5141

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་འཛིན་ཐོབ་པའི་ཆོས་ལྔ།
Tibetan Alternate
Tibetan Definition དེ་ཡང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་འཛིན་གྱི་མདོ་ལས་བྱུང་བ་ལྟར་ན་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། 1. འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པ་ཡིན་ཏེ། ཟད་མི་ཤེས་པ། ཟད་པ་དང་བྲལ་བ། མི་ཟད་པ། རྣམ་པར་མི་ཟད་པ། རྙོག་པ་མེད་པ། རྙོག་པ་ལས་ཡང་དག་པར་འདས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ། རྡུལ་མེད་པ། རྡུལ་དང་བྲལ་བ། རྡུལ་ལས་འདས་པ། རྡུལ་ཐམས་ཅད་དང་བྲལ་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པ་སྟེ། ཆོས་དང་པོ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་འཐོབ་བོ། ། 2.བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་བྱེད་ཐམས་ཅད་ལ་སྤྱོད་ཅིང་། བྱང་ཆུབ་ལ་རྟེན་པ་མ་གཏོགས་པར་སྐྱེ་བའི་གནས་ཐམས་ཅད་མི་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ལ་ལྟ་བར་འདོད་ཅིང་། མུ་སྟེགས་ཅན་གྱི་སྐྱེ་མཆེད་ཐམས་ཅད་དང་མུ་སྟེགས་ཅན་གྱི་སྔགས་ཐམས་ཅད་མི་རྟེན་པ་དང་། འདོད་པའི་ལོངས་སྤྱོད་མི་འདོད་པ་དང་། ཚངས་པར་སྤྱོད་པ་ལ་མངོན་པར་དགའ་སྟེ་འཁྲིག་པའི་ཆོས་སྤངས་ནས་དེ་རྟོག་པ་ཙམ་གྱིས་ཀྱང་འདོད་པ་ལ་མི་རྟེན་ན། དབང་པོ་གཉིས་སྤྲོད་པ་ལྟ་ཅི་སྨོས་ཏེ། ཆོས་གཉིས་པ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། 3.བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཚད་མེད་པ་རྣམས་བསྒོམས་ཤིང་། སེམས་ཤིན་ཏུ་ལེགས་པར་བསྡུས་ལ་གནོད་པ་མེད་པའི་སེམས་སུ་གྱུར་པ་དང། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་གྱུར་ཅིང་སེམས་ཅན་ཐམས་ཅད་ལ་བསྡུ་བའི་དངོས་པོ་བཞིས་སྡུད་པ་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་དང་བཞིའོ། ། ཆོས་གསུམ་པ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། 4.བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཆེན་པོ་དང་ལྡན་པར་གྱུར་པ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ལ་སྤྱོད་པ་ཡིན་ཏེ། དེ་དགེ་སློང་ངམ། དགེ་སློང་མ་ལྟུང་བ་བྱུང་བ་མི་གླེང་ཞིང་དང་དུ་ལེན་པའི་རང་བཞིན་ཅན་ཡིན་པས་བཟོད་པ་ཡིན། དེ་མཁན་པོ་དང་སློབ་དཔོན་ལ་གུས་པ་དང་བཅས། ཞེ་ས་དང་བཅས་ཤིང་སྟོན་པར་འདུ་ཤེས་པ་ཡིན། བདག་ཀྱང་བདག་ཏུ་སྨྲ་བ་མ་ཡིན། སེམས་ཅན་དུ་སྨྲ་བ་མ་ཡིན། གང་ཟག་ཏུ་སྨྲ་བ་མ་ཡིན། གསོ་བར་སྨྲ་བ་མ་ཡིན། སྐྱེས་བུར་སྨྲ་བ་མ་ཡིན། ཤེད་ལས་སྐྱེས་སུ་སྨྲ་བ་མ་ཡིན། ཤེད་བུར་སྨྲ་བ་མ་ཡིན་ཞིང་གཞན་དག་ཆོས་འདི་ལ་སྐུལ་བ་སྟེ། ཆོས་བཞི་པོ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། 5.བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པ་ཡིན། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པ། ངག་གི་སྤྱོད་པ་ཡོངས་སུ་དག་པ། ཡིད་ཀྱི་སྤྱོད་པ་ཡོངས་སུ་དག་པ། ལྟ་བ་ཡོངས་སུ་དག་པ། འཚོ་བ་ཡོངས་སུ་དག་ཅིང་མང་དུ་ཐོས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཐབས་ཅིག་ཏུ་དགོངས་པའི་ཚིག་ལ་མཁས་པ་ཡིན་ཏེ། ཆོས་ལྔ་པོ་འདི་དང་ལྡན་ན་བྱང་ཆུབ་སེམསས་དཔའ་སེམསས་དཔའ་ཆེན་པོ་དེ་ནི་ཏིང་ངེ་འཛིན་འདི་འཐོབ་བོ། ། ཁག་གཉིས་པ། 1.འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་བདག་པོ་བྱེད་པ་ཡིན་ཏེ། སེམས་ལ་བསྲི་བ་མེད་པ་དང་། འཇུངས་པ་མེད་པ། ལྷག་པར་གཏོང་བ། ལག་པ་བརྐྱང་བ། སྦྱིན་པ་འགེད་པར་དགའ་བ། རྣམ་པར་སྨིན་པ་ལ་རེ་བ་མེད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ། སེམས་ཅན་ལ་སྙིང་བརྩེ་བ། འགྱོད་པ་དང་བྲལ་བ། སྦྱིན་པ་བྱིན་ནས་འགྱོད་པར་མི་བྱེད་པ་ཡིན་ཏེ། ཆོས་དང་པོ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ཐ་ན་ཐོས་པ་ཙམ་ཡང་འཐོབ་བོ། ། 2.བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་བདག་པོ་བྱེད་པ་ཡིན་ཏེ། འདི་ལྟར་བླ་ན་མེད་པའི་ཆོས་སྦྱིན་པར་བྱེད་པ། ཤིན་ཏུ་ངེས་པར་གསུངས་པའི་ཚིག་དང་། ཡི་གེ་དང་། ཐོགས་པ་མེད་པའི་ཚིག་དང་། ཡི་གེ་དང་། འཆབ་པ་མེད་པའི་ངེས་པའི་ཚིག་དང་། ཟབ་མོ་དོན་དམ་པའི་ཚུལ་བསྟན་པ་དེ་བཞིན་གཤེགས་པས་གསུངས་པའི་བླ་ན་མེད་པའི་ཆོས་ཀྱི་སྦྱིན་པ་གཏོང་ཞིང་དེ་ལ་གནས་པར་གྱུར་པ། བཟོད་པ་ཕུན་སུམ་ཚོགས་པ་དང་། དེས་པ་ཕུན་སུམ་ཚོགས་པར་གྱུར་པ། དེ་གཞན་གྱིས་ཁ་བྱས་ཤིང་སྤྱིས་ཀྱང་མི་ཁྲོ། མི་གཤེ། གནོད་པར་མི་བྱེད། རྨོངས་པར་མི་བྱེད། ཡི་ཆད་པར་མི་འགྱུར་ཞིང་། ཁྲོ་བ་མང་བར་མི་འགྱུར་ཞིང་། འཇིགས་པ་མེད་པ་ཡིན་ཏེ། ཆོས་གཉིས་པ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འདི་འཐོབ་བོ། ། 3.བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ཐོས་ནས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། རྒྱས་པར་བྱེད་པར་བྱ་བའི་ཕྱིར་གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་བཤད་པར་བྱ། གླེགས་བམ་དུའང་བྲིས་ཏེ་བཅང་བར་བྱ་ཞིང་ཆོས་ལ་འཇུངས་པ་མེད་པར་བྱ་སྟེ། ཆོས་གསུམ་པ་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། 4.བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྲག་དོག་མེད་པ། གདུང་བ་མེད་པ། རྨུགས་པ་དང་གཉིད་དང་བྲལ་བ། སྒྲིབ་པ་དང་བྲལ་བ། བདག་ལ་མི་བསྟོད་པ་གཞན་ལ་མི་སྨོད་པ་ཡིན་ཏེ། ཆོས་བཞི་པ་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམསས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། 5.བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པ་དང་ལྡན་པ་དང་། དད་པ་མང་བ་ཡིན། དོན་པ་དང་། བར་མ་དང་། གཞོན་པ་རྣམས་ལ་གུས་པ་དང་བཅས། རྗེ་ས་དང་བཅས་པ་ཡིན། བྱས་པ་ཤེས་པ་དང་བྱས་པ་གཟོ་བ་ཡིན། དེ་བྱས་པ་ཅུང་ཟད་ལའང་དྲིན་དུ་གཟོ་ན། མང་པོ་ལྟ་ཅི་སྨོས། བདེན་པའི་ཚིག་ལ་གནས་ཤིང་གཞན་དུ་མི་སྨྲ་བ་ཡིན་ཏེ། ཆོས་དེ་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། །

Tibetan Source 《མདོ་ཐ་པ་》ཤ་71བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number