5386

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྤྱི་ལོའི་ལོ་རྩིས་བྱུང་འཕེལ་གྱི་ལོ་རྒྱུས་དང་འབྲེལ་བའི་རེའུ་མིག་ཁག་ལྔ།
Tibetan Alternate
Tibetan Definition 1.གནའ་བོའི་རོའོ་མའི་ལོ་རྩིས་བྱུང་ཚུལ། སྤྱི་ལོའམ་ཕྱི་ལོ་ཞེས་པའི་རྩིས་ལུགས་འདི་ནི་ཉིན་ཞག་མའི་ལོ་རྩིས་ཀྱི་རིགས་ཤིག་ཡིན་པ་དང་། དེང་སྐབས་འཛམ་གླིང་ཐོག་སྤྱི་མཐུན་དུ་བཀོལ་སྤྱོད་བྱེད་པའི་ལོ་རྩིས་ཤིག་ཏུ་ཆགས་ཡོད། འོ་ན་སྤྱི་ལོ་ཞེས་པའི་རྩི་སྟངས་དེ་གནའ་སྔ་མོའི་དུས་སུ་ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་བཟོ་དབྱིབས་འདི་ལྟ་བུ་ཞིག་ཡིན་ནམ་ཞེ་ན་མིན་ཏེ། དེ་ལ་འཕེལ་རིམ་ལོ་རྒྱུས་ཅུང་ཟད་ཡོད་དེ་ཆེ་ལོང་ཙམ་བརྗོད་ན་འདི་ལྟར། སྤྱི་ལོའི་རྩི་སྟངས་འདི་དང་ཐོག་རོའོ་མ་ཞེས་པའི་གནའ་དུས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་བྱུང་བ་རེད། སྤྱི་ལོའི་སྔོན་གྱི་དུས་རབས་བརྒྱད་པའི་དུས་སྐབས་སུ་ལོ་གཅིག་ལ་ཟླ་བ་བཅུ་དང་ཉིན་ཞག་སུམ་བརྒྱ་བཅུ་མེད་བཞི་མ་གཏོགས་མེད་པ་དང་དགུན་དུས་ཀྱི་ཉིན་ཞག་དྲུག་ཅུ་ཐམ་པ་ཟླ་བའི་ཁོངས་སུ་མི་བརྩི་བར་ལོ་མཇུག་གི་ངལ་གསོའི་དུས་ལ་བརྩི་བའི་ལོ་རྩིས་ཤིག་ཡོད་པར་གྲགས། རོའོ་མའི་ལོ་རྩིས་ལུགས་ཀྱི་ཟླ་བ་བཅུ་སོ་སོའི་མིང་དང་ཉིན་གྲངས་ནི་གཤམ་གསལ། །

2.ནོའུ་མའི་ལོ་རྩིས་བྱུང་ཚུལ། སྤྱི་ལོའི་སྔོན་གྱི་ལོ་713ལ་སླེབས་པའི་ཚེ་རོའོ་མའི་རྒྱལ་པོ་གཉིས་པ་ནོའུ་མ་ཞེས་པ་བྱུང་སྟེ་རྩི་ལུགས་དེའི་སྟེང་དུ་ཟླ་བ་གཉིས་བསྣན་ཏེ་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཀྱི་གྲངས་ཡོད་པར་བཅོས། དེ་ལ་ནོའུ་མའི་ལོ་རྩིས་ཟེར། འོན་ཀྱང་སྐབས་དེའི་མི་ཚོས་ཨང་ཀི་ཆ་གྲངས་ཅན་བཀྲ་མི་ཤིས་པར་བརྩི་བའི་རྣམ་རྟོག་གིས་ཟླ་བ་རེའི་ཉིན་གྲངས་ནི་ཕལ་ཆེ་བ་ཡ་གྲངས་ཡིན་པ་གཤམ་གསལ་རེའུ་མིག་ནང་བཀོད་པ་ལྟར་རོ།

དེ་ལྟར་བརྩིས་པས་ལོ་གཅིག་ལ་ཉིན་ཞག་355མ་གཏོགས་མེད། ཉི་ལྡོག་གི་ལོ་གཅིག་གི་རིང་ཚད་དེ་ཉིན་ཞག་365རྗེས་འབྲངས་བཅས་དང་བསྡུར་ན་ཉིན་ཞག་10ཙམ་གྱི་ཉུང་སྐྱོན་འབྱུང་བས། ཁོང་ཚོས་ལོ་བཞི་རེའི་ནང་དུ་Makkedoniusཞེས་པ་ཁ་སྣོན་གྱི་ཟླ་བ་གཉིས་བསྣོན་རྒྱུ་བྱས། དེའི་སྣོན་སྟངས་དང་ཟླ་བའི་ཉིན་ཞག་གི་གྲངས་ནི་ལོ་གཉིས་པའི་ལོ་མཇུག་ཏུ་ཉིན་22ཅན་གྱི་ཟླ་བ་ཞིག་ཁ་སྣོན་རྒྱག་པ་དང་། ལོ་བཞི་པའི་ལོ་མཇུག་ཏུ་ཉིན་ཞག་23ཅན་གྱི་ཟླ་བ་ཞིག་ཁ་སྣོན་རྒྱག་པའི་གཏན་འབེབས་བྱས། དེ་ལྟར་བརྩིས་པས་ནོའུ་མའི་ལོ་རྩིས་ལུགས་ལ་ལོ་བཞི་རེའི་ནང་ལོ་སོ་སོའི་རིང་ཚད་ནི་འདི་ལྟར། ལོ་དང་པོར། ཉིན་གྲངས་355 ལོ་གཉིས་པར། ཉིན་གྲངས་355+ཉིན་གྲངས་22(སྣོན་ཟླ་)=ཉིན་གྲངས་377 ལོ་གསུམ་པར། ཉིན་གྲངས་355 ལོ་བཞི་པར། ཉིན་གྲངས་355+ཉིན་གྲངས་23(སྣོན་ཟླ་)=ཉིན་གྲངས་378(355X4+23)÷4=366.25 དེས་ན་ལུགས་འདིའི་ལོ་གཅིག་གི་ཆ་སྙོམས་རིང་ཚད་དངོས་ནི་ཉིན་གྲངས་366.25ཡིན། ཉི་ལྡོག་གི་ལོ་གཅིག་གི་རིང་ཚད་དངོས་ཉིན་ཞག་365.2422དང་བསྡུར་ན་མང་སྐྱོན་ཡོད། དེ་ལྟར་བརྩིས་པས་ལོ་སུམ་ཅུ་ལྷག་ཙམ་སོང་ཚེ་དུས་ཚིགས་སོགས་ཟླ་བ་གཅིག་གིས་ཁྱད་ཞུགས་འགྲོ་བ་དང་། ལོ་མང་སོང་ཚེ་མང་སྐྱོན་ཆེ་རུ་གྱུར་ཏེ་དུས་ཚིགས་ལ་ནོར་འཁྲུལ་འབྱུང་ངེས་ཡིན། 3.འཇུ་ལེའི་ལོ་རྩིས། དེ་རྗེས་ཀྱི་དུས་རབས་ནང་རྩིས་མཁན་ཁ་ཤས་ཀྱིས་སྲིད་དབང་གི་དགོས་མཁོ་དང་བསྟུན་ནས་སྣོན་ཟླ་གང་བྱུང་གིས་བཏོན་པས་རྙོག་འཛིང་ཆེན་པོ་བྱུང་སྟེ་སྤྱི་ལོའི་སྔོན་གྱི་59ལོར་འཇུ་ལེ་ཁེ་ས་(Julius Caesarསྤྱི་ལོའི་སྔོན་གྱི་100─44 ) ཞེས་པའི་རྒྱལ་པོ་གསར་པ་ཞིག་གིས་སྲིད་དབང་བསྒྱུར་བའི་དུས་ཀྱི་ཚེ་དབྱར་དགུན་གོ་ལྡོག་པ་སོགས་དུས་ཚིགས་འཁྲུགས་པའི་གནས་ཚུལ་ཆེན་པོ་ལྷགས་ཡོད་པར་མངོན། དེར་བརྟེན་ཁོང་གིས་ཨེ་ཇིའི་གནམ་རིག་པ་སོ་སེ་ཇན་ནི་སི་(Sosigenes)སོགས་གདན་ཞུས་ཀྱིས་སྤྱི་ལོའི་སྔོན་གྱི་46ལོར་ལོ་རྩིས་སྒྱུར་བཅོས་དང་གཏན་འཁེལ་གསར་པ་བྱས་པའི་ནང་དོན་གཙོ་བོ་ནི་འདི་ལྟར། (1)ལོ་གཅིག་གི་ཆ་སྙོམས་ཀྱི་རིང་ཚད་དངོས་ནི་ཉིན་ཞག་365.25ཡིན་པར་གཏན་འཁེལ་བྱས། ལོ་བཞི་རིའི་ནང་དུ་བཤོལ་བའི་ལོ་གཅིག་རེ་བརྩི་བ་དང་། བཤོལ་བའི་ལོ་ལ་ཉིན་ཞག་366གི་ཚད་དང་རྒྱུན་ལྡན་གྱི་ལོ་ལ་ཉིན་ཞག་365ཡི་ཚད་བྱེད་རྒྱུ་གཏན་འཁེལ་བྱས། (2)Januariusཞེས་པའི་ཟླ་བ་དེ་ལོ་གཅིག་གི་ལོ་མགོ་སྟེ་ཟླ་བ་དང་པོར་བཞག སྒྱུར་བཅོས་མ་བྱས་གོང་གི་ཟླ་བ་དང་པོ་སྟེ་Martiusཞེས་པའི་ཟླ་བ་དེ་ཟླ་བ་གསུམ་པར་ཆགས། རྒྱུ་མཚན་དེས་སྤྱི་ལོའི་སྔོན་གྱི་ལོ་222ནས་བཟུང་རོའོ་མའི་སྲིད་འཛིན་དཔོན་ཆེན་གསར་པ་གདན་སར་འགོད་པའི་དུས་ཚོད་ནི་Martiusཟླ་བའི་ཚེས་15ཉིན་ཡིན་པར། སྤྱི་ལོའི་སྔོན་གྱི་153ལོ་ནས་བཟུང་Januariusཟླ་བའི་ཚེས་1ལ་བྱེད་པའི་སྲོལ་བྱུང་བ་ལོ་མགོ་དེ་ལྟར་བསྒྱུར་བས་ཟླ་བ་དང་པོའི་ཚེས་གཅིག་ཉིན་ལ་ཏག་ཏག་འཁེལ་ལོ། ། (3)ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པ་དང་། ཟླ་བ་གཉིས་པ་མ་གཏོགས་པའི་ཟླ་བ་བཞི་པ་དང་དྲུག་པ་སོགས་ཟླ་བ་ཆ་གྲངས་རྣམས་ཀྱི་ཉིན་གྲངས་ནི་ཉིན་ཞག་31དང་། ཟླ་བ་དང་པོ་དང་གསུམ་པ་སོགས་ཟླ་བ་ཡ་གྲངས་རྣམས་ཀྱི་ཉིན་གྲངས་ནི་ཉིན་ཞག་30ཟླ་བ་གཉིས་པའི་ཉིན་ཞག་གི་གྲངས་ནི་རྒྱུན་ལྡན་གྱི་ལོ་ལ་ཉིན་ཞག་29དང་བཤོལ་བའི་ལོ་ལ་ཉིན་ཞག་30རེ་བྱེད་རྒྱུའི་གཏན་འཁེལ་བྱས། སྒྱུར་བཅོས་དེ་ལྟར་བྱས་པའི་མཛད་རྗེས་དེ་དྲན་གསོ་བྱ་ཆེད་འཇུ་ལེ་ཡི་འཁྲུངས་ཟླ་སྟེ་ཟླ་བ་བདུན་པའི་མིང་Quintilisཞེས་པ་དེ་རྒྱལ་པོ་ཁོ་རང་གི་མིང་Juliusཞེས་པ་ཟླ་བའི་མིང་དུ་བསྒྱུར། (4)ལོ་རྩིས་གསར་པ་དེ་རོའོ་མའི་ལོ་709སྟེ་སྤྱི་ལོའི་སྔོན་གྱི་45ལོའི་ཟླ་བ་དང་པོའི་ཚེས་གཅིག་ནས་ལག་ལེན་བསྟར་རྒྱུ་བྱས། (5)དེ་ལྟར་བརྩིས་པས་སྒྱུར་བཅོས་བྱས་པའི་ཕྱི་ལོ་སྟེ་སྤྱི་ལོའི་སྔོན་གྱི་45ལོ་ནི་བཤོལ་བའི་ལོ་རུ་བྱས། སྒྱུར་བཅོས་མཛད་པའི་ལོ་སྟེ་སྤྱི་ལོའི་སྔོན་གྱི་46ལོ་ནི་རྙོག་འཛིང་ཆེན་པོའི་ལོ་ཞིག་ཏུ་ཆགས། རྒྱུ་མཚན་ནི་སྐབས་དེར་ལོ་ཐོའི་ཚེས་གྲངས་དང་ཉིན་ཞག་མའི་ལོའི་དཀྱིལ་འཁོར་བར་དུ་ཉིན་ཞག་90ཙམ་གྱི་ཁྱད་ཤོར་པས་དུས་ཚིགས་གོ་ལོག དེས་ན་སྤྱི་ཟླ་3ཚེས་23ཉིན་དཔྱིད་ཚུགས་ཀྱི་ཉིན་མོར་འཁེལ་བར་བྱས་ཏེ་ཚེས་གྲངས་དང་དུས་ཚིགས་མཐུན་པར་འབྱུང་བའི་ཆེད་དུ་ཐབས་ཤེས་བཏང་བ་ནི་འདི་ལྟར། ལོ་དེའི་ཉིན་ཞག་གྲངས་355དང་ལོ་མཇུག་གི་ཉིན་ཞུག་23ཅན་གྱི་ཟླ་སྣོན་དང་བསྡོམས་པས་ཉིན་ཞག་378ཀྱི་ཁར། ཟླ་བ་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ཀྱི་བར་དུ་ཟླ་བ་ལྷག་མ་གཉིས་བཅུག་སྟེ་ཟླ་བ་གཅིག་ལ་ཉིན་ཞག་33དང་ཟླ་བ་གཅིག་ལ་ཉིན་ཞག་34ཡོད་པ་བཟོས། དེ་ལྟར་བཟོས་པས་ལོ་དེར་ཉིན་ཞག་445ཡོད་པར་ཆགས་སོ། ། ལོ་དེ་ནི་ལོ་རྒྱུས་སྟེང་གི་རྙོག་འཛིང་ཅན་གྱི་ལོ་རུ་གྲགས་པ་དེ་ཡིན། དེ་ལྟར་སྒྱུར་བཅོས་བྱས་པའི་ལོ་རྩིས་ལུགས་དེ་ལ་འཇུ་ལེའི་ལོ་རྩིས་ཞེས་གྲགས་པ་དང་དེའང་ཉིན་ཞག་མའི་ལོ་རྩིས་ཁོ་ན་ཡིན། དེའི་ལུགས་ཀྱི་ཟླ་བ་སོ་སོའི་མིང་དང་ཉིན་ཞག་གི་གྲངས་ནི་གཤམ་གསལ་རེའུ་མིག་ལྟར་རོ། ། 4.མོ་གྷོ་ཨོ་སི་ཐིས་ལོ་རྩིས་བསྒྱུར་བཅོས་བྱས་པའི་ཚུལ། གོང་དུ་བཤད་པའི་འཇུ་ལེའི་ལོ་རྩིས་ནི་དེང་རབས་འཛམ་གླིང་སྟེང་སྤྱི་ཁྱབ་བཀོལ་སྤྱོད་བྱེད་བཞིན་པའི་སྤྱི་ལོའི་རྩིས་ཀྱི་ཐོག་མའི་དབྱིབས་གཟུགས་དེ་ཡིན། དེའི་ལུགས་ལ་ཟླ་བ་གཉིས་པ་མ་གཏོགས་ཟླ་བ་གཞན་རྣམས་ཟླ་གྲངས་ཡ་ཅན་ལ་འཁེལ་དུས་ཉིན་ཞག་31དང་། ཆ་གྲངས་ལ་འཁེལ་དུས་ཉིན་ཞག་30ཡིན་པ་སོགས་ཡིད་ལ་ངེས་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་མོད་ད་ལྟ་དེ་ལྟར་གནས་མེད་པའི་གནས་ཚུལ་གང་ལ་ཐུག་ཅེ་ན། དེ་ལ་ཡང་རྙོག་འཛིང་ཞིག་བྱུང་ཡོད་དེ། འཇུ་ལེ་ཡིས་ལོ་རྩིས་སྒྱུར་བཅོས་མཛད་ནས་ལོ་གཅིག་འགོར་རྗེས་ཁོ་རང་གཞན་གྱིས་བཀུམ། དེ་རྗེས་ཁོང་གིས་གཏན་འབེབས་བྱས་པའི་ལོ་རྩིས་ལུགས་ནི་མུ་མཐུད་ལག་ལེན་དུ་བསྟར་བ་ཡིན་མོད། འཇུ་ལེའི་ལོ་རྩིས་ལུགས་ཀྱི་ཉིན་བཤོལ་འདོན་ཚུལ་དངོས་ནི་ལོ་གསུམ་རེའི་རྗེས་ལ་ཉིན་བཤོལ་རེ་འདོན་པ་སྟེ་ལོ་བཞི་རེའི་ནང་དུ་ཉིན་བཤོལ་འདོན་པའི་གཏན་འཁེལ་བཟོས་ཡོད་པར། རྗེས་འཛིན་ལག་ལེན་བསྟར་མཁན་རྣམས་གྱིས་གོ་བ་ལེན་སྟངས་ནོར་ཏེ་ལོ་གསུམ་རེའི་ནང་དུ་ཉིན་བཤོལ་རེ་བཏོན། དེ་ལྟར་སྤྱི་ལོའི་སྔོན་གྱི་45ལོ་ནས་མགོ་བརྩམས་སྟེ་སྤྱི་ལོའི་སྔོན་གྱི་ལོ་9ལ་སླེབས་ཚེ་གཞི་ནས་ནོར་འཛོལ་ཡོད་པ་ཚོར་ཏེ་སླར་ཡང་སྒྱུར་བཅོས་བྱེད་དགོས་བྱུང་། དེའི་ལོ་རྒྱུས་ནི། འཇུ་ལེའི་ཞལ་ཆེམས་ནང་དུ་རྗེས་འཛིན་པ་ཨང་དང་པོ་ནི་ཁོང་གི་གཅེན་མོའི་བུ་ཨོ་ཏེ་ཁྲི་འབོད་པ་དེ་བཞག་ཡོད། ཁོང་གྲོངས་པའི་སྐབས་ཨོ་ཏེ་ཁྲི་ལོ་ཉི་ཤུ་ཟིན་མེད་པས་སྲིད་དབང་སྒྱུར་བའི་བྱ་གཞག་ལ་འགོག་རྐྱེན་ཆེན་པོ་འཕྲད་མོད་རིམ་གྱིས་སྟོབས་ཤུགས་ཆེན་པོར་ཆགས། ཁོང་ལྷག་པར་དུ་ཐབས་ལ་མཁས་ཤིང་བློ་རིག་དང་ལྡན་པས་སྤྱི་ལོའི་སྔོན་གྱི་30ལོར་སླེབས་དུས་རྒྱལ་ཁམས་ཡོངས་ལ་དབང་བསྒྱུར། སྤྱི་ལོའི་སྔོན་གྱི་27ལོ་ལ་ཨོ་གྷི་སི་ཐི་ཞེས་པའི་མཚན་གསོལ། ཨོ་གྷི་སི་ཐི་ཞེས་པ་ནི་ཆོས་ཀྱི་གོ་གནས་ཤིག་སྟེ་བླ་ན་མཐོ་བའམ་ཆེས་ཁྱད་དུ་འཕགས་པ་སོགས་ཀྱི་དོན་ཡིན་པར་བཤད། དུས་དེ་ནས་བཟུང་སྟེ་རྒྱལ་ཁབ་ཀྱི་སྲིད་དབང་མངའ་ཐང་ཆེས་ཆེར་རྒྱས་པར་གྱུར་ཏོ། གོང་དུ་བཤད་པ་བཞིན་རྗེས་འཛིན་རྣམས་ཀྱིས་གོ་བ་ལེན་སྟངས་ནོར་ནས་བརྩིས་པས་སྤྱི་ལོའི་སྔོན་གྱི་ལོ་9ལ་སླེབས་དུས་ཉིན་བཤོལ་ལྷག་མ་གསུམ་བཏོན། གཏན་འབེབས་ལྟར་བརྩིས་ན་སྤྱི་ལོའི་སྔོན་གྱི་ལོ་45ནས་སྤྱི་ལོའི་སྔོན་གྱི་ལོ་9བར་དུ་ཉིན་བཤོལ་འདོན་དགོས་པའི་ལོ་ནི་འདི་ལྟར་ཡིན། 45ལོ་དང་། 41ལོ། 37ལོ། 33ལོ། 29ལོ། 25ལོ། 21ལོ། 17ལོ། 13ལོ། 9ལོ་བཅས་ཁྱོན་བསྡོམས་ལོ་བཅུ་ནི་བཤོལ་བའི་ལོ་ཡིན། འོན་ཀྱང་ཁོང་ཚོས་ དངོས་སུ་ལག་བསྟར་བྱས་ཏེ་ཉིན་བཤོལ་བཏོན་པའི་བཤོལ་བའི་ལོ་ནི་འདི་ལྟར་45ལོ་དང་། 42ལོ། 39ལོ། 36ལོ། 33ལོ། 30ལོ། 27ལོ། 24ལོ། 21ལོ། 18ལོ། 15ལོ། 12ལོ། 9ལོ་བཅས་ཁྱོན་བསྡོམས་བཤོལ་བའི་ལོ་ནི་བཅུ་གསུམ་བྱུང་། དེ་ལྟར་ཞག་བཤོལ་ལྷག་མ་གསུམ་བཏོན་པའི་རྐྱེན་གྱིས་རྒྱལ་པོ་ཨོ་གྷི་སི་ཐིས་བཀའ་ཕབ་སྟེ་སྤྱི་ལོའི་སྔོན་གྱི་ལོ་8དང་1གཉིས། སྤྱི་ལོའི་རྗེས་ཀྱི་ལོ་4བཅས་ལོ་གསུམ་ནི་གཏན་འབེབས་ལྟར་ན་བཤོལ་བའི་ལོ་ཡིན་མོད་སྐྱོན་སེལ་བྱེད་ཆེད་བཤོལ་མེད་རྒྱུན་ལྡན་གྱི་ལོ་རུ་བསྒྱུར། དེ་རྗེས་མུ་མཐུད་ལོ་བཞི་རེའི་ནང་དུ་ཞག་བཤོལ་རེ་འདོན་རྒྱུ་བྱས། ཁོང་གིས་སྐྱོན་སེལ་དེ་ལྟར་བགྱིས་པའི་མཛད་རྗེས་དྲན་གསོ་བྱ་བའི་ཆེད་དུ། རྒྱལ་པོ་གོང་མ་འཇུ་ལེའི་བྱེད་སྟངས་ལྟར་རོའོ་མའི་རྒན་གྲོས་ཚོགས་པས་གྲོས་འཆམ་བཞུག་པ་ནི། ཟླ་བ་བརྒྱད་པ་སྟེ་ཨོ་གྷི་སི་ཐིས་རྒྱལ་ཁ་ཆེན་པོ་ཐོབ་པའི་ཟླ་བ་དེའི་མིང་དེ་Sextilisནས་Augusttusཨོ་གྷ་སི་ཐིར་བསྒྱུར། དེ་ལ་ཞག་གྲངས་30ལས་མེད་པས་ཟླ་བ་གཉིས་པ་ནས་གཞག་གཅིག་ཁ་སྣོན་རྒྱབ་སྟེ་ཉིན་ཞག་31ཡོད་པ་བཟོས། ཟླ་བ་གཉིས་པར་ཉིན་ཞག་28མ་གཏོགས་མེད་པ་ཆགས་(བཤོལ་བའི་ལོ་ལ་ཉིན་ཞག་29)དེ་ལྟར་བྱས་པས་ཟླ་བ་བདུན་པ་དང་བརྒྱད་པ་དགུ་པ་བཅས་ཟླ་བ་གསུམ་བསྟུད་མར་ཟླ་བ་ཆེ་བ་སྟེ་ཉིན་ཞག་31ཡིན་པས་མི་མཛེས་པའམ་སྟབས་མི་བདེ་བར་བསམ་སྟེ་ཟླ་བ་དགུ་པར་ཞག་གྲངས་30དང་། བཅུ་པར་31བཅུ་གཅིག་པར་30བཅུ་གཉིས་པར་31བཅས་སུ་བསྒྱུར་བ་ཡིན་ནོ། ། དེ་ལྟར་ཟླ་བའི་ཆ་གྲངས་ཡ་གྲངས་ཀྱི་གོ་རིམ་རྣམས་དཀྲུགས་པ་ལ་དགོས་མཁོ་མེད་པར་མ་ཟད་ཡིད་ལ་འཛིན་མི་བདེ་བ་སོགས་ཀྱི་སྐྱོན་ཡོད་མོད་རྒྱུན་འབྱམས་སུ་གྱུར་སྟེ་ལོ་ཉིས་སྟོང་ཕྱིན་རྗེས་ཀྱི་ད་ལྟའི་དུས་སུའང་དེ་ལྟར་བཀོལ་སྤྱོད་བྱེད་པའི་གནས་སུ་མཆིས་སོ། ། དེ་ལྟར་སྒྱུར་བཅོས་བྱས་རྗེས་ཀྱི་འཇུ་ལེའི་ལོ་རྩིས་ལུགས་ཀྱི་གནས་བབས་ནི་གཤམ་གསལ་རེའུ་མིག་ནང་དུ་བཀོད་པ་ལྟར་རོ། ། 5.ཀི་རུས་ཀོ་རིན་གྱིས་སྒྱུར་བཅོས་བྱས་པའི་ཚུལ། གོང་དུ་བརྗོད་པ་ལྟར་གྱི་འཇུ་ལེའི་ལོ་རྩིས་ལུགས་དེའི་ལོ་གཅིག་གི་ཚ་སྙོམས་རིང་ཚད་ནི་ཉིན་ཞག་365.25ཡིན། འོན་ཀྱང་ཉི་ལྡོག་གི་ལོ་གཅིག་གི་རིང་ཚད་དངོས་ནི་ཉིན་ཞག་365.2422ཡིན་པས་ལོ་རེར་ཉིན་ཞག་0.0078སྟེ་སྐར་མ་11དང་སྐར་ཆ་14ཙམ་གྱི་མང་སྐྱོན་འབྱུང་། མང་སྐྱོན་དེ་བསགས་ན་ལོ་128རེའི་ནང་ཉིན་ཞག་གཅིག་གིས་མང་སྐྱོན་འབྱུང་ཞིང་དཔྱིད་མཉམ་གྱི་ཉིན་མོ་དེ་ཉིན་ཞག་གཅིག་གིས་འཕྱི་འགྲོ། ལོ་བཞི་བརྒྱ་རེའི་ནང་ཉིན་ཞག་གསུམ་ཙམ་(0.0078= 3.12)གྱིས་མང་སྐྱོན་འབྱུང་བས་དེ་ཙམ་གྱིས་འཕྱི་འགྲོ་བ་ཡིན་ནོ། ། སྤྱི་ལོ་325ལོར་ཡོ་རོབ་གླིང་གི་ཡེ་ཤི་མ་ཤི་ཀའི་ཆོས་ལུགས་ཚོགས་ཆེན་དེ་ནི་སི་ཞེས་པའི་སའི་ཆར་འཚོགས་པ་དང་། སྐབས་དེར་འཇུ་ལེའི་རྩིས་ལུགས་དེ་ཐུན་མོང་དུ་བཀོལ་སྤྱོད་བྱ་རྒྱུར་གྲོས་མཐུན་བྱུང་བ་ནས་བཟུང་ཏེ་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་མཇུག་ལ་སླེབས་དུས་ལོ་ཆིག་སྟོང་ཉིས་བརྒྱ་ཙམ་སོང་ཟིན་པ་དང་། དུས་ཡུན་དེ་ཙམ་གྱི་རིང་ལ་སྐྱོན་སེལ་མ་བྱས་པས་སྐྱོན་ཕྲ་མོ་རིམ་གྱིས་བསགས་པས་ཉིན་ཞག་བཅུ་ཙམ་གྱིས་མང་སྐྱོན་བྱུང་བས་དཔྱིད་ཉིན་མཚན་མཉམ་པའི་ཉིན་མོ་དེ་ལོ་ཐོའི་ནང་བཀོད་པའི་དུས་ཚིགས་ལས་ཉིན་བཅུ་ཙམ་གྱི་སྔོན་ལ་བྱུང་བས་ཕྱི་རོལ་ཡུལ་གྱི་གནས་བབས་དང་མི་མཐུན་པ་བྱུང་། སྐབས་དེའི་རོའོ་མའི་ཆོས་གཙོ་ཀི་རུས་ཀོ་རིན་(Gregorian)སྐུ་ཕྲེང་བཅུ་གསུམ་པས་ལོ་རྩིས་སྒྱུར་བཅོས་ཀྱི་ཨུ་ཡོན་ལྷན་ཁང་ཆེད་བཙུགས་བྱས་ནས་སྒྱུར་བཅོས་ཀྱི་ཐབས་ལམ་འཆར་བཀོད་སྣ་ཚོགས་བཏོན་ནས་ཞིབ་དཔྱད་བྱས། མཐའ་མར་ཨི་ཏ་ལིའི་སྨན་པ་དང་ལས་ཞོར་གནུམ་རིག་མཁས་ཅན་ལི་ལི་ཨོ་ཡིས་སྤྱི་ལོ་1576ལོར་བཏོན་པའི་ལོ་བཞི་བརྒྱ་རེའི་ནང་བཤོལ་བའི་ལོ་གསུམ་ཉུང་དུ་གཏོང་བའི་འཆར་བཀོད་དེ་ལག་ལེན་བསྟར་རྒྱུ་གཏན་འཁེལ་བྱུང་སྟེ་སྤྱི་ལོ་1582ལོའི་ཟླ་3ཚེས་1ཉིན་ལོ་རྩིས་སྒྱུར་བཅོས་བྱེད་རྒྱུའི་བཀའ་ཕབ་ནས་བསྒྱུར་བཅོས་མཛད། དེ་ལྟར་སྒྱུར་བཅོས་བྱས་པའི་ལོ་རྩིས་ལུགས་ལ་ཀོ་རིན་ལོ་རྩིས་ཞེས་གྲགས་སོ། ། སྐབས་དེར་སྒྱུར་བཅོས་བྱས་པའི་ནང་དོན་མདོར་བསྡུས་ནི་འདི་ལྟར། (1)སྤྱི་ལོ་1582ལོའི་ཟླ་10ཚེས་4ཉིན་གྱི་ཉིན་རྗེས་མ་ནི་ཚེས་5མིན་པར་ཟླ་10ཚེས་15ཡིན་པར་བཅོས། དེ་ལྟར་བསྒྱུར་བས་སྤྱི་ལོ་325ལོ་ནས་སྤྱི་ལོ་1582བར་ཁྱོན་བསྡོམས་ལོ་1257ནང་བསགས་པའི་མང་ སྐྱོན་རྣམས་སྡེབས་གཅིག་ཏུ་སེལ་ཏེ་དཔྱིད་ཚུགས་ཀྱི་ཉིན་མོ་དེ་སླར་ཡང་ཟླ་3ཚེས་21ལ་འཁེལ་བར་བྱས་སོ། སྐབས་དེར་ཉིན་ཞག་བཅུ་མཆོངས་ཀྱང་རེས་གཟའ་རྒྱུན་ལྡན་ལྟར་དེད་པས་ཟླ་10ཚེས་4ཉིན་རེས་གཟའ་ཕུར་བུ་ཡིན་པ་དང་དེའི་ཕྱི་ཉིན་ཏེ་ཟླ་10ཚེས་15ཉིན་ནི་རེས་གཟའ་པ་སངས་ཡིན། དེའི་བར་གྱི་ཞག་བཅུ་ནི་ལོ་རྒྱུས་སྟེང་གཏན་ནས་མེད་པའི་ཚེས་གྲངས་འབའ་ཞིག་ཏུ་ཆགས་སོ། ། (2)དེ་རྗེས་མ་འོངས་པའི་དུས་རབས་ནང་མང་སྐྱོན་སེལ་ཐབས་གཏན་འཁེལ་བྱས་པ་ནི། སྔར་བཞིན་མུ་མཐུད་ལོ་བཞི་རེའི་ནང་ཞག་བཤོལ་རེ་འདོན་རྒྱུའི་རྨང་གཞིའི་ཐོག འཇུ་ལེ་ལུགས་དང་མི་མཐུན་པའི་ཆ་ནི་སྤྱི་ལོའི་གྲངས་དེ་ཨང་ཀི་100ཡིས་བགོས་ན་ལྷག་མེད་འཆར་བའི་ལོ་ལ་འཁེལ་དུས་སུ་ཨང་ཀི་400ཡིས་བགོས་ནའང་ལྷག་མེད་འཆར་ཚེ་གཞི་ནས་བཤོལ་བའི་ལོར་འཇོག་དགོས་པར་གཏན་འཁེལ་བྱས། དེ་ལྟར་བྱས་པས་སྤྱི་ལོའི་གྲངས་1600ལོ་དང་། 1700ལོ། 1800ལོ། 1900ལོ། 2000ལོ་སོགས་ནི་འཇུ་ལེའི་ལོ་རྩིས་ལུགས་སུ་བཤོལ་བའི་ལོ་ཤ་སྟག་ཡིན་མོད། ཀོ་རིན་ལོ་རྩིས་ལུགས་ལ་1600ལོ་དང་2000ལོ་གཉིས་མ་གཏོགས་བཤོལ་བའི་ལོར་མི་བརྩི། དེ་ལྟར་བརྩིས་པས་སྤྱི་ལོ་1600ལོ་ནས་སྤྱི་ལོ་2000ལོ་བར་གྱི་ལོ་བཞི་བརྒྱ་ལ་མཚོན་ན་འཇུ་ལེའི་ལུགས་ལྟར་བརྩིས་པས་རྒྱུན་ལྡན་གྱི་ལོ་300དང་བཤོལ་བའི་ལོ་100འབྱུང་མོད། ཀོ་རིན་ལུགས་བཞིན་བརྩིས་པས་རྒྱུན་ལྡན་གྱི་ལོ་303དང་བཤོལ་བའི་ལོ་97འབྱུང་བ་ཡིན། དོན་གྱིས་ལོ་བཞི་བརྒྱ་རེའི་ནང་གི་བཤོལ་བའི་ལོ་གསུམ་མེད་པར་བཟོས་པས་ཕྱི་མ་ནི་སྔ་མ་ལས་ཞིབ་ཆ་ཆེ་བ་ཡིན་ནོ། ། དེ་བཞིན་བརྩིས་པས་ཀོ་རིན་ལུགས་ཀྱི་ལོ་གཅིག་གི་ཆ་སྙོམས་རིང་ཚད་ནི་འདི་ལྟར། ། ཉིན་ཞག་(365x303)+(366x97)÷400=ཉིན་ཞག་365.2425དེ་ལྟར་བརྩིས་པས་ལོ་གཅིག་གི་རིང་ཚད་ནི་ཉིན་ཞག་365དང་ཆུ་ཚོད་5སྐར་མ་49སྐར་ཆ་12བཅས་ཡིན། ཉི་མ་ལྡོག་པའི་ལོ་གཅིག་གི་རིང་ཚད་དངོས་དང་བསྡུར་ན་ད་དུང་ཉིན་ཞག་0.0003སྟེ་སྐར་ཆ་26ཙམ་གྱི་མང་སྐྱོན་ཡོད་ཀྱང་། སྐྱོན་དེ་ཆེས་ཕྲ་བའི་རྐྱེན་གྱིས་ལོ་3300རེའི་ཡུན་ལ་གཞི་ནས་ཉིན་ཞག་གཅིག་གིས་མང་ཁྱད་འབྱུང་བས་སྔར་གྱི་འཇུ་ལེ་ལུགས་ཀྱི་ལོ་རྩིས་དང་བསྡུར་ན་ཆེས་ཞིབ་ཏུ་ཕྱིན་པ་ཡིན་ནོ། ། དེ་ལྟར་སྒྱུར་བཅོས་མང་པོ་མཛད་དེ་བྱུང་བའི་ཀོ་རིན་ལུགས་ཀྱི་ལོ་རྩིས་དེ་ནི་ད་ལྟ་འཛམ་གླིང་སྟེང་ཡོངས་སུ་གྲགས་པའི་ཕྱི་ལོའམ་སྤྱི་ལོ་ཟེར་བའི་ལུགས་འདི་ཉིད་རང་ཡིན་ནོ། ། རྩིས་ལུགས་དེ་ནི་ཕྱི་ཕྱོགས་རྒྱལ་ཁབ་སྟེ་དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཏུ་འབོད་པ་ལས་ཚུར་དར་འོང་བ་ཡིན་པས་རྩིས་ལུགས་དེ་ལ་ཕྱི་ལོ་ཞེས་གྲགས་པ་དང་། ཡང་ན་འཛམ་གླིང་སྤྱི་ཁྱབ་ཏུ་བེད་སྤྱོད་བྱེད་པའི་ལོ་རྩིས་ཤིག་ཏུ་ཆགས་པས་སྤྱི་ལོ་ཞེས་ཕར་བཏགས་པར་མངོན། འོན་ཀྱང་རྩིས་ལུགས་དེའི་མིང་དངོས་སམ་དབྱིན་ཇིའི་མིང་ངོ་མ་ནི་ཀོ་རིན་རྩིས་ལུགས་ཡིན་པ་ངེས་པར་དུ་མཁྱེན་དགོས་སོ། ། དེ་ལྟར་རོའོ་མའི་ཆོས་གཙོའི་བཀའ་བསྒྲགས་པ་བཞིན་རོའོ་མ་རྒྱལ་ཁབ་དང་། ཨི་ཏ་ལི། ཧྥ་རན་སི། སི་པན། པོ་ལན་རྒྱལ་ཁབ་བཅས་ཀྱིས་ལོ་དེ་གར་ཀོ་རིན་ལོ་རྩིས་སུ་གྲགས་པའི་རྩིས་ལུགས་གསར་པ་དེ་བེད་སྤྱོད་བཏང་བ་དང་། ཡོ་རབ་གླིང་གི་རྒྱལ་ཁབ་ཁག་ཅིག་གིས་ཀྱང་སྔ་ཕྱིར་ལག་བསྟར་མཛད། དབྱིན་ཇི་སོགས་ཆོས་ཀྱི་གྲུབ་མཐའ་མི་གཅིག་པའི་རྒྱལ་ཁབ་ཁག་ཅིག་གིས་དུས་ཕྱིས་བར་དུ་རྩིས་ལུགས་རྙིང་པ་འཇུ་ལེའི་ལོ་རྩིས་རང་སྤྱད་པ་རེད། དབྱིན་ཇི་ལ་མཚོན་ན་སྤྱི་ལོ་1752ལོར་སླེབ་དུས་གཞི་ནས་ཀོ་རིན་རྩིས་ལུགས་དེ་བེད་སྤྱོད་བྱེད་མགོ་བརྩམས་པ་རེད། སྐབས་དེ་དུས་ལུགས་གཉིས་ཀྱི་བར་ཉིན་ཞག་བཅུ་གཅིག་ཙམ་གྱི་ཁྱད་ཞུགས་ཡོད་པས་ལོ་དེའི་ཟླ་བ་དགུ་པའི་ཚེས་གསུམ་དེ་ཚེས་བཅུ་བཞི་རུ་བསྒྱུར་ནས་སྐྱོན་སེལ་བྱས་པ་ཡིན་ནོ། ། སུའུ་ལན་(དེང་གི་ར་ཞི་ཡ་)རྒྱལ་ཁབ་ལ་མཚོན་ན་1917ལོའི་ཟླ་བ་བཅུ་པའི་གསར་བརྗེའི་བར་དུ་རྩིས་ལུགས་རྙིང་པ་ཁོ་ན་བེད་སྤྱོད་བྱས། བཅུ་པའི་གསར་བརྗེའི་རྒྱལ་ཁ་ཐོབ་པའི་ཉིན་མོ་དེ་ལུགས་རྙིང་འཇུ་ལེའི་ལོ་རྩིས་ཀྱི་ཟླ་བ་10ཚེས་25ལ་འཁེལ་བ་དང་། ལུགས་གསར་ཀོ་རིན་ལོ་རྩིས་ཀྱི་ཟླ་བ་11ཚེས་7ཉིན་ལ་འཁེལ་འདུག་པས་དོན་གྱིས་ཟླ་བ་བཅུ་གཅིག་པའི་གསར་བརྗེ་ཐོབ་མོད་སྐབས་དེར་ད་དུང་རྩིས་ལུགས་རྙིང་པ་སྤྱོད་པའི་དུས་ཡིན་པས་ཡོངས་གྲགས་སུ་བཅུ་པའི་གསར་བརྗེ་ཟེར་བ་ཡིན། དེ་ནས་ཁོང་ཚོས་1918ལོ་ནས་བཟུང་ལུགས་གསར་ལྟར་བརྩི་མགོ་བརྩམས་པ་དང་དུས་དེར་སླེབ་དུས་ལུགས་གཉིས་ཀྱི་བར་ཉིན་གྲངས་བཅུ་གསུམ་ཙམ་གྱི་ཁྱད་ཞུགས་འདུག་པས་1918ལོའི་ཟླ་བ་2ཚེས་1དེ་ཚེས་བཅུ་བཞི་རུ་བསྒྱུར་བས་ཉིན་ཞག་བཅུ་གསུམ་གྱི་སྐྱོན་སེལ་སྡེབས་གཅིག་ལ་བྱས་པ་ཡིན། རྗེས་སོར་ལོ་རེ་བཞིན་བཅུ་པའི་གསར་བརྗེ་ལ་དྲན་གསོ་རྟེན་འབྲེལ་ཞུ་བའི་དུས་ཀྱང་ཟླ་བ་11ཚེས་7ཉིན་ལ་བྱེད་པ་ཡིན་ནོ། །

Tibetan Source 《རྩིས་རིག་ལ་འཇུག་པའི་སྒོ་》དེབ་གཟུགས་ཤ་196.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number