ཞིང་། ། ད་ལྟ་མི་གནས་མ་འོངས་པ་ནའང་མེད། ། ཅེས་སོ། ། 2.ཁྲིམས་ལྡན་མང་དུ་ཐོས་པས་འགྲུབ་པ་ནི། དད་ཁྲེལ་བག་ཡོད་ཁྲིམས་ལྡན་མང་ཐོས་འགྲུབ། ། དད་པ་དང་ལྡན་པ་འགྲུབ་སྟེ་ཆོས་ལ་དད་པས་འཇུག་ཅིང་ཞུགས་པ་ནའང་ལྷག་པར་དད་པས་ཆེས་གོང་དུ་འཕེལ་བའི་ཕྱིར་ཏེ། དཀོན་བརྩེགས་ལས། དད་པ་ཅན་གྱི་མི་རྣམས་ལ། ། དཀར་པོའི་ཆོས་རྣམས་ངང་གིས་འབྱུང་། ། ཞེས་སོ། ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་བཞི་ཏིང་ངེ་འཛིན་བསྒོམ་པ་ལ་སྤྲོ་བ་དང་མི་འདོར་བས་རྣལ་འབྱོར་དུ་བྱེད་ལ། བག་ཡོད་པས་རྣམ་གཡེང་ལས་སེམས་བསྲུང་བའི་ཕྱིར། ཏིང་ངེ་འཛིན་འགྲུབ་སྟེ། ཏིང་ངེ་འཛིན་དམ་པའི་མདོ་ལས། བག་ཡོད་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པས། ། ཟབ་མོའི་ཏིང་འཛིན་དམ་པ་རྙེད་པར་འགྱུར། ། ཞེས་སོ། ། 3.སྒྲིབ་པ་ལྔ་སྤངས་པས་འགྲུབ་པ་ནི། སྒོ་བསྡམས་འདྲིས་ཉུང་སྨྲ་གཉིད་སྙོམ་འགྱོད་མེད། ། འདི་ལྟར་སེམས་དང་ལུས་མ་བསྡམས་པ་ནི་རྒོད་བག་གི་རྣམ་པར་འགྱུར་བས་ཞི་བའི་ལམ་དང་འགལ་བ་དང་། གྲོང་འདབས་ལ་སོགས་པ་མང་པོ་འདུ་བའི་གནས་ནི་རྣམ་པར་གཡེང་བས་ཉམས་པ་དང་། གཉིད་དང་རྨུགས་པ་དང་སྙོམས་ལས་སུ་གནས་པ་ལ་དགའ་བ་ནི་བྱ་བ་གཞན་ཡང་མི་འགྲུབ་ན་ཏིང་ངེ་འཛིན་ལྟ་ཅི་སྨོས་ཏེ་འགལ་ཟླ་ཡིན་པ་དང་། རྒོད་པ་དང་འགྱོད་པ་ནི་སེམས་གཡེང་བའི་ཕྱིར་ལྷག་མཐོང་ལ་བར་དུ་གཅོད་པ་དང་། སྐྱེ་བོ་དང་བཤེས་འདྲིས་མང་བ་ནི་བྲེལ་བ་དུ་མ་དང་ཆགས་སྡང་གི་གནས་སུ་གྱུར་པའི་ཕྱིར་བསམ་གཏན་དང་འགལ་བ་དང་། སྨྲ་ལ་དགའ་བ་ནི་ཏིང་ངེ་འཛིན་གྱི་ཉམས་ཡོད་པ་དག་འགྲིབ་ཅིང་སྐྱེ་བའི་གེགས་བྱེད་ལ། འཁོར་དང་རྩོད་པ་དུ་མའི་འབྱུང་ཁུངས་སུ་གྱུར་པའི་ཕྱིར། འདི་དག་སྤངས་ན་ཏིང་ངེ་འཛིན་ངང་གིས་འཕེལ་ཞིང་རྒྱལ་བའི་ཆོས་འཛིན་པ་ཡིན་ཏེ། སྔ་མ་ལས། འདུ་འཛི་མེད་ཅིང་དབེན་ལ་དགའ་བ་དང་། ། འདྲིས་པ་ཉུང་ཞིང་གཉིད་དང་སྙོམས་ལས་སྤངས། ། མི་ཞུམ་རྒོད་པ་མེད་ཅིང་ལུས་སེམས་བསྡམས། ། དེ་ཡིས་ཏིང་འཛིན་མཆོག་འདི་རྙེད་མི་དཀའ། ། ཞེས་པ་དང་། ཡེ་ཤེས་ཕྱག་རྒྱ་ལས། ཚོགས་ལས་བསྲིངས་ཤིང་རབ་ཏུ་ཞི་ལ་མོས། ། རི་དྭགས་ལྟ་བུར་མཛེས་ཤིང་གནས་མེད་རྒྱུ། ། མཁའ་ལ་རླུང་བཞིན་རྙེད་ལ་མི་ཆགས་ལ། ། དེ་འདྲ་དེ་ནི་རྒྱལ་བའི་ཆོས་འཛིན་ཡིན། ། ཞེས་སོ། ། 4.དབེན་པར་གནས་ཤིང་བྱ་བ་ཆུང་བས་འགྲུབ་པ་ནི། དབེན་པར་བྱ་བས་མ་བྲེལ་འདྲིས་མེད་འགྲུབ། ། གང་དག་གྲོང་དང་གྲོང་འདབས་པའི་སྐྱེ་བོ་རྣམས་དང་འགྲོགས་ཤིང་ས་མདོ་ལ་སོགས་པའི་གནས་སམ་དགོན་པའི་གནས་ཀྱི་རབ་ཏུ་བྱུང་བ་དག་དང་རྟེན་འདྲིས་བྱེད་ལ། ཚེ་འདིའི་རྣམ་པར་གཡེང་བའི་དོན་དང་བྱ་བ་མང་བ་དང་དེ་དག་གིས་ནམ་ཡང་ཞི་བའི་ཏིང་འཛིན་མི་འགྲུབ་པས། གང་དུ་གནས་ཀྱང་བཤེས་འདྲིས་ཉུང་ཞིང་དོན་དང་བྱ་བ་ཉུང་བ་དག་ལ་ངང་གིས་དགེ་བ་འཕེལ་ཞིང་ཏིང་ངེ་འཛིན་འགྲུབ་པ་ཡིན་ཏེ་ཚུལ་བཞིན་ཡིད་ལ་བྱེད་པ་མང་བའི་ཕྱིར་རོ། ། དཀོན་མཆོག་བརྩེགས་པ་ལས། མ་འོངས་དུས་ན་དགེ་སློང་དག ། འཕྱུར་ཞིང་གཡེང་ལ་མ་བསྡམས་པ། ། རྙེད་དང་བཀུར་སྟིས་རྒྱགས་པ་དག ། ཚུལ་ཁྲིམས་ལྡན་ལ་ཁྲོ་བ་འབྱུང་། ། གང་དག་ཏིང་འཛིན་འདོད་རྣམས་ཀྱིས། ། དེ་དག་རྣམས་ལ་མི་བརྟེན་ཅིང་། ། གཅིག་པུར་བས་མཐའི་གནས་མལ་དུ། ། གནས་ཏེ་དབེན་ལ་དགའ་བར་གྱིས། ། ཞེས་སོ། ། 5.གང་ཐེག་པ་ཆེན་པོའི་རིགས་འགྲུབ་པ་ནི། འདི་ཕྱི་ཞི་བདེ་མི་འདོད་གཞན་ཕན་འགྲུབ། ། འདི་ལྟར་གཞན་དོན་དུ་ཞི་བའི་དགོན་པར་བསམ་གཏན་གཉེར་བོས་གནས་པར་བྱ་བ་ལས། རང་དོན་དུ་ཉན་རང་གི་ཞི་བདེ་དོན་དུ་གཉེར་བ་ནི་སྐྱེས་བུ་དམ་པ་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ལམ་མ་ཡིན་པའི་ཕྱིར་རོ ། དེས་ན་ཚེ་འདིའི་བདེ་འབྲས་དང་། ཕྱི་མའི་བདེ་འབྲས་ལྷ་མིའི་དཔལ་ཐོབ་པ་དང་། རང་དོན་དུ་ཞི་བ་མི་འདོད་པས་འཁོར་བའི་སེམས་ཅན་གྱི་ཕྱིར་སྲིད་པ་ལ་སྐྱོ་ཞིང་ངེས་པར་འབྱུང་བའི་བློས་བསམ་གཏན་བསྒྲུབ་པ་ནི་རྟེན་གྱི་གང་ཟག་ཏུ་རིགས་པར་བྱའོ། ། ཏིང་ངེ་འཛིན་མཆོག་དམ་པ་ལས། སྲིད་པའི་བདེ་ལ་རབ་ཏུ་མ་ཆགས་ཤིང་། ། གཅིག་པུར་ཞི་བ་ཚོལ་བའི་སེམས་བྲལ་ཏེ ། འདུས་བྱས་རྣམས་ལ་སྐྱོ་བའི་ཡིད་ལྡན་པ། ། དེ་ཡིས་ཏིང་འཛིན་མཆོག་རབ་དམ་པ་འགྲུབ། ། ཅེས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཛི་པ་》ཤ་329.14 ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number