567

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚད་མ་རིག་པའི་བྱུང་བ་འཆད་པ་གཉིས།
Tibetan Alternate
Tibetan Definition 1.ཕྱི་པའི་ཚད་མ་ནི། ཕྱི་པའི་རྟོག་གེ་སྔ་ཡང་སྐྱོན་བཅས་ཉིད། ཕྱི་རོལ་པའི་སྟོན་པ་དྲང་སྲོང་གླིང་སྐྱེས་ཀྱིས་བྱས་པའི་རྟོག་གེའི་བསྟན་བཅོས་དང་། བྲམ་ཟེ་རྐང་མིག་གིས་བྱས་པའི་རྟོག་གེའི་ཚིག་དོན་བརྒྱད་སྟོན་པའི་བསྟན་བཅོས་ལྟ་བུ་མང་དུ་བྱུང་ཞིང་ནང་པའི་གཞུང་ལས་འབྱུང་བ་སྔ་ཡང་རྩོད་པ་ལྷུར་ལེན་པའི་བསྟན་བཅོས་ལྟར་སྣང་བ་སྐྱོན་དང་བཅས་པ་ཉིད་ཡིན་པས་འདིར་མི་གཟུང་ངོ་། ། དེས་ན་ཚད་མ་ལ་ཐུན་མོང་གི་རིག་པར་གྲགས་པའང་རྩོད་ངག་ཙམ་ལ་དགོངས་ཀྱི་དོན་གྱི་ཁས་ལེན་མི་མཚུངས་པས་ཁྱད་པར་ཆེའོ། །

2.ནང་པའི་ཚད་མ་ལ་གསུམ་སྟེ། (1)འཕགས་ཡུལ་དུ་བྱུང་ཚུལ་ནི། ནང་པའི་ཚད་གཞུང་ཐོག་མར་རྩོད་གྲུབ་སྟེ། ། རྒྱལ་བའི་གསུང་རབ་ལས་མངོན་སུམ་ཚད་མ་གསལ་བར་བསྟན་ཅིང་རྗེས་དཔག་ཚད་མའང་མ་བཀག་པ་དང་གཏན་ཚིགས་རྣམས་ཀྱིས་ཤུགས་ལས་ཤེས་པ་དང་། དགོངས་པ་ངེས་འགྲེལ་ལས། ཆོས་ཉིད་ལྟོས་དང་བྱ་བ་བྱེད། ། འཐད་པར་སྒྲུབ་པའི་རིགས་པ་བཞི། ། ཞེས་རིགས་པའི་རྣམ་གཞག་བཞི་གསུངས་ལ། སྔོན་ཚེ་ལོ་ཉི་ཁྲི་པར་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལའང་བྱུང་བར་བཤད། སྟོན་པ་འདིའི་བསྟན་པ་ལ་ནང་པའི་ཚད་གཞུང་རྣམས་ཀྱི་ཐོག་མ་ནི་རྩོད་པ་གྲུབ་པ་སྟེ། དེ་མཛད་པ་པོ་ཁ་ཅིག་གིས་སློབ་དཔོན་དབྱིག་གཉེན་གྱིས་མཛད་ཟེར་ཡང་། ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་དུ་དགག་པ་རྒྱ་ཆེར་མཛད་པས་གཅུང་དབྱིག་གཉེན་གྱིས་མ་མཛད་པར་གསལ་ཞིང་། བཙུན་པ་དབྱིག་བཤེས་སོགས་དབྱིག་གཉེན་དང་མཚན་གཅིག་པ་ཞིག་གིས་མཛད་པར་བོད་སྔ་མ་རྣམས་བཞེད་དོ། ། ཕྱོགས་ཀྱི་གླང་པོས་མངོན་སུམ་རྗེས་དཔག་གཉིས། ། གཞན་སེལ་དཔེ་དང་ལྟག་ཆོད་དྲུག་ལྡན་མདོ། ། ཀུན་ལས་བཏུས་མཛད། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་དམིགས་པ་བརྟག་པ་དང་། སེལ་བ་བརྟག་པ་སོགས་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད་པ་དེ་དག་ལུས་ཡོངས་སུ་མ་རྫོགས་པར་གཟིགས་ནས་ཕྱིས་ཕྱོགས་གཅིག་ཏུ་བསྡུས་ཏེ་མངོན་སུམ་རྗེས་དཔག་གཉིས། གཞན་སེལ་དང་། དཔེ་དང་། ལྟག་ཆོད་ཀྱི་རིག་པ་སྟོན་པ་ལེའུ་དྲུག་ལྡན་ཚད་མའི་མདོ་ཀུན་ལས་བཏུས་པ་ཞེས་བྱ་བ་མཛད་ཅིང་སློབ་དཔོན་དབང་ཕྱུག་སྡེ་སོགས་ཀྱིས་བཤད་དོ། ། དེ་ཡི་དགོངས་འགྲེལ་དུ། ཆོས་ཀྱི་གྲགས་པས་རྩ་བ་རྒྱས་འབྲིང་བསྡུས། ། ཡན་ལག་བཞི་བཅས་སྡེ་བདུན་ལམ་སྲོལ་ཕྱེས། ། གཞུང་དེའི་དགོངས་འགྲེལ་དུ་སྨྲ་བའི་ཉི་མ་ཆོས་ཀྱི་གྲགས་པས་རྩ་བ་ལུས་ལྟ་བུའི་བསྟན་བཅོས་རྒྱས་པ་རྣམ་འགྲེལ། འབྲིང་པོ་རྣམ་ངེས། བསྡུས་པ་རིགས་པའི་ཐིགས་པ་གསུམ། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་འབྲེལ་པ་བརྟག་པ། གཏན་ཚིག་ཐིགས་པ། རྩོད་པའི་རིག་པ། རྒྱུད་གཞན་གྲུབ་པ་བཞི་སྟེ་ཚད་མ་སྡེ་བདུན་དུ་གྲགས་པའི་ལམ་སྲོལ་ཆེན་པོ་ཕྱེས་སོ། ། ལྷ་ཤག་དུལ་རྒྱན་བདེ་བྱེད་སོགས་ཀྱིས་བཀྲལ། ། རྒྱལ་ཅན་ཡ་མ་ཉི་སྦས་རྒྱན་རྗེས་འབྲངས། ། སློབ་མའི་གཙོ་བོ་ལྷ་དབང་བློ་ལ་རྣམ་ངེས་ཀྱི་འགྲེལ་པ་བྱེད་པར་བཀས་གནང་བ་ན་ལེའུ་དང་པོ་རང་འགྲེལ་གྱི་གཤམ་མཐུད་ནས་དེས་ཀྱང་འགྲེལ་པ་མཛད། འདི་ལ་ལོ་རྒྱུས་རྙིང་པ་རྣམས་སུ་ལྷ་དབང་བློས་ལན་གཉིས་བརྩམས་པ་མེ་ཆུར་སྦྱངས། ལན་གསུམ་པ་ལ་དངོས་བསྟན་ཙམ་བྱུང་འདུག་གསུངས་ནས་བཞག་པར་བཤད། རང་འགྲེལ་དང་དེ་གཉིས་བསྡོམས་པ་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པར་གྲགས། དེའི་སློབ་མ་ཤཱཀྱ་བློས་སྟོང་ཕྲག་བཅུ་གཉིས་པ་ལ་འགྲེལ་པ་མཛད། སློབ་དཔོན་དུལ་བའི་ལྷས་སྡེ་བདུན་ཚང་བར་འགྲེལ་པ་མཛད་པར་གྲགས། རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་རྣམ་འགྲེལ་ལ་ཚད་མ་སྟོང་ཕྲག་ཕྱེད་དང་བཞི་པའི་འཕྲོ་མཐུད་ནས་ཚད་གྲུབ་ལེའུ་གསུམ་པ་འགྲེལ་བཤད་རྒྱས་པར་མཛད་དེ་དགོངས་དོན་དབུ་མར་བཀྲལ། ཚད་མ་སྟོང་ཕྲག་བཅོ་བརྒྱད་པར་གྲགས། གཞན་ཡང་བྲམ་ཟེ་བདེ་བྱེད་དགའ་བ་ལ་སོགས་ཀྱི་འགྲེལ་པ་མང་དུ་བྱུང་། སློབ་དཔོན་རྒྱལ་བ་ཅན་དང་། ཁ་ཆེ་ཛ་མཱ་རེའམ་རྟོག་གེ་པ་ཡ་མཱ་རིར་གྲགས་པ་དང་། ཉི་མ་སྦས་པ་རྣམས་ནི་རྒྱན་མཁན་པོའི་རྗེས་སུ་འབྲངས་ནས་རྒྱ་ཆེར་བཤད་པ་ཡིན་ནོ། ། རྣམ་ངེས་རིག་ཐིགས་རྒྱལ་རྔ་གསུམ་པས་བཀྲལ། ། ཞི་འཚོས་དེ་བསྡུས་ཀཱ་མ་ཤཱི་ལས་བཀྲོལ། ། ཞེས་སློབ་དཔོན་ཆོས་མཆོག་གིས་རྣམ་ངེས་ལ་འགྲེལ་པ་འཐད་ལྡན་ཆེན་མོ་ཞེས་སྟོང་ཕྲག་བཅུ་གཉིས་པ་དང་། རིག་ཐིགས་ལ་འགྲེལ་པ་སློབ་མ་ཕན་པ་མཛད། ཕྱི་རོལ་པའི་རྩོད་པ་བཟློག་ནས་རྒྱལ་རྔ་ལན་གསུམ་བརྡུངས་པས་རྒྱལ་རྔ་གསུམ་པར་གྲགས་པ་དེས་ཚད་མའི་གཞུང་ཕྲན་ཀྱང་མང་དུ་མཛད་ནས་ཆོས་ཀྱི་གྲགས་པའི་དགོངས་པ་བཀྲལ། རྒྱན་མཁན་པོ་དང་འདི་གཉིས་ཚད་མ་ལ་རྣམ་དཔྱོད་ཀྱི་རྩལ་ཤིན་ཏུ་ཆེ་བར་གྲགས། སློབ་དཔོན་ཞི་བ་འཚོས་གཞུང་སྔ་མ་རྣམས་ཀྱི་དོན་འདུས་པ་དེ་ཉིད་བསྡུས་པ་ཞེས་བྱ་བའི་གཞུང་མཛད། ཀ་མ་ལ་ཤཱི་ལས་དེའི་དོན་བཀྲོལ་བའི་ཊཱི་ཀ་ཚད་ཆེན་དུ་གྲགས་པ་མཛད་དོ། ། ཙནྡྲ་གོ་མིས་མཛད་སོགས་གཞུང་ཕྲན་མང་། ། ཞེས་དང་གཞན་ཡང་རིག་གྲུབ་སྔོན་མ་སོགས་ཙནྡྲ་གོ་མཱིས་མཛད་པ་དང་། ཐམས་ཅད་མཁྱེན་གྲུབ་དང་ཕྱི་རོལ་དོན་གྲུབ་སོགས་དགེ་སྲུང་གིས་མཛད་པ་དང་། གཏན་ཚིག་གི་དེ་ཉིད་བསྟན་པ་སོགས་ཚེ་ཏཱ་རིས་མཛད་པ་དང་། རིན་འབྱུང་ཞི་བ། ཤེར་འབྱུང་སྦས་པ། ཛྙཱ་ན་མི་ཏྲ་ལ་སོགས་པས་མཛད་པའི་གཞུང་ཕྲན་ཤིན་ཏུ་མང་བར་བྱུང་ཞིང་བོད་དུའང་འགའ་ཞིག་འགྱུར་རོ ། ། (2)བོད་དུ་བྱུང་ཚུལ་ནི། སྡེ་བདུན་ཕྱི་མ་འགའ་ཞིག་སྔ་འགྱུར་ལ། ། ཕྱི་དར་རྨ་རྔོག་ས་པཎ་རྣམས་ཀྱིས་བསྒྱུར། ། བོད་ཡུལ་དུ་སྡེ་བདུན་ཕྱི་མ་གཏན་ཚིག་ཐིགས་པ་འབྲེལ་བ་བརྟག་པ་རྩ་འགྲེལ་སོགས་འགའ་ཞིག་སྐ་བ་དཔལ་བརྩེགས་དང་དྲན་པ་ནམ་མཁའ་དག་གིས་བསྟན་པ་སྔ་དར་གྱི་དུས་སུ་འགྱུར་ལ། ཕྱི་དར་གྱི་སྐབས་སུ་ཚད་མ་ཀུན་བཏུས་སོགས་ཞ་མ་སེང་རྒྱལ་གྱིས་བསྒྱུར། རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་། ཚད་མ་སྟོང་ཕྲག་བཅུ་གཉིས་པ་སོགས་ཐོག་མར་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཁྱུང་པོ་གྲགས་སེ་སོགས་ཀྱིས་བཤད་དེ་ཚད་མ་རྙིང་པ་ཞེས་གྲགས་པ་ཅུང་ཟད་དར། རྔོག་ལོ་བློ་ལྡན་ཤེས་རབ་ཀྱིས་དེ་དག་འགྱུར་བཅོས་ཤིང་། རྣམ་ངེས། རིག་ཐིགས་སོགས་རྫོགས་པར་བསྒྱུར། རྒྱན་དང་ཆོས་མཆོག་ལུགས་གཙོར་བཏོན་ནས་ཚད་མ་གསར་མ་དང་། བརྒྱུད་འཛིན་ཕྱྭ་པ་ཆོས་ཀྱི་སེང་གེས་དབུ་མ་སོགས་ལ་བསྡུས་པ་ཆེ་ཆུང་གཉིས་རེ་མཛད། ཁྱད་པར་ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ་མཛད་ཅིང་འཆད་ཉན་གྱི་གྲྭ་བཙུགས་ནས་བསྡུས་པའི་སྲོལ་བཏོད་དེ། བསྡུས་པའི་དོན་ཀྱང་། ཇི་སྐད་དུ། རྒྱལ་བའི་བཀའ་དང་དེ་འགྲེལ་བསྟན་བཅོས་ཀྱི། ། དགོངས་དོན་མ་ལུས་ལེགས་པར་བསྡུས་པས་ན། བསྡུས་པ་ཞེས་སུ་མཁས་པས་མཚན་དུ་བཏགས། ། ཞེས་སོ། ། ཕྱིས་སུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་། ས་སྐྱར་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་རྣམ་འགྲེལ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ། གཞན་ཡང་ཚད་མའི་འགྱུར་བྱེད་ལོ་ཙཱ་བ་མང་དུ་བྱུང་ཡང་བཤད་སྲོལ་གྱི་སྒོ་ནས་ས་རྔོག་གཉིས་མཆོག་ཏུ་བཟུང་ངོ་། ། ཕྱི་མས་རིག་གཏེར་རྩ་འགྲེལ་བཅས་པ་མཛད། ། བཤད་པའི་བརྒྱུད་འཛིན་ཤར་ནུབ་གུང་གསུམ་ཞེས། ། སྤེལ་ལས་ཁང་གཉན་ཞང་དང་ཟུར་ཁང་རྒྱུན། ། ཁྱད་འཕགས་མང་དུ་བྱོན། ། ཞེས་པ་ནི། རྨ་རྔོག་ས་པཎ་གསུམ་དུ་བཤད་པའི་ཕྱི་མ་འཇམ་པའི་དབྱངས་ས་སྐྱ་པཎ་ཆེན་སྐྱེ་བ་ཉི་ཤུ་རྩ་ལྔར་པཎྜི་ཏ་བརྒྱུད་མར་བཞེས་པའི་སྟོབས་ཀྱིས་བསམ་གྱིས་མི་ཁྱབ་པའི་མཁྱེན་རབ་དང་ལྡན་ཅིང་མི་འཇིགས་སྤོབས་པའི་གཏེར་ཆེན་པོ་ཡང་གྲོལ། ལྷག་པར་ཚད་མ་ལ་མཆོག་ཏུ་མཁས་པ་ཆེན་པོར་གྲགས་པ་དེས་སྡེ་བདུན་མདོ་དང་བཅས་པའི་སྙིང་པོ་ཚད་མ་རིག་པའི་གཏེར་རྩ་བ་རང་འགྲེལ་དང་བཅས་པ་མཛད། སློབ་ཚོགས་རྒྱ་བོད་ཀུན་ཏུ་མཐའ་ཡས་པར་བྱུང་བའི་གཙོ་བོ་རྟོགས་པའི་བརྒྱུད་འཛིན་ཚོགས་གྲུབ་དབོན་གསུམ། མན་ངག་གི་བརྒྱུད་འཛིན་ལོ་དམར་རྣམ་གཉིས་སོགས་བྱུང་བ་ལས་འདིར་བཤད་པའི་བརྒྱུད་འཛིན་ཤར་པ་ཤེས་རབ་འབྱུང་གནས་དང་རྡོ་རྗེ་འོད་ཟེར་སྐུ་མཆེད། ། ནུབ་པ་འུ་ཡུག་པ་རིག་པའི་སེང་གེ གུང་པ་སྐྱོ་སྟོན་དྲི་མེད་གསུམ་གྱིས་རྒྱ་ཆེར་སྤེལ་བ་ལས་རིག་པའི་དབང་ཕྱུག་ཁྱད་པར་དུ་འཕགས་པ་མང་པོ་བྱོན་ཏེ་འུ་ཡུག་པའི་དབོན་པོ་ཉི་ཐེག་པ་སངས་རྒྱས་ཀུན་སྨོན་ལ་ཀ་ཆེན་ཁང་གཉན་ཞང་གསུམ་ཟུར་ཁང་པ་དང་བཞིར་གྲགས་ཏེ། ཁང་སྟོན་འོད་ཟུར་རྒྱལ་མཚན། གཉན་དར་མ་སེང་གེ། ཞང་མདོ་སྡེ་དཔལ། ཟུར་ཁང་པ་དཀར་ཤཱཀྱ་གྲགས་པ་རྣམས་ལས་ཕྱི་མ་ནི་མཆོག་ཏུ་གྱུར། ཡང་ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་གྱིས་ཀྱང་ཡིག་ཆ་ཅི་རིགས་མཛད། དེ་དག་དང་འུ་ཡུག་པས་འཆད་ཉན་ཡུན་རིང་མཛད་པའི་གསུང་གི་རྒྱུན་ལ། འཇམ་དབྱངས་ས་སྐྱ་པ། ཉ་ལོ་ཆེན་པོ། ཆོས་རྗེ་བླ་མ་དམ་པ། ཉ་དབོན་ཀུན་དགའ་དཔལ་རྣམས་ཀྱང་སྔ་ཕྱི་ཅི་རིགས་བྱུང་ཞིང་ཕྱི་མ་ནི་རིག་པ་འདི་ལ་ཁྱད་པར་དུ་མཁས་པས་ཚད་མ་ཉ་ལ་ཐུག་ཅེས་གཏམ་དུ་གྲགས། ཉ་དབོན་སློབ་མ་གཡག་མི་ཕམ་ཆོས་ཀྱི་བླ་མ། དེ་ནས་རིམ་བཞིན་རོང་སྟོན་ཤེས་བྱ་ཀུན་གཟིགས། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་བ། གོ་རམ་པ་བསོད་ནམས་སེང་གེ་སོགས་སྨྲ་བའི་དབང་པོ་དུ་མ་བྱོན་ཅིང་། རོང་སྟོན་སློབ་མ་རྗེ་དོན་ཡོད་དཔལ་བ་ལས་པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་མདོར་ན་སྨྲ་བའི་སེང་གེ་མུ་ཏིག་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་བྱོན་ནོ། ། ཡང་དཔལ་ལྡན་བླ་མ་དམ་པའི་སློབ་མ་ལོ་ཆེན་བྱང་རྩེ། དེ་ལས་ལོ་ཆེན་གྲགས་པ། དེ་ལས་བོ་དོང་ཀུན་མཁྱེན་འཇིགས་བྲལ་ཆེན་པོ་བྱོན་ཅིང་ཚད་མ་རིག་སྣང་བྱ་བའི་ལུགས་སྲོལ་ཟུར་དུ་དབྱེ། ཡང་ཞང་མདོ་སྡེ་དཔལ། མཁས་པ་ནོར་བཟང་དཔལ། གཉག་དབོན། རེད་མདའ་པ་གཞོན་ནུ་བློ་གྲོས། རྗེ་ཙོང་ཁ་པ། དེ་ལས་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བ་སོགས་བརྒྱུད་ད་ལྟའི་བར་འཆད་སྲོལ་མ་ཉམས་ཤིང་རིག་ལམ་སེང་གེའི་ང་རོ་སྒྲོག་བཞིན་པའོ། ། (3)ཞར་བྱུང་གྲུབ་མཐའ་གང་དང་མཚུངས་པར་བཤད་པ་ནི། རྔོག་ལོས་ངོ་བོ་ཉིད་མེད་ས་ལུགས་པས། ། རྣལ་འབྱོར་སྤྱོད་དང་གཞན་དག་གྲགས་སྡེ་པའི། ། དབུ་མར་བཀྲལ་ཏེ་བོད་ཀྱི་འགྲེལ་ཚུལ་གསུམ། ། ཞེས་ཚད་མའི་གཞུང་འདི་རྗེ་ཙོང་ཁ་པ་སོགས་ཀྱིས་ལྟ་བ་ངན་པ་སུན་ཕྱུང་སྟེ་བདེན་བཞིའི་རྣམ་གཞག་མ་འཁྲུལ་པར་སྟོན་པའི་བསྟན་བཅོས་སུ་བཞེད། ། མཁས་མཆོག་ངག་དབང་ཆོས་གྲགས་ཀྱིས་འདི་ལ་ནང་དོན་རིག་པ་ཚང་བའི་བསྟན་བཅོས་ཞེས་བྱ་དགོས་ཀྱི། བསྟན་བཅོས་ངོ་བོ་ནི་ཕྱི་རིག་པར་འཇོག་སྟེ་ཚད་མ་རིག་པའི་བསྟན་བཅོས་ཡིན་པའི་ཕྱིར་གསུངས། བརྗོད་བྱ་གཏན་ལ་ཕབ་པའི་དོན་ལ་དགོངས་ནས་རྔོག་ལོ་ཆེན་པོས་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ། ས་ལུགས་པ་རྣམས་ཀྱིས་རྣལ་འབྱོར་སྤྱོད་པའི་དབུ་མ། གཞན་དག་ཕལ་མོ་ཆེ་འཇིག་རྟེན་གྲོགས་སྡེ་སྤྱོད་པའི་དབུ་མར་བཀྲལ་ཏེ་བོད་ཀྱི་འགྲེལ་ཚུལ་གསུམ་མོ། ། ཡང་ཀུན་མཁྱེན་བསོད་ནམས་སེང་གེས། རིགས་པའི་གཙུག་རྒྱན་གཉིས་ཀྱི་གཞུང་ལུགས་ལ། ། སྡེ་བདུན་གོང་འོག་བསྡེབས་ནས་འཆད་པ་དང་། ། རྒྱ་འགྲེལ་ལེགས་ཆ་བཏུས་ནས་འཆད་པ་དང་། ། རང་གི་རྣམ་རྟོག་ཉིད་ཀྱིས་འཆད་པ་སྟེ། ། གངས་རིའི་ཁྲོད་འདིར་འཆད་ཚུལ་རྣམ་གསུམ་ལས། ། སྐྱེ་བ་དུ་མར་རིགས་ལམ་གོམས་བྱས་ནས། ། སྐྱོན་མེད་བརྒྱུད་པའི་མན་ངག་དང་ལྡན་ཅིང་། འཇམ་དབྱངས་ཐུགས་ཀྱི་མཁྱེན་པ་མངའ་བ་ཡི། ། ས་སྐྱ་པ་ནི་འཆད་ཚུལ་དང་པོ་བཞེད། ། ཅེས་གསུངས་པ་ལྟར། ས་པཎ་ནི་ཚད་མ་མདོ་དང་། ཆོས་གྲགས་ཀྱི་སྡེ་བདུན། ལེའུ་དང་པོའི་རང་འགྲེལ་རྣམས་ཀྱི་བརྗོད་བྱ་གཞུང་གོང་འོག་སྣ་ཚོགས་སུ་སིལ་བུར་ཡོད་པ་རྣམས་རིགས་མཐུན་ཕྱོགས་གཅིག་ཏུ་བསྡེབས་ནས་འཆད། བོད་སྟོན་གཞན་ཕལ་མོ་ཆེས་ལྷ་ཤཱཀ་རྒྱུན་མཆོག་རྣམས་ཀྱི་འགྲེལ་པའི་ལེགས་ཆ་བཏུས་ནས་འཆད། རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཉིས་ནི་རང་གི་རིག་པའི་སྒོས་འཆད་པ་སྟེ་འཆད་ཚུལ་གསུམ་དུ་བཞེད་དོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་562.7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number