6325

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མངོན་པར་ཤེས་པ་དྲུག
Tibetan Alternate
Tibetan Definition འདི་ལ་ཁག་གསུམ་ཡོད་པ་སྟེ།

ཁག་དང་པོ། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ། 1. བྱང་ཆུབ་སེམས་དཔའི་ལྷའི་མིག་ནི། དགེ་བའི་ཚོགས་ཐམས་ཅད་བསགས་པ། མ་ཉམས་པ། ཆགས་པ་མེད་པ། ཚད་མེད་པ། སྒྲིབ་པ་མེད་པ། གནས་པ་མེད་པ། རྨ་མེད་པ། འཁྲུལ་པ་མེད་པ། བསྟན་དུ་མེད་པ། ཁ་ན་མ་ཐོ་བ་མེད་པ། འཇིག་རྟེན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་བཅོམ་པ། ཕྱད་པར་མཐོང་བ། ཕྱད་པར་ལུང་སྟོན་པ་སྟེ། ལྷའི་མིག་དེས་སེམས་ཅན་རྣམས་མཐོང་སྟེ། འཆི་འཕོ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། ཐ་མ་དང་། མཆོག་དང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་དང་། རྒྱུ་དང་བཅས་པ་དང་། རྣམ་པར་སྨིན་པ་དང་བཅས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། ། དེའི་ལྷའི་མིག་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱེད་པ་སྟེ། དེར་ངེས་པ་ཡིན་ནོ། ། 2. བྱང་ཆུབ་སེམས་དཔའི་ལྷའི་རྣ་བ་ནི། ལྷའི་རྣ་བ་དེ་ལྷའི་རྣ་བ་སྒྲིབ་པ་མེད་པ། དགེ་བའི་ཚོགས་ཐམས་ཅད་བསགས་པ། བྱིས་པ་སོ་སོ་སྐྱེ་བོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ། ། ཆོད་པ་མེད་པ་དོད་གསལ་བས་སྒྲ་ཐམས་ཅད་ཐོས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྒྲ་དང་། ཐ་ན་སྦྲང་བུ་དང་། གྲོག་མ་དང་། ཤ་སྦྲང་དང་། འཕགས་པ་དང་འཕགས་པ་མ་ཡིན་པའི་སྒྲ་རྣམས་ཀྱང་ཐོས་ཏེ། ཐོས་ནས་ཀྱང་འཕགས་པ་མ་ཡིན་པའི་སྒྲ་རྣམས་ལ་ཁོང་ཁྲོ་བར་མི་བྱེད། འཕགས་པའི་སྒྲ་རྣམས་ལ་རྗེས་སུ་ཆགས་པར་ཡང་མི་བྱེད། སོ་སོའི་སྐྱེ་བོའི་སྒྲ་རྣམས་ལ་ཐ་མར་འདུ་ཤེས་པ་ཡང་མ་ཡིན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྒྲ་རྣམས་ལ་དམ་པར་འདུ་ཤེས་པའང་མ་ཡིན། འཕགས་པ་མ་ཡིན་པའི་ཚུལ་ལ་ཁོང་ཁྲོ་བར་ཡང་མི་བྱེད། འཕགས་པའི་ཚུལ་ལ་རྗེས་སུ་ཆགས་པར་ཡང་མི་བྱེད། སྒྲ་གང་ལའང་ཡོན་ཏན་དུ་འདུ་ཤེས་པའམ། ཉེས་པར་འདུ་ཤེས་པ་མ་ཡིན་ཏེ། གཞན་དུ་ན་ཐམས་ཅད་བྲག་ཅ་ལྟ་བུ་དང་། སྟོང་པ་དང་། གཡོ་བ་མེད་པ། བདག་དང་བདག་གི་མེད་ཅིང་དབེན་པར་རབ་ཏུ་ཤེས་ཀྱང་རྣ་བའི་སྐྱེ་མཆེད་འབད་པའང་མ་ཡིན། སྒྲའི་སྐྱེ་མཆེད་འབད་པའང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ལྷའི་རྣ་བ་ནི་འདི་ལྟ་བུ་ཡིན་ནོ། ། 3. བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པ་ནི། བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པ་ནི་རང་གི་སེམས་ཡོངས་སུ་ཤེས་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རབ་ཏུ་ཤེས་ཏེ། སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གི་འདོད་ཆགས་དང་བཅས་པའི་སེམས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས། འདོད་ཆགས་དང་བྲལ་བའི་སེམས་ཀྱང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་གང་འདོད་ཆགས་དང་བཅས་པའི་སེམས་དེ་ལ་ཁོང་ཁྲོ་བར་མི་བྱེད། གང་འདོད་ཆགས་དང་བྲལ་བའི་སེམས་དེ་ལ་རྗེས་སུ་ཆགས་པར་ཡང་མི་བྱེད་དེ། གཞན་དུ་ན་འདོད་ཆགས་དང་བཅས་པ་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དོ། འདོད་ཆགས་དང་བྲལ་བ་རྣམས་ལ་བྱམས་པ་ཆེན་པོ་རྙེད་དོ། ། དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང་། ཞེ་སྡང་མེད་པ་དང་། ། གཏི་མུག་དང་བཅས་པ་དང་། གཏི་མུག་མེད་པ་དང་། སྲེད་པ་དང་བཅས་པ་དང་། ། སྲེད་པ་མེད་པ་དང་། ལེན་པ་དང་བཅས་པ་དང་། ལེན་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དང་། ཚད་དང་ལྡན་པ་དང་། ཚད་དང་མི་ལྡན་པ་དང་། མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པ་དང་། རྣམ་པར་གྲོལ་བའི་སེམས་དང་། རྣམ་པར་མ་གྲོལ་བའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་སེམས་ཅན་སེམས་རྣམ་པར་མ་གྲོལ་བོ་རྣམས་ལ་ཁོང་ཁྲོ་བར་ཡང་མི་བྱེད། སེམས་རྣམ་པར་གྲོལ་བ་རྣམས་ལ་རྗེས་སུ་ཆགས་པར་ཡང་མི་བྱེད་དེ། གཞན་དུ་ན་སེམས་རྣམ་པར་གྲོལ་བ་རྣམས་ལ་བྱམས་པ་ཆེན་པོ་རྙེད་དོ། སེམས་རྣམ་པར་མ་གྲོལ་བ་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དོ། སེམས་ཐམས་ཅད་ཤེས་ཀྱང་སེམས་དེ་ལ་སེམས་དེས་སྙེམས་པའང་མེད། རློམ་སེམས་ཀྱང་མེད་དོ། ། དེ་ཕ་རོལ་གྱི་སེམས་ཤེས་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་རབ་ཏུ་ཤེས་སོ། ། སེམས་ཅན་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་དེས་སྐབས་མ་ཕྱེའི་བར་དུ་མི་ཤེས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལྷའི་ཡེ་ཤེས་ཀྱིས་ཀྱང་མི་ཤེས་ན་ཕལ་པ་གཞན་རྣམས་ཀྱིས་ཤེས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པའོ། ། 4. བྱང་ཆུབ་སེམས་དཔའི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ནི། བྱང་ཆུབ་སེམས་དཔའ་ནི་བདག་དང་། སེམས་ཅན་གཞན་རྣམས་ཀྱི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། དེ་སྐྱེ་བ་གཅིག་དང་། གཉིས་དང་། བརྒྱ་དང་། སྟོང་དང་། སྐྱེ་བ་བརྒྱ་ཕྲག་སྟོང་ནས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པ་རྗེས་སུ་དྲན་ནོ། ། འཇིག་པའི་བསྐལ་པའང་རྗེས་སུ་དྲན་ནོ། ། དེ་བཞིན་འཆགས་པའི་བསྐལ་པའང་རྗེས་སུ་དྲན་པ་ནས་བསྐལ་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པའི་བར་དུ་རྗེས་སུ་དྲན་ཏེ། དྲན་པ་དེ་ལ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་ཀུན་མྱོས་པར་འགྱུར་རོ། ། འདི་ལྟར་བདག་ཆེ་གེ་མོ་ཞིག་ཏུ་བདག་འདི་འདྲ་བར་གྱུར་ཏེ། རིགས་དང་། རུས་དང་། མདོག་དང་། མིང་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཚེའི་གནས་པ་ནི་འདི་སྲིད་ཅིག་ཐུབ། ཆུ་ཞེང་ནི་འདི་ལྟ་བུ། བདེ་བ་དང་། སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་སྟེ། བདག་དེ་ནས་ཤི་འཕོས་ནས་ག་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་ཏེ། རིགས་དང་། རུས་དང་། མདོག་དང་། མིང་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཚེ་ནི་འདི་ལྟ་བུ་ཞིག་ཏུ་ཐུབ། ཆུ་ཞེང་ནི་འདི་ལྟ་བུ། བདེ་བ་དང་། སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ངོ་ཞེས་རྗེས་སུ་དྲན་ཏེ། བདག་གི་ཇི་ལྟ་བ་སེམས་ཅན་ཐམས་ཅད་ཀྱིའང་དེ་བཞིན་ཏེ། ཐ་ན་སྦྲང་བུ་དང་། གྲོག་མ་རྣམས་ཀྱིའང་རྗེས་སུ་དྲན་ནོ། ། དེའི་དྲན་པ་དེ་ཆགས་པ་མེད་པ། རྒྱུན་མི་འཆད་པ། སྒྲིབ་པ་མེད་པ། ཐོགས་པ་མེད་པ། དུས་སུ་བསྐུལ་བ་མེད་པ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པ། ཟབ་པ། གཏིང་དཔག་དཀའ་བ་བག་ལ་ཉལ་མེད་པ། བག་ཆགས་ཀྱི་མཚམས་སྦྱོར་བ་རྣམ་པར་དག་པ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱིས་བརྒྱན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཞེས་བྱའོ། ། 5. བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་བྱ་བ་ཤེས་པ་ནི་བསོད་ནམས་དང་། ཡེ་ཤེས་ཐམས་ཅད་ཀྱིས་བརྟན་པ། སྒྲིབ་པ་མེད་པ། ལྷུན་གྱིས་གྲུབ་པ། རྣམ་པར་མ་བརྟགས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་སྦྱིན་པ་དང་། དུལ་བདང་། ། མི་འགྱུར་བ་དང་། ཡང་དག་པར་སྡོམ་པ་དང་། དེས་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་ཡོངས་སུ་སྦྱང་བ་བྱས་པ་བདག་དང་། སངས་རྒྱས་དང་། ལྷའི་དབང་དང་ལྡན་པ་སྟེ། དེ་རྫུ་འཕྲུལ་མངོན་དུ་གྱུར་པ། མངོན་པར་འདུ་བྱ་བ་མེད་པ། སྒྲིབ་པ་མེད་པ། འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། ཇི་ལྟར་འདོད་པ་དེ་ལྟར་བྱིན་གྱིས་རློབ་བོ། ། ཇི་ལྟར་འདོད་པ་དེ་ལྟར་དེ་བཞིན་དུ་ཡུལ་རྣམས་སྟོན་ཏོ། ། བྱང་ཆུབ་སེམས་དཔའ་དེའི་རྫུ་འཕྲུལ་གྱི་དབང་ནི་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་སྟེ། དེ་གལ་ཏེ་སེམས་ཅན་གཅིག་གཅིག་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱིས་འདུལ་བར་གྱུར་ན། སེམས་ཅན་གཅིག་པོ་དེའི་མདུན་དུ་སེམས་ཅན་ཐམས་ཅད་ཀྱི་གཟུགས་སྣོད་ཇི་ལྟ་བ་བཞིན་དུ་སྟོན་ཏེ། སྤྲུལ་པ་དེ་དག་ཐམས་ཅད་ཀྱང་བྱེད་པ་དང་། ཁ་ཟས་དང་། སྨྲ་བ་དང་། སྤྱོད་པ་ཐ་དད་དུ་འཇུག་གོ དེ་འདོད་ན་སེམས་ཅན་ཐམས་ཅད་ཀྱི་གཟུགས་སངས་རྒྱས་ཀྱི་གཟུགས་སུ་མོས་ནའང་སེམས་ཅན་ཐམས་ཅད་ཀྱི་གཟུགས་སངས་རྒྱས་ཀྱི་གཟུགས་སུ་འགྱུར་རོ། ། སངས་རྒྱས་ཀྱི་གཟུགས་སེམས་ཅན་གྱི་གཟུགས་སུ་མོས་ནའང་སངས་རྒྱས་ཀྱི་གཟུགས་སེམས་ཅན་ཐམས་ཅད་ཀྱི་གཟུགས་སུ་འགྱུར་རོ། ། འཇིག་པའི་བསྐལ་པ་འཆགས་པའི་བསྐལ་པར་མོས་ནའང་འཇིག་པའི་བསྐལ་པ་འཆགས་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཆགས་པའི་བསྐལ་པར་ཤེས་སོ། ། འཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་མོས་ནའང་འཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཇིག་པའི་བསྐལ་པར་ཤེས་སོ། ། འཇིག་པ་དང་། འཆགས་པའང་གཞན་དུ་གྱུར་པ་མ་ཡིན་ཏེ། མོས་པ་དེ་ལྟར་ཡང་འགྱུར་རོ། ། དེ་བཞིན་དུ་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་མོས་ནའང་དེ་ན་སེམས་ཅན་དེ་དག་གིས་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་ཤེས་སོ། ། སྔ་དྲོ་བསྐལ་པ་ཙམ་དུ་མོས་ནའང་དེ་དེ་བཞིན་དུ་འགྱུར་ཏེ། དེ་ན་སེམས་ཅན་དེ་དག་གིས་དེ་བཞིན་དུ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པ་ལས་བྱུང་བའི་རྫུ་འཕྲུལ་བྱའོ། ། དེ་ལ་མངོན་དུ་གྱུར་པའི་རྫུ་འཕྲུལ་ནི་གང་བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་དབང་དང་། ལྷུན་གྱིས་གྲུབ་པས་བསྒྲིམ་པ་མེད་པར་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་འགྱུར་ཞིང་འགྲུབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་མངོན་དུ་གྱུར་པའི་རྫུ་འཕྲུལ་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པ་མེད་པ་ལས་བྱུང་བའི་རྫུ་འཕྲུལ་ནི་གང་བྱང་ཆུབ་སེམས་དཔའ་མི་སེམས་མི་འཇུག་ཅིང་ལྷུན་གྱིས་གྲུབ་པས་སེམས་ཅན་དེ་དག་གི་མོས་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་གཟུགས་དང་། སྤྱོད་ལམ་ཐ་དད་པར་མཐོང་ཞིང་ཤིས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པ་མེད་པ་ལས་བྱུང་བའི་རྫུ་འཕྲུལ་བྱའོ། ། དེ་འཇིག་རྟེན་གྱི་ཁམས་ཇི་སྙེད་ན་སེམས་ཅན་རྣམས་སངས་རྒྱུས་འབྱུང་བས་འདུལ་བའི་འཇིག་རྟེན་གྱི་ཁམས་དེ་སྙེད་དུ་སངས་རྒྱས་འབྱུང་བ་སྟོན་སྟེ། དགའ་ལྡན་གྱི་གནས་ནས་འཆི་འཕོ་བ་དང་། མངལ་དུ་འཇུག་པ་དང་། བཙས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། བྱང་ཆུབ་རྣམ་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་རྣམས་ཀྱིས་སེམས་ཅན་དག་ཡོངས་སུ་སྨིན་པར་བྱེད་དོ། ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་ཡུལ་ཚད་མེད་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་བྱ་བ་ཤེས་པ་ཞེས་བྱ་བའོ། ། 6. བྱང་ཆུབ་སེམས་དཔའི་ཟག་པ་ཟད་པ་ཤེས་པ་ནི། འདི་དག་ནི་ཟག་པ་བཞི་སྟེ། (1)འདོད་པའི་ཟག་པ། (2)སྲིད་པའི་ཟག་པ། (3)མ་རིག་པའི་ཟག་པ། (4)ལྟ་བའི་ཟག་པ་དང་བཞིའོ། ། བྱང་ཆུབ་སེམས་དཔའ་ནི་ཟག་པ་དེ་དག་ཡོངས་སུ་སྤངས་པ་ཡིན། མ་འོངས་པ་ན་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་ཞིང་ཕྱིར་མི་སྐྱེ་མི་འགག་སྟེ། འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཐམས་ཅད་དུ་སྐྱེ་བའང་སྟོན་པ་འདི་ནི་བྱང་ཆུབ་པའི་ལམ་ལྷུན་གྱིས་གྲུབ་པས་རྒྱུན་མི་འཆད་པར་འཇུག་པ་ཞེས་བྱ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་གོ།

Tibetan Source 《མདོ་ཛ་པ་》ཤ་37བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number