668

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རིག་འཛིན་བརྡ་བརྒྱུད་ཀྱི་ལུགས་གཉིས།
Tibetan Alternate
Tibetan Definition 1.ཨ་ཏིའི་ལུགས་ནི། དུས་དྲུག་ཚེ་ན་རྩོལ་མེད་ཐེག་པ་ནི། ། སེམས་ལྷག་ཅན་ལ་རྡོར་སེམས་དབང་བསྐུར་སྩལ། ། ལྷ་ཡི་གནས་དར་དེ་ཉིད་མི་ཡུལ་དུ། ། སྤྲུལ་པའི་སྐུར་བཞེངས་དགའ་རབ་རྡོ་རྗེ་ཡིས། ། དབང་རྒྱུད་མཛོད་ཐོབ་བསྟན་པའི་བདག་པོར་གྱུར། ། ཞེས་རྫོགས་པ་ཆེན་པོའི་བསྟན་པའི་དུས་དྲུག་སྟེ།

(1)ཉོན་མོངས་རྒྱུད་དྲག (2)ནུས་མཐུ་ཞན། (3)ལས་ཀྱིས་ཚེ་ཐུང་། (4)བཀའི་དོན་སྟོར། (5)བསྟན་པའི་སྙིང་པོ་གྲུབ་མཐའ་ངན་པས་བསྒྱུར་བ། (6)གཉེན་པོས་མི་ནོན་སྒྲུབ་ཚུགས་ཞན་པ་དང་དྲུག། དེ་ཚེ་རིག་པའི་རྣམ་རྟོག་ཤར། །ཞེས་གསང་ཆེན་གྱི་བསྟན་པ་འབྱུང་བའི་དུས་དྲུག་ལ་བབ་ཚེ་ཤན་འབྱེད། ལ་བཟླ། རང་གྲོལ། མངོན་སུམ་དུ་སྟོན་པ་རྩོལ་མེད་ཨ་ཏིའི་ཐེག་པ་འབྱུང་བའི་དུས་ལ་བབས་པས། སུམ་ཅུ་རྩ་གསུམ་གྱི་ལྷ་དེ་་བ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་ལ་རྨིས་ལྟས་ཁྱད་པར་ཅན་བཞི་བྱུང་བ་དང་མཐུན་པར་རྡོ་རྗེ་སེམས་དཔས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ཞིང་མན་ངག་བྱིན་པས་ལྷའི་གནས་སུ་དར། དེ་ནས་མི་ཡུལ་དུ་དར་ཚུལ་ནི། རྒྱུ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་སྲས་མོ་པྲ་ཧ་ར་ཎི་མཚོ་འགྲམ་དུ་ཁྲུས་ལ་ཞུགས་ཚེ་གསང་བདག་སྤྲུལ་པའི་ངང་པ་ཞིག་གིས་སེམས་ལྷག་ཅན་ཡི་གེ་ཧཱུྃ་དུ་བསྡུས་ཏེ་ཞལ་དུ་མིད་ནས་སྲས་མོའི་ཐུགས་ཀར་མཆུ་ལན་གསུམ་གཏུགས་ནས་ཧཱུྃ་འོད་འབར་བ་ཞིག་ཐུགས་ཀར་བསྟིམས་པས། ཟླ་དུས་རྫོགས་པ་ན་སྲས་མོའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་རྩེ་དགུ་འོད་འབར་བ་ཞིག་བྱུང་སྟེ་འོད་དུ་ཞུ་བ་ལས་སྲས་ཁྱེའུ་མཚན་དཔེ་དང་ཕྱག་རྒྱས་སྤྲས་པ་རྡོར་སེམས་ནམ་མཁའ་ཆེའི་རྒྱུད་ཞལ་འདོན་མཛད་བཞིན་དུ་བྱོན་པ་དེ་ནི་མི་ལས་འདས་པའི་སྐྱེས་མཆོག་སྤྲུལ་སྐུ་དགའ་རབ་རྡོ་རྗེ་སྟེ། སླར་ཡང་རྡོར་སེམས་མངོན་དུ་བྱོན་ནས་དབང་བསྐུར་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་མཛོད་རང་དབང་དུ་ཐོབ་སྟེ་བསྟན་པའི་བདག་པོར་གྱུར་ཏེ། འོད་དུ་ཐིམ་ཚེ་འཇམ་དཔལ་བཤེས་གཉེན་སོགས། རྒྱལ་ཚབ་རྣམས་ལ་འདས་རྗེས་རིམ་པར་བབས། མཐར་གདོད་མའི་ཟད་སར་འོད་ཕུང་དུ་ཐིམ་པའི་ཚེ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ་འདས་རྗེས་བསྩལ་ཞིང་། སོགས་ཁོངས་ནས། ཤྲཱི་སིང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་སྟེ་རིམ་པར་སོ་སོའི་རྒྱལ་ཚབ་ཏུ་དབང་བསྐུར་བའི་འདས་རྗེས་རིམ་པར་བབས། སློབ་དཔོན་ཆེན་པོ་པདྨ་ཀ་རས་ཀྱང་དངོས་སུ་ཤྲཱི་སིང་ཧ་བླ་མར་བརྟེན་ཅིང་། དགའ་རབ་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་དང་ཡང་མཇལ་ནས་གདོས་བཅས་འོད་ཕུང་དུ་གྲོལ་བའི་ཚུལ་བསྟན་ནས་འཕོ་བ་ཆེན་པོ་རྡོ་རྗེའི་སྐུས་འཁོར་བ་ཇི་སྲིད་དུ་འགྲོ་བའི་དོན་མཛད་ཅིང་ད་ལྟ་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོར་དངོས་སུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡིན་ནོ། ། 2.ཡོ་ག་ཕྱི་མ་གཉིས་ཀྱི་ལུགས་ལ་གཉིས་ཏེ། (1)རིག་འཛིན་མི་མ་ཡིན་པ་ལས་བརྒྱུད་པ་ནི། རིགས་གསུམ་མཁྱེན་བརྩེ་ནུས་པའི་མངའ་བདག་གིས། ། ལྟ་བ་སྒྲུབ་པ་སྤྱོད་ཕྱོགས་གཙོ་བོར་བཤད། ། ལྷ་ཀླུ་གནོད་སྦྱིན་ཚོམ་བུ་འབུམ་སྡེ་གྲོལ། ། རྒྱལ་སྲས་སེམས་དཔའི་འཁོར་རྒྱ་མཚོ་ཙམ་གྱི་ནང་ནས་སྟོན་པ་ཉིད་ཀྱི་སྤྲུལ་པ་རིགས་གསུམ་མགོན་པོ་མཁྱེན་རབ་ཀྱི་མངའ་བདག་འཕགས་པ་འཇམ་དཔལ། ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། མཐུ་སྟོབས་ནུས་པའི་མངའ་བདག་ཕྱག་ན་རྡོ་རྗེ་གསུམ་གྱིས། རིམ་བཞིན་ལྷ་དང་ཀླུ་དང་མི་རྣམས་ཀྱི་གནས་སུ་ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་མགྲིན་པ་ནག་པོ། གནོད་སྦྱིན་ཀུན་ཏུ་བཟང་པོ་རྣམས་ལ་ལྟ་བ་དང་སྒྲུབ་པ་སྤྱོད་པའི་ཕྱོགས་གཙོ་བོར་སྨོས་པའི་ཚུལ་གྱིས་བཤད་པས་སོ་སོའི་གནས་སུ་རིམ་པར་བརྒྱུད་དེ་དར་ཞིང་ལྷ་དང་ཀླུ་དང་གནོད་སྦྱིན་ཚོམ་བུ་འབུམ་སྡེ་དང་བཅས་པ་གྲོལ་ཞིང་། དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ཚུལ་འཛིན་ཅིང་སངས་རྒྱས་ཀྱི་གདུང་གསོབ་པར་གྱུར་ཏོ། ། (2)མི་དང་མི་མ་ཡིན་པ་གཉིས་ཀ་ལས་བརྒྱུད་པ་ནི། རྒྱལ་བ་འདུས་ནས་ཉི་ཤུ་རྩ་བརྒྱད་ལོར། ། མ་ལ་ཡ་རྩེར་རིགས་ཅན་དྲ་མ་ལྔས། ། གདུང་ཚིག་ཉེར་གསུམ་བཏོན་པས་གསང་བའི་བདག ། མངོན་སུམ་བྱོན་ནས་གསང་རྒྱུད་ཟློས་ཏེ་བསྟན། ། ཞེས་རྒྱལ་བ་ཤཱཀྱའི་དབང་པོ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་བགྲང་བྱ་ཉི་ཤུ་རྩ་བརྒྱད་ཀྱི་ལོ་གྲངས་བརྒལ་བའི་ཚེ་དམ་པའི་རིགས་ཅན་དྲ་མ་ལྔ་ནང་དུ་ཡང་དག་འཇོག་ལས་ལངས་པ་ན་འཇིག་རྟེན་གྱི་སྒྲོན་མེ་ནུབ་པར་ཤེས་ཏེ། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་རྫུ་འཕྲུལ་གྱིས་འདུས་ནས་རིགས་ཅན་དྲ་མ་ལྔ་པོས་ཕྱོགས་བཅུའི་སངས་རྒྱས་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་། ། སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། ། ཞེས་སོགས་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པས་རྒྱལ་བ་རྣམས་ཀྱིས་གསང་བའི་བདག་པོ་བསྐུལ་ཏེ་དོན་དུ་ཁྱབ་བདག་རིགས་དྲུག་པ་ཉིད་གསང་བའི་བདག་པོའི་རྣམ་པར་མངོན་སུམ་དུ་བྱོན་ནས་སྔོན་འོག་མིན་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་སྟེ་ལྷ་གནས་གསུམ་དུ་བསྟན་ཅིང་གྲགས་པའི་གསང་བའི་རྒྱུད་ཐམས་ཅད་ཟློས་ཏེ་བསྟན་པར་མཛད་དོ། ། དེ་ལ་དམ་པའི་རིགས་ཅན་དྲ་མ་ལྔ་སྟེ། [1]ལྷ་གྲགས་ཆོས་སྐྱོང་བཟང་པོ། [2]ཀླུ་རྒྱལ་འཇོག་པོ། [3]གནོད་སྦྱིན་སྐོར་མདའ་གདོང་། [4]སྲིན་པོ་བློ་གྲོས་ཐབས་ལྡན། [5]མི་ལི་ཙྪ་བཱི་དྲི་མ་མེད་པར་གྲགས་པ་རྣམས་སོ། ། གདུང་ཚིག་ཉེར་གསུམ་ནི་སྤྱི་མདོ་དགོངས་འདུས་ཀྱི་ལེའུ་གསུམ་པ་ལས་འབྱུང་ངོ་། ། དེ་དག་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས། ། ཡི་གེར་བཀོད་ནས་མཁའ་ལ་རྩལ་གྱིས་སྦས། ། དེ་ནི་རིག་འཛིན་བརྡ་ཡི་བརྒྱུད་པའོ། ། དེ་ལྟར་གསང་བདག་གིས་གསུངས་པའི་ཐེག་པ་མཐའ་དག་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་ཡི་གེར་བྲིས་ནས་ནམ་མཁའ་ལ་དགོངས་པའི་རྩལ་བདུན་གྱིས་སྦས་སོ། ། དགོངས་པའི་ཚུལ་བདུན་ནི། <1>གསེར་གྱི་བྱང་བུ་འབྲི་གཞི་ཕུན་སུམ་ཚོགས་པར་དགོངས་པ། <2>བཻ་ཌཱུརྻ་ཞུན་མས་བྲིས་པ་རྒྱུ་ཕུན་སུམ་ཚོགས་པར་དགོངས་པ། ། <3>རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུ་སྣོད་ངོ་མཚར་བའི་དགོངས་པ། <4>ནམ་མཁའ་འབྱུང་བཞིས་མི་འཇིག་པས་གཏེར་གནས་དམ་པར་དགོངས་པ། <5>མ་དང་མཁའ་འགྲོ་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གཏེར་སྲུང་ཁྱད་པར་ཅན་དུ་དགོངས་པ། <6>ཆོས་བདག་རྒྱལ་པོ་ཛཿལས་ཅན་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་དུ་དགོངས་པ། <7>སྐྱེ་འཕགས་བྱང་སེམས་ས་ལ་གནས་པ་སོགས་གྲུབ་བརྙེས་བརྒྱུད་འཛིན་དར་རྒྱས་སུ་འབྱུང་བ་ལ་དགོངས་པ་རྣམས་སོ། ། དེ་དག་ནི་ཆོས་དོན་མ་ལུས་པ་བརྡ་ཙམ་གྱིས་ཁོང་དུ་ཆུད་པས་རིག་འཛིན་བརྡའི་བརྒྱུད་པ་ཞེས་བྱའོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་389.8 ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number