5129
Tibetan | ཐོད་རྒལ་སྒོམ་པའི་རིག་པའི་ཡེ་ཤེས་གང་ན་བཞུགས་པའི་གནས་མཆོག་བསྟན་པ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གཉིས་པ་ཐོད་རྒྱལ་སྒོམ་པའི་རིམ་པ་ལས་བྱུང་བ་སྟེ།
1.གནས་གང་ན་བཞུགས་པ་དེ་ལ་ལྔ་སྟེ། (1)རིག་པའི་ཡེ་ཤེས་ཀྱི་གནས་ནི། དེ་ལྟར་ཁྲེགས་ཆོད་བསྒོམས་ནས་ཐོད་རྒལ་བསྒོམ། ། རིག་པའི་ཡེ་ཤེས་བཞུགས་གནས་སྙིང་ག་དང་། དེ་མདངས་དུང་ཁང་མིག་དང་རྩའི་གཞལ་ཡས། ། དེ་ལྟར་ཁྲེགས་ཆོད་གནས་ལུགས་ཀྱི་བསྒོམ་པ་ལེགས་པར་བསྟན་ནས་རིག་པའི་ཡེ་ཤེས་ཀྱི་གནས་དངོས་ནི་སྙིང་ག་རིན་པོ་ཆེ་དཔལ་གྱི་བེའུ་ན་གནས་པ། མདངས་ནི་དུང་ཁང་བྷ་ཁའི་གཞལ་ཡས་དང་། ལྟ་བྱེད་མིག་གི་གཞལ་ཡས་དང་། འགྱུ་བྱེད་རྩའི་གཞལ་ཡས་དང་བཞི་ན་གནས་ཏེ། ནོར་བུ་འཕྲ་བཀོད་ལས། རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། ། འགྱུ་བྱེད་རྩ་ཡི་གཞལ་ཡས་དང་། ། དུང་ཁོང་བྷ་ཁའི་གཞལ་ཡས་དང་། ། ལྟ་བྱེད་མིག་གི་གཞལ་ཡས་དང་། ། གཞལ་ཡས་ཆེན་པོ་དེ་བཞི་ན། ། གསང་སྔགས་ཀུན་གྱི་གསང་ཆེན་གནས། ། ཞེས་སོ། ། (2)གནས་ལུགས། དེ་ལ་གསུམ་སྟེ། [1]ངོ་བོ་སྐུར་གནས་པ་ནི། སྙིང་གར་ཞི་སྐུ་དུང་ཁང་ཁྲོ་བོའི་སྐུ། ། སྙིང་ག་ན་ཞི་བའི་སྐུ་དང་དེའི་མདངས་ཀྱི་རྩལ་ལས་དུང་ཁང་ན་ཁྲོ་བོའི་སྐུར་གནས་ཏེ། ནོར་བུ་འཕྲ་བཀོད་ལས། ཨེ་མ་རིག་པའི་གནས་ལུགས་ནི། ། རང་རང་ཙིཏྟའི་དཀྱིལ་ན་གནས། ། ཡབ་ཡུམ་གཉིས་ཀྱི་ཆ་འཛིན་པའི། ། ཐབས་དང་ཤེས་རབ་ཚུལ་དུ་གནས། ། ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། ། ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། ། འོད་དང་འོད་ཟེར་ཚུལ་དུ་གནས། ། དབྱིངས་དང་རིག་པའི་རབ་བརྒྱན་ཏེ། ། ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། ། ཞེས་པ་དང་། རྩལ་རྫོགས་ལས། ཀུན་གཞི་ཆོས་འབྱུང་ཆེན་པོའི་མཛོད། ། རིག་པའི་ཡེ་ཤེས་གོང་བུར་གནས། ། སྣང་བ་འཛིན་མེད་ཡུལ་གྱི་མཛོད། རིག་པའི་ཡེ་ཤེས་དབྱིངས་སུ་གནས། ། གསང་འདུས་རིན་ཆེན་ཟུར་བརྒྱུད་མཛོད། ། རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ། ། སྲོག་འདུས་རིན་ཆེན་ཟུང་བཞིའི་མཛོད། ། རིག་པའི་ཡེ་ཤེས་ཐིག་ལེར་གནས། ། དོན་འཁྱིལ་བྷནྡྷའི་ཞལ་ཡས་མཛོད། ། རིག་པའི་ཡེ་ཤེས་ཁྲོ་སྐུར་གནས། ། འགག་གཉིས་གསལ་བའི་སྒོ་གཉིས་མཛོད། ། དབྱིངས་དང་ལུ་གུ་རྒྱུད་དུ་གནས། ། སྟོང་པ་མཚན་བྲལ་ནམ་མཁའི་མཛོད། ། རིག་པའི་ཡེ་ཤེས་འོད་དུ་གནས། ། དེ་ནི་གསང་བའི་མཛོད་དུ་བསྟན། ། ཞེས་སོ། ། [2]རང་བཞིན་འོད་ཀྱི་ཐེག་ལེར་གནས་པ་ནི། འོད་ནི་མཐའ་ཡས་རྟ་རྔ་ཉི་ལྟར་གསལ། ། ནོར་བུ་འཕྲ་བཀོད་ལས། ཐིག་ལེའི་བཞུགས་ཚུལ་བསྟན་པ་འདི་ལྟ་སྟེ། ། རྩ་རྣམས་ནང་ན་ཐིག་ལེ་སྐུ་ལྟར་གནས། ། ཆེ་བའི་ཚད་ནི་ནམ་མཁའི་མཐའ་དང་མཉམ། ། ཆུང་བའི་ཚད་ནི་རྟ་རྔ་བཅུ་གཤགས་ཙམ། ། གསལ་བའི་ཚད་ནི་ཉི་ཟླའི་དཀྱིལ་འཁོར་འདྲ། ། དེ་ཡང་གསལ་འཚེར་གཟི་བརྗིད་ལྡན། ། འགྲོ་དང་འོང་དང་གནས་པའོ། ། ཞེས་སོ། ། [3]ཐུགས་རྗེ་སྒྲོན་མར་གནས་པ་ནི། ཐུགས་རྗེ་སྒྲོན་མ་བཞི་རུ་གནས། རང་ཤར་ལས། དེ་ཡང་སྒྲོན་མ་རྣམ་པར་བཞི། འགག་པ་མེད་པའི་ཚུལ་གྱིས་གནས། ། ཞེས་སོ། ། (3)མཚོན་དཔེ་ནི། བུམ་པའི་སྐུ་དང་མར་མེ་ཉི་ཟེར་འདྲ། ། ངོ་བོ་སྐུར་གནས་བུམ་པའི་སྐུ་ལྟ་བུ། རང་བཞིན་འོད་དུ་གནས་པ་བུམ་ནང་གི་མར་མེ་ལྟ་བུ། ཐུགས་རྗེ་འོད་ཟེར་དུ་གནས་པ་ཉི་མའི་འོད་ཟེར་ལྟ་བུ་སྟེ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། ། ངོ་བོ་ཀ་ནས་དག་པའི་ཆ། ། སྟོང་གསལ་འདུས་པ་སྐུ་ཡི་མདངས། ། ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། ། ལྷུན་གྲུབ་འོད་ཀྱི་གོང་བུར་གནས། ། ཐུགས་རྗེ་ཁ་དོག་སོ་སོར་གསལ། ། ཞེས་སོ། ། (4)ཐུན་མོང་གི་དབྱེ་བ། དེ་ལ་གསུམ་སྟེ། [1]ཡེ་ཤེས་ཀྱི་ངོ་བོ་འོད་གསལ་བའི་རིག་པ་བདེ་བར་གཤེགས་པའི་སྙིང་པོ་སྟེ། ཐལ་འགྱུར་ལས། ཡེ་ཤེས་རྟོག་པ་མ་ཡིན་ཏེ། ། ངོ་བོ་རང་གསལ་སྙིང་པོའི་དོན། ། ཞེས་སོ། ། [2]ངེས་ཚིག་ནི་ཡི་ནས་གནས་པའི་ཤེས་པ་དམ་པ་ཡིན་པས་ན་ཡེ་ཤེས་ཏེ། ། དེ་ཉིད་ལས། ངེས་ཚིག་ཡེ་ནས་གནས་པའི་དོན་། ད་ལྟ་ཤེས་པས་ཡེ་ཤེས་སོ། ། ཞེས་སོ། ། [3]དབྱེ་ན་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཡུལ་ལ་ཁྱབ་པ་འི་ཡེ་ཤེས་དང་།སུམ་སྟེ། དེ་ཉིད་ལས། དབྱེ་བ་དག་ནི་གསུམ་དུ་འདོད། ། ཅེས་སོ། ། (5)ཁྱད་པར་གྱི་གསང་ཆེན་ངེས་པའི་གནས། དེ་ལ་བརྒྱད་སྟེ། [1]ངོ་བོ། ཡེ་ཤེས་ཀྱི་ངོ་བོ་ནི་སྔར་བཤད་པའི་གཞི་བདེ་བར་གཤེགས་པའི་སྙིང་པོ་དེའི། ། [2]རྟེན། རྟེན་གཟུགས་ཀྱི་ཕུང་པོའོ། ། [3]གནས། གནས་ནི་ཙིཏྟ་རིན་པོ་ཆེའོ། ། [4]ཁང་། ཕོ་བྲང་ནི་འོད་ལྔ་ཀུན་འདུས་ཀྱི་གཞལ་མེད་ཁང་ངོ་། ། [5]ལམ། ལམ་ནི་རོ་རྐྱང་ཀུན་འདར་མ་ཤེལ་བུག་ཅན་བཞི་དང་ཁྱད་པར་དུ་ཡུལ་ལ་སྣང་བའི་ལམ་སྙིང་ནས་རྒྱང་ཞགས་སུ་འབྲེལ་བའི་རྩ་དར་དཀར་གྱི་སྣལ་མ་ལྟ་བུའོ། ། [6]སྣང་བ། སྣང་བ་ནི་སྒྲོན་མ་གཉིས་ཏེ་དབྱིངས་རྣམ་དག་གི་སྒྲོན་མའི་ངོ་བོ་ཡི་གེ་ན་རོ་ལྟ་བུ། སྣང་བ་མཐིང་ག་ནས་རྣམ་པར་མཆེད་པས་ནམ་མཁའ་གང་བའོ། ། ཐིག་ལེ་སྟོང་པའི་སྒྲོན་མའི་ངོ་བོ་རྨ་བྱའི་མདོངས་ལྟ་བུ་སྣང་བ་རང་གསལ་ཟླུམ་པོ་མུ་ཁྱུད་ལྔའི་ར་བ་དང་བཅས་པའོ། ། [4]ལས། བྱེད་ལས་ནི་འཁོར་བ་མྱང་འདས་སུ་སྒྲོལ་ཞིང་རིག་པ་སྐུར་སྨིན་པས་ཆོས་ཉིད་གདོད་མའི་ས་ཟིན་པར་བྱེད་པའོ། ། [8]འབྲས་བུ་ནི་དབྱིངས་དང་ཡེ་ཤེས་མེད་པ་མཐར་ཕྱིན་ཏེ་འབྲས་བུ་ཆོས་སྐུ་ཐོབ་པར་བྱེད་པའི། ། དེ་དག་ཀྱང་རང་ཤར་ལས། ཀྱེ་གྲོགས་པོ་དག་ཉོན་ཅིག ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དཔེས་མཚོན་པར་བྱའོ། ། དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི་རྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ། ། དཔེར་ན་ཁྲ་ཚང་ན་ཉལ་བ་ལྟ་བུའོ། ། གནས་ནི་སྙིང་ག་ན་གནས་ཏེ་དཔེར་ན་བུམ་པའི་སྐུ་ལྟ་བུའོ། ། ལམ་ནི་རྩ་བཞི་ནས་འབྱུང་སྟེ། དཔེར་ན་མིག་གི་ཕྲེང་བ་བརྒྱུས་པ་ལྟ་བུའོ། ། འཁྱིལ་ནི་དུང་ཁང་དཀར་པོའི་ནང་ན་འཁྱིལ་ཏེ། དཔེར་ན་བུམ་ནང་དུ་མར་མེ་བཏང་བ་ལྟ་བུའོ། ། སྒོ་ནི་མིག་ནས་འབྱུང་སྟེ་ཐིག་ལེ་སྟོང་པའི་སྒྲོན་མ་ནི་དཔེར་ན་རྨ་བྱའི་མདོངས་ལྟ་བུའོ། ། དབྱིངས་རིག་པའི་སྒྲོན་མ་ནི་དཔེར་ན་ཡི་གེ་ན་རོ་ལྟ་བུའོ། ། ཡུལ་ནི་ནམ་མཁའ་སྟོང་པ་ལྟ་བུའོ། ། དུས་ནི་བར་དོའི་སྟོང་པའོ། ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལྟ་བུའོ། ། འགྲོ་ས་ནི་རིན་པོ་ཆེའི་ལུས་ཏེ་དཔེར་ན་ཁ་བྲག་གི་ལམ་ལྟ་བུའོ། ། གྲོལ་ས་ནི་ཀ་དག་གི་སྣང་བ་སྟེ། དཔེར་ན་བུམ་པའི་སྐུ་ལྟ་བུའོ། ། ཞེས་སོ། ། (ཡེ་ཤེས་ལམ་གང་ལ་འཆར་བ་སོགས་ལོགས་སུ་བཀོད་པའི་ཚན་པ་སོ་སོར་གཟིགས) |
Tibetan Source | 《མདོ་རྒྱུད་མཛོད་ཚི་པ་》ཤ་235.7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |