5359

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣལ་འབྱོར་ལྔ་ཡིས་ཉམས་སུ་བླངས་པ་ལྔ།
Tibetan Alternate
Tibetan Definition དེ་ཡང་། གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ།

1.ཉལ་བའི་རྣལ་འབྱོར་ནི། རྟོག་མེད་ཆོས་སྐུར་ཉལ་ལ་འཆི་རྟོག་སྦྱང་། ཅེས་པས། གཉིད་ལོག་ཁ་འདི་ལ་འཆི་བ་དང་ཆོས་མཐུན་པས་དུས་གནད་གལ་ཆེ་སྟེ། རྒྱུན་བཤགས་དང་སྡོམ་པ་བཟུང་བ་ལ་སོགས་པས་རྒྱུད་ཡོངས་སུ་དག་པར་བྱ། ཉོན་མོངས་དུག་གསུམ་གྱི་རྟོག་པ་བཅད། སྔ་ཕྱིའི་འབྲེལ་བཅད་དེ་སྣང་དམིགས་ཀྱི་ཆོས་ཐམས་ཅད། ཆོས་ཉིད་དེ་བཞིན་ཉིད་གཤིས་ཅིར་ཡང་མ་ཡིན་པའི་ངང་ལ་ཆམ་བཞག ། གཉིད་རྫོགས་རིམ་སྤྲོས་བྲལ་རྟོག་མེད་ཆོས་སྐུའི་ངང་དུ་ལོག་པས་འཆི་བ་ལམ་དུ་བྱེད་པ་ཡིན་ནོ། ། དེ་ཡང་སྣོད་བཅུད་གཙོ་འཁོར་ཐུགས་ཀའི་ས་བོན་ལ་བསྡུ། དེ་མི་དམིགས་པ་དེ་བཞིན་ཉིད་ཀྱི་ངང་ལ་ཉལ་བས་འཆི་རྟོག་ལམ་དུ་བསླང་བའོ། ། 2.ལྡང་བའི་རྣལ་འབྱོར་ནི། འགག་མེད་ལོངས་སྐུར་ལངས་ཏེ་སྐྱེ་རྟོག་སྦྱངས། ཞེས་པས། ལྡང་བ་སྐྱེ་བ་དང་ཆོས་མཐུན་པས་ཐོ་རངས་གཉིད་སད་མ་ཐག་རྫོགས་རིམ་སྟོང་པའི་ངང་ནས་རིག་པ་འགག་མེད་ལྷའི་སྐུ་རུ་ཀྲོང་བསམ། དེ་སྐྱེ་བ་སྦྱང་བ་ཡིན། དེ་ནས་ལས་རྒྱུ་འབྲས་ཀྱི་གནད་ཤེས་པར་བྱ་སྟེ། རང་ཡི་དམ་གང་བྱེད་ཀྱི་དགེ་སྦྱོར་གནད་དུ་བཏང་བས་བོགས་གཞན་བས་ཆེ་སྟེ། ཐོ་རངས་དུས་དེ་ན་ཟས་ཟོས་པ་དྭངས་སྙིགས་ཕྱེད་དེ་དྭངས་མ་རྩ་མིག་ཏུ་ཁྲེམས། སྙིགས་མ་ཐུར་དུ་སྐྱོལ། རྩ་སྦུགས་ཐམས་ཅད་སྟོང་སང་ངེ་ཡོད་པའི་དུས་དེར། ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་གང་ཡང་སྐྱེ་སླ་སྟེ། རྩ་དབུ་མ། རླུང་ཡེ་ཤེས། ཁམས་བདེ་ཆེན། སེམས་གཉིས་མེད་ཡེ་ཤེས་སུ་འཆར་བ་ཡིན་ནོ། ། སྨན་ལ་སོགས་པའང་དྲོ་གོང་ལ་བཏང་ཞིང་། རིམས་སྲུང་ལ་སོགས་པའང་དྲོ་གོང་ལ་བྱེད་དོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཐོ་རངས་ཁོ་ནར་སངས་རྒྱས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། ། 3.ཟ་བའི་རྣལ་འབྱོར་ནི། དབང་བཞིའི་བདུད་རྩིར་བརླབ་ལ་བཟའ་བཏུང་རོལ། ། ཅེས་པས། ཕྱི་ནང་གི་སྦྱིན་སྲེག་དོན་འདྲ་བས། དབང་བཞིའི་ཟས་ལ་ཟས་ཀྱི་རྣལ་འབྱོར་བཞི་ཡོད་དེ། བསྐྱེད་རིམ་ལམ་དུ་བྱེད་ན། ཟས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་བྱིས་བརླབས་ལ། ལྟོ་བར་དཀྱིལ་འཁོར་བསྐྱེད་དེ་ལྷ་ལ་ལྷ་ཐིམ་པའི་ཚུལ་དུ་རོལ། གཏུམ་མོ་ལམ་དུ་བྱེད་ན་ཟས་ཡེ་ཤེས་ཀྱི་མེ་རུ་བྱིན་གྱིས་བརླབས་ཏེ། མེ་ལ་མེ་བསྣོན་པའི་ཚུལ་དུ་རོལ། འོག་སྒོ་བདེ་ཆེན་ལམ་དུ་བྱེད་ན། ཟས་ཐབས་ཤེས་རབ་བདེ་བར་བྱིན་གྱིས་བརླབས་ལ། སྙོམས་འཇུག་གི་ཚུལ་དུ་རོལ། ། རྫོགས་རིམ་ལམ་དུ་བྱེད་ན། ཟས་སྣང་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བྱིན་གྱིས་བརླབས་ཏེ། ཆོས་ཉིད་ལ་ཆོས་ཉིད་དུ་རོལ། མདོར་ན་རང་ཉམས་སུ་གང་ལེན་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། དེ་དང་གཉིས་སུ་མེད་པར་ལོངས་སྤྱོད་པས་ཟས་ཅི་ཟོས་པ་ཏིང་ངེ་འཛིན་གྱི་རྒྱུར་འགྲོའོ། ། 4.རྒྱུན་གྱི་རྣལ་འབྱོར་ནི། སྣ་ཚོགས་ཐབས་ཀྱིས་བཟུང་ལ་ལམ་དུ་བཏང་། ཞེས་པས། ལམ་ཚུལ་བཞིན་བྱེད་པའི་རྣལ་འབྱོར་པ་ལ། ཐམས་ཅད་ནས་ཐམས་ཅད་དུ་ཉོན་མོངས་པ་རང་རྒྱུད་པ་སྤྱད་དུ་མེད་པས། སྐྱེས་ཚད་ཐབས་ཁྱད་པར་ཅན་གྱིས་གནད་ནས་བཟུང་ལ། ཡང་དག་པའི་ལམ་དུ་བཏང་ངོ་། ། དེ་ལ་ཉོན་མོངས་པ་ནི་དུག་ལྔ་ཡིན་ལ། དེ་ལམ་དུ་བཏང་ཚུལ་ནི་སེམས་འདོད་ཆགས་སུ་ལམ་སྐྱེས་ཙམ་ན་དེའི་ངོ་བོ་ལ་བལྟ་ཞིང་། ངང་ལ་བཞུག་པས་གཤིས་ཅི་ཡང་མ་ཡིན་པའི་སྟོང་པ་ལ། གདངས་འགག་པ་མེད་པ་འཆར་བས། བདེ་སྟོང་གཉིས་མེད་ཀྱི་ངོ་བོར་མངོན་དུ་གྱུར་པ་ནི་འདོད་ཆགས་རྡོ་རྗེའོ། ། དེའི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་སོ། ། ཞེ་སྡང་གི་ངོ་བོ་ལ་བལྟ་ཞིང་རང་ལ་བཞག་པས། གཤིས་སྟོང་། གདངས་གསལ། གསལ་སྟོང་གཉིས་མེད་ཀྱི་ངོ་བོར་མངོན་དུ་གྱུར་པ་ནི་ཞེ་སྡང་རྡོ་རྗེ་སྟེ། དེའི་ངོ་བོ་མེ་ལོང་ཡེ་ཤེས་སོ། ། གཏི་མུག་གི་ངོ་བོ་བལྟ་ཞིང་ངང་ལ་བཞག་པས། གཤིས་སྟོང་། གདངས་མི་རྟོག་པ་སྟེ། མི་རྟོག་སྟོང་པའི་ཡེ་ཤེས་སུ་གྱུར་པ་ནི་གཏི་མུག་རྡོ་རྗེའོ། ། དེའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་སོ། ། དེ་བཞིན་དུ་ང་རྒྱལ་བདེ་སྟོང་མཉམ་ཉིད་ཡེ་ཤེས། ཕྲག་དོག་གསལ་སྟོང་བྱ་གྲུབ་ཡེ་ཤེས། ཡང་མི་དགེ་བཅུ་ཡང་དུག་ལྟར་འདུས། དུག་ལྔ་ཡང་དུག་གསུམ་དུ་འདུས་ཏེ། འདོད་ཆགས། ཞེ་སྡང་། གཏི་མུག་གོ ། དེ་ཐབས་ཀྱིས་བཟུང་བས་ཉམས་སུ་མྱོང་། སྡེ་སྣོད་གསུམ་དུ་འགྲོ། དུག་གསུམ་རང་ག་མ་ལས་ལྡོག ། བསླབ་གསུམ་ཡིན་ནོ། ། འདོད་ཆགས་ཀྱི་ངོ་བོ་ལ་བལྟ་ཞིང་ངང་ལ་བཞག་པས་བདེ་བ་རུ་མྱོང་། འདུལ་བའི་སྡེ་སྣོད་དུ་འགྲོ། ། འདོད་ཆགས་རང་ག་མ་ལས་ལོག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། ། ཞེ་སྡང་གི་ངོ་བོ་ལས་བལྟས་ཤིང་ངང་ལ་བཞུག་པས་གསལ་བར་མྱོང་། མདོ་སྡེར་འགྲོ། ། ཞེ་སྡང་རང་ག་མ་ལས་ལྡོག་ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ནོ། གཏི་མུག་གི་ངོ་བོ་ལ་བལྟས་ཤིང་ངང་ལ་བཞུག་པས། མི་རྟོག་པར་མྱོང་། མངོན་པའི་སྡེ་སྣོད་དུ་འགྲོ། གཏི་མུག་རང་ག་མ་ལས་ལྡོག ། ཤེས་རབ་ཀྱི་བསླབ་པ་ཡིན་ནོ། ། ཉོན་མོངས་སྐྱེས་ཚད་ལ་དེ་བཞིན་གནད་ན་ས་བཟུང་ལ་ལམ་དུ་བཏང་ངོ་། ། 5.དུས་གནད་ཀྱི་རྣལ་འབྱོར་ནི། དྲོ་སྲོད་སྐྱེས་ཤར་འདའ་ཁ་བར་དོ་བལྟེམ། ཞེས་པས། དྲོ་གོང་སྲོད་ལ། ཉོན་མོངས་པ་དྲག་པོ་དང་རྣམ་རྟོག་རྩུབ་མོ་སྐྱེས་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཤར་བ། འཆི་བའི་དུས། བར་དོ་རྣམས་ལ་གནད་ནས་བཟུང་བ་གལ་ཆེ་སྟེ། དེ་ཡང་ཐོ་རངས་སྔ་དྲོའི་དུས་ན་ཟས་ཀྱི་དྭངས་སྙིགས་ཕྱེད་ཤེས་པ་དྲུང་འཐོན། ཁམས་དང་བློ་གསལ་བར་ཡོད་དེ། སྐྱོན་ཡོན་གཉིས་ཀའི་སྟོབས་ཆེ་བ། གནད་དུ་བཏང་བ་གལ་ཆེའོ། ། སྲོད་ལ་ཉལ་བའི་དུས་ན་ཐིག་ལེ་སྟོབས་ཞན། འཇིགས་སྐྲག་གི་སྣང་བ་མང་། ལྷ་འདྲེའི་ཆོ་འཕྲུལ་ཆེ། འཆི་བ་དང་ཆོས་མཐུན་ཏེ། སྐྱོན་ཡོན་གྱི་སྟོབས་ཆེ་བས། ཐབས་ཀྱིས་གཟུང་བ་གལ་ཆེའོ། ། ཉོན་མོངས་པ་དྲག་པོ་དང་། རྣམ་རྟོག་རྩུབ་མོ་སྐྱེས་པའི་དུས་སུ་ལམ་དུ་མཐོང་ན། ཆེར་སྲོག་གི་བར་ཆད་འོང་ཞིང་། བསླབ་པ་འཚལ། ཏིང་ངེ་འཛིན་གྱི་གེགས་བྱས་ནས་ཡང་དག་པའི་ལམ་འཆོར་བས་གནད་ནས་བཟུང་ལ་ལམ་དུ་བཏང་ངོ་། ། གཉིས་མེད་ཀྱི་ཡེ་ཤེས་སྐྱེས་ནས་ཤེས་པ་མི་རྟོག་པའི་ངོ་བོར་ཧྲིལ་སོང་བའི་དུས་ན། ཐབས་ཀྱི་གནད་ནས་བཟུང་ལ་ལམ་དུ་བཏང་ངོ་། ། དེ་གནད་དུ་སོང་བའི་ངང་ལ་སྐད་ཅིག་མ་ཡེངས་པར། གདན་དེའི་ཐོག་འཕྲུལ་འཁོར་དེའི་ཁོངས་སུ་ཡུན་རིང་དུ་བསྒོམ་པ་ཡིན། འདུན་པ་དང་སྨོན་ལམ་ལ་སོགས་ཐམས་ཅད་ཀྱི་རྟེན་འབྲེལ་དེའི་དུས་སུ་བསྒྲིགས་པ་ཡིན་ནོ། །

Tibetan Source 《རིན་ཆེན་གཏེར་མཛོད་ཨི་པ་》ཤ་55ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number