693

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལུས་ཀྱི་མཚན་ཉིད་རྣམ་པ་གཉིས།
Tibetan Alternate
Tibetan Definition 1.གནོད་བྱ་ཁམས་ཀྱི་མཚན་ཉིད་བཤད་པ་ལ་བདུན་ཏེ།

(1)གནོད་བྱའི་དབྱེ་བ་ནི། གནོད་བྱའི་དབྱེ་བ་ཟུངས་དང་དྲི་མ་གཉིས། ། ལུས་ཟུངས་དྭངས་མ་ཁྲག་དང་ཤ་དང་ཚིལ། ། རུས་པ་རྐང་མར་ཁུ་བ་བདུན་དུ་བཤད། ། དྲི་མ་གཤང་གཅི་རྡུལ་ལ་སོགས་པའང་ཡིན། ཞེས་པ་སྟེ། གནོད་བྱ་ཁམས་དེ་ལ་ནང་གསེས་ཀྱི་སྒོ་ནས་དབྱེ་བ་ཕྱེ་ན་ལུས་ཟུངས་དང་དྲི་མ་གཉིས་ཡོད། ལུས་ཟུངས་ནི་ཁ་ཟས་ཟོས་པ་མྱགས་བཞུ་དྭངས་སྙིགས་ཕྱེས་པའི་དྭངས་མ་དང་། དེའི་དྭངས་མ་ཁྲག་དང་། དེའི་དྭངས་མ་ཤ་དང་། དེའི་དྭངས་མ་ཚིལ་དང་། དེའི་དྭངས་མ་རུས་པ་དང་། དེའི་དྭངས་མ་རྐང་མར་དང་། དེའི་དྭངས་མ་ཁུ་བ་དཀར་དམར་བཅས་རྣམ་པ་བདུན་དུ་ཕྱེས་ནས་བཤད་པར་བྱ་བའོ། ། དྲི་མ་ནི། དེ་དག་གི་སྙིགས་མ་སྟེ་བཤང་བ་དང་། གཅིན་དང་། རྔུལ་དང་གསུམ་ཡིན་ལ་གཞན་ཡང་སྣབས་དང་། ལུད་པ། མཆིལ་མ་ལ་སོགས་པའང་དྲི་མ་ཡིན་པ་ཤུགས་ལས་རྟོགས་པར་བྱའོ། ། (2)གནོད་བྱའི་བྱེད་ལས་ནི། དེ་ལ་དྭངས་མས་གནོད་བྱ་འཕེལ་བར་བྱེད། ། ཁྲག་གིས་བརླན་ཞིང་སྲོག་འཚོ་ཤ་ཡིས་གཡོགས། ། ཚིལ་གྱིས་སྣུམ་དང་རུས་པས་བརྟེན་པ་དང་། ། རྐང་གིས་བཅུད་འགྱུར་ཁུ་བས་མངལ་འཛིན་བྱེད ། བཤང་གཅིས་རྟེན་འདྲུལ་འབྱིན་པར་བྱེད་པ་སྟེ། ། རྡུལ་གྱིས་པགས་པ་མཉེན་ཞིང་བ་སྤུ་བརྟན། ། ཞེས་པ་སྟེ། དེ་ལ་མི་གང་ཞིག་གིས་ཟས་སྐོམ་ཟོས་པ་མྱག་བཞུ་དྭངས་སྙིགས་ཕྱེས་པའི་དྭངས་མ་དེས་ནི། ཁྲག་ལ་སོགས་པའི་གནོད་བྱ་ཕྱི་མ་རྣམས་རིམ་པར་འཕེལ་བའི་ལས་བྱེད་པ་དང་། ཁྲག་གིས་ནི་ལུས་ཀྱི་ཆ་ཐམས་ཅད་བརླན་ཞིང་སྲོག་འཚོ་བའི་ལས་བྱེད་པ་དང་། ཤ་ཡིས་ནི་རུས་པའི་ཕྱི་ནས་གཡོགས་པའི་ལས་བྱེད་པ་དང་། ཚིལ་གྱིས་ནི་ལུས་ཀུན་སྣུམ་པའི་ལས་བྱེད་པ་དང་། རུས་པས་ནི་ལུས་ཀྱི་གཞི་རྟེན་པའི་ལས་བྱེད་པ་དང་། རྐང་གིས་ནི་ལུས་སྣུམ་བཅུད་དང་ལྡན་པར་འགྱུར་བའི་ལས་བྱེད་པ་དང་། ཁུ་བ་དཀར་དམར་གྱིས་ནི་ལུས་ཀྱི་མདངས་སྐྱེད་པ་དང་། མངལ་འཛིན་པའི་ལས་བྱེད་པ་བཅས་ཟུངས་བདུན་སོ་སོའི་ཐུན་མིན་གྱི་བྱེད་ལས་དང་། ཟླ་ཟེར་ལས་ནི། ཁུ་བའི་དྭངས་མས་མངལ་འཛིན་པའི་ས་བོན་བྱེད་དོ་ཞེས་ཀྱང་བཤད། དྲི་མ་བཤང་གཅི་གཉིས་ཀྱིས་ནི་སྙིགས་མར་གྱུར་པའི་གོང་མ་རྣམས་ཕྱིར་འདོར་མ་རན་བར་དུ་བརྟེན་པའི་ལས་བྱེད་པ་དང་། དེ་དག་འདྲུལ་བར་བྱེད་པ་དང་། འདྲུལ་ནས་འདོར་རན་པ་ན་ཕྱིར་འབྱིན་པར་བྱེད་པའི་ལས་བྱེད་པ་སྟེ་གཉིས་ཀའི་བྱེད་ལས་མཐུན་ལ་རྡུལ་གྱིས་ནི་ལུས་ཀྱི་པགས་པ་མཉེན་པར་བྱེད་ཅིང་། བ་སྤུ་རྣམས་བརྟན་ཅིང་མི་འབྱི་བའི་ལས་བྱེད་པ་བཅས་དྲི་མ་གསུམ་སོ་སོའི་བྱེད་ལས་དེ་ལྟར་བྱེད་པ་ཡིན་ནོ། ། (3)མེ་དྲོད་བསྟན་པ་ནི། མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ། ། འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད། ། ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད། ། དེ་ཡིས་ནད་མེད་བརྩོན་དང་གཟི་མདངས་དང་། ། ཚེ་དང་ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད། ། བཞུ་གནས་སྒོར་འཇུག་ཟས་ལམ་སྒོ་གཏན་ཡིན། ། དེ་སྟོབས་ལྡན་ན་བཞུ་ནས་ཐུར་འགྲོ་སྟེ། ། སྟོབས་ཞན་ཁ་ཟས་མ་སྨིན་ཉིད་ཕྱིར་འབྱུང་། ། མེ་དྲོད་དེ་ནི་ཟས་གང་ལུས་ཟུངས་མདངས། ། སྟོབས་རྒྱས་འཕེལ་བར་བྱེད་པའི་རྒྱུ་ཡིན་ཏེ། ། མ་བཞུ་དྭངས་སོགས་རྒྱས་པར་མི་འགྱུར་ཕྱིར། ། ཟས་སྐོམ་སྤྱོད་ལམ་ཡང་ལ་དྲོ་བ་ཡིས། ། འབད་དེ་མེ་དྲོད་བསྲུང་བར་གནས་གྱུར་ན། ། ལུས་ཀྱི་སྟོབས་དང་ཚེ་ནི་གནས་པར་འགྱུར། ། ཞེས་པ་སྟེ། སྤྱིར་ཕོ་བའི་མེ་དྲོད་ཅེས་བྱ་བ་དེ་ནི། ཟས་སྐོམ་གང་ཟོས་ཤིང་བཏུང་བ་ཐམས་ཅད་ཁོང་དུ་འཇུ་བར་བྱེད་པའི་གཞིའམ་རྩ་བར་གྱུར་པ་དེ་ཉིད་ལ་བཏགས་པ་ཡིན་ཏེ། འཆད་འགྱུར་ལྟར། ཁ་ཟས་གང་ཟོས་པ་རྣམས། ཐོག་མར་བད་ཀན་མྱགས་བྱེད་ཀྱིས་མྱགས་པར་བྱེད། བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུ། མཐར་རླུང་མེ་མཉམ་གྱིས་དྭངས་སྙིགས་འབྱེད་པར་འགྱུར་བས་དེ་གསུམ་ཀ་ཁ་ཟས་འཇུ་བར་བྱེད་པའི་མེ་དྲོད་ཡིན་མོད། སྐབས་འདིར་གཙོ་བོར་མཁྲིས་པ་འཇུ་བྱེད་དེ་ལ་མེ་དྲོད་ཅེས་བཤད་པ་ཡིན། དེ་ཉིད་འཕེལ་ཟད་འཁྲུགས་པས་ནད་དུ་གྱུར་མ་གྱུར་གྱི་ཁྱད་པར་ལས། འོག་ཏུ་འཆད་པར་འགྱུར་བའི་ཡོན་ཏན་དེ་དག་འབྱུང་དང་མི་འབྱུང་གི་ཁྱད་པར་འབྱུང་བའི་ཕྱིར། དེ་ཉིད་མེ་དྲོད་ཀྱི་གཙོ་བོར་བཤད་པ་ཡིན་ལ། ནད་ཉེས་པ་གསུམ་དང་། ལུས་ཟུངས་བདུན་དང་། དྲི་མ་གསུམ་བཅས་ཀུན་གྱི་རང་རང་གི་དྲོད་མཐའ་དག་ཀྱང་གཙོ་བོའི་མེ་དྲོད་དེའི་ཆ་ཤས་ཡིན་པས་དེ་རྣམས་ཀྱང་མཁྲིས་པ་འཇུ་བྱེད་ཀྱི་མེ་དྲོད་ཡིན་པར་ཤེས་པར་བྱའོ། ། དེ་ལྟར་བཤད་པའི་མེ་དྲོད་སྤྱི་དང་། བྱེ་བྲག་དེ་ཉིད་ནད་དུ་མ་གྱུར་པར་སྐྱོན་མེད་དུ་གནས་ཤིང་། སྟོབས་དང་ལྡན་པར་གྱུར་ན་དེ་ཡི་ཡོན་ཏན་གྱིས་མི་གང་ཞིག་ནད་མེད་པ་དང་། བྱ་བ་གང་ལའང་བརྩོན་པ་བསྐྱེད་ནུས་པ་དང་། གཟི་བརྗིད་དང་། མདངས་དང་། ཚེ་རྣམས་འཕེལ་བར་བྱེད་པ་དང་། ལུས་ཟུངས་ཀྱི་སྟོབས་དང་། མེ་དྲོད་གཞན་རྣམས་ཀྱི་སྟོབས་དག་ཀྱང་མི་ཉམས་པར་འཕེལ་བར་བྱེད་ནུས་པ་ཡིན་ནོ། ། ཁྱད་པར་དུ་མེ་དྲོད་དེའི་བྱེད་ལས་ནི་ཁ་ཟས་གང་ཟོས་པ་རྣམས་མྱགས་བཞུ་དྭངས་སྙིགས་ལེགས་པར་ཕྱེས་ནས་བཞུ་ཟིན་པའི་སྙིགས་མ་རྣམས་བཞུ་བའི་གནས་ཀྱི་སྒོར་འགྲོར་བཅུག་པ་དང་། མ་བཞུ་བའི་ཁ་ཟས་དྭངས་མ་དང་བཅས་པ་ཕྲ་མོ་ཙམ་ཡང་ལམ་དེར་འགྲོ་བ་བཀག་ནས་སྒོ་གཏན་བྱེད་པ་ཡིན་པས། འགྲོ་བར་འོས་པ་རྣམས་གཏོང་། འགྲོ་བར་མི་འོས་པ་རྣམས་ནན་གྱིས་འགོག་པར་བྱེད་པའི་ཕྱིར། ཁང་པ་ལ་སྒོ་འགྲིག་པོ་བཅུག་ནས་བསྡམ་གཅོད་བྱེད་པ་དང་འདྲ་བས་དེས་ན་འདི་ལ་སྒོ་གཏན་གྱི་མེ་དྲོད་ཅེས་ཀྱང་བྱའོ། ། འགྲེལ་པ་འགར། འཛིན་འབྲིའི་མེ་དྲོད་ཅེས་བཏགས་པ་ནི། འཛིན་པར་འོས་པའི་དྭངས་མ་རྣམས་འཛིན། འབྲི་བར་འོས་པའི་སྙིགས་མ་རྣམས་ཕྱིར་འཕྲི་བས་ན་འཛིན་འབྲིའི་མེ་དྲོད་ཅེས་གསུངས་པ་འདྲ། འཇུ་བྱེད་ཀྱི་མེ་དྲོད་དེ་ཉིད་སྟོབས་དང་ལྡན་པ་ཞིག་བྱུང་ན། ཁ་ཟས་གང་ཟོས་ལེགས་པར་བཞུ་ནས་དྭངས་མ་བརྟན་ལ་སྙིགས་མར་གྱུར་པ་རྣམས་ཐུར་ཏེ་ཐུར་སེལ་རླུང་གི་བྱེད་པ་དང་འགྲོགས་ནས་འོག་སྒོ་གཉིས་ནས་དུས་དུས་སུ་བདེ་བར་འགྲོ་བ་ཡིན་ལ། སྟེ་ནི་འོག་མ་འདྲེན་པའི་སྒྲའོ། ། གལ་ཏེ་འཇུ་བྱེད་ཀྱི་མེ་དྲོད་དེ་ཉིད་སྟོབས་ཞན་པར་གྱུར་ན། ཁ་ཟས་གང་ཟོས་པ་རྣམས་མེ་དྲོད་དེས་མྱགས་བཞུ་དྭངས་སྙིགས་ལེགས་པར་ཕྱེ་བར་མི་ནུས་པས། ཐོག་མར་ཟོས་པའི་རྫས་ངོ་བོ་མ་སྨིན་པ་དེ་ཉིད་གྱེན་ཐུར་གྱི་ལམ་གང་རུང་ནས་རང་ཆས་སུ་བཤལ་བའམ་སྐྱུགས་ནས་ཕྱིར་འབྱུང་བར་འགྱུར་བ་དང་ཡང་ན་འགྱིངས་ནས་སྦོ་འཚིང་སོགས་བྱེད་པ་ཡིན་ནོ། ། དེ་བས་ན་མེ་དྲོད་དེ་ནི། ཟས་གང་ཟོས་པ་མྱགས་བཞུ་དྭངས་སྙིགས་ལེགས་པར་ཕྱེས་ནས་ལེགས་པར་སྨིན་པ་དེ་ཉིད་དྭངས་སྙིགས་སོ་སོའི་རང་ལམ་དུ་བདེ་བར་འགྲོ་རུ་འཇུག་པའི་ལས་བྱེད་པ་པོ་ཡིན་པར་བརྟེན། འཇུ་བྱེད་དེ་ནི་ལུས་ཟུངས་དང་། མདངས་དང་། ལུས་ཀྱི་སྟོབས་རྒྱས་ཤིང་འཕེལ་བར་བྱེད་པའི་རྒྱུའི་གཙོ་བོ་ཡིན་ཏེ། མེ་དྲོད་ཞན་པས་མ་བཞུ་བ་དང་། དྭངས་སྙིགས་ལེགས་པར་མ་ཕྱེས་པས་ན་སྙིགས་མ་དྭངས་མའི་གནས་སུ་ཤོར་བ་དང་། དྭངས་མ་སྙིགས་མའི་ནང་འདྲེན་པ་ལས་རིམ་གྱིས་ནད་དུ་འགྱུར་བས་དྭངས་མ་སོགས་ལུས་ཟུངས་དང་མདངས་སྟོབས་རྣམས་རྒྱས་པར་མི་འགྱུར་བའི་ཕྱིར་རོ། ། གཞུང་རྩ་བར། མ་ཞུ་དྭངས་སྙིགས་རྒྱས་པར་མི་འགྱུར་ཕྱིར་ཞེས་འདུས་ཀྱང་། གཞུང་སྤྱིའི་དགོངས་དོན་དངོས་དང་། སྙིང་པོ་བསྡུས་པར་མ་བཞུ་དྭངས་སོགས་ཞེས་འབྲི་དགོས་པར་སྣང་བས། འདིར་གཞུང་ཚིག་ཅུང་ཟད་བཅོས་ནས་འགྲེལ་བ་ཡིན་ནོ། ། དེས་ན་བདེ་བར་གནས་པར་འདོད་པའི་མི་གང་ཞིག་ལྕི་བསིལ་ལ་སོགས་པའི་མེ་དྲོད་གསོད་པར་བྱེད་པའི་ཟས་སྤྱོད་རྣམས་དུས་རྟག་ཏུ་སྤོང་ཞིང་ཟས་སྐོམ་སྤྱོད་ལམ་དང་བཅས་པ་ཡང་ལ་དྲོ་བའི་རིགས་རྒྱུན་བསྲིངས་པ་ཡི་སྒོ་ནས་འབད་དེ་བརྟེན་ནས་ཕོ་བའི་མེ་དྲོད་བསྲུང་བར་བྱ་བའི་ཚུལ་ལ་གནས་པར་གྱིས་ཤིག་དང་། དེ་ལྟར་སྤྱོད་པར་འགྱུར་ན་དེའི་འབྲས་བུ་ནི་མི་དེའི་ལུས་ཀྱི་སྟོབས་དང་མདངས་སོགས་འཕེལ་ཞིང་། ཚེ་ནི་ཡུན་རིང་དུ་གནས་པར་འགྱུར་བ་ཡིན་པས་རྟག་ཏུ་མེ་དྲོད་སྲུང་བའི་ཐབས་ལ་འབད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ནོ། ། (4)འཇུ་ཚུལ་བསྟན་པ་ལ་གཉིས་ཏེ། [1]སྤྱིའི་འཇུ་ཚུལ་བསྟན་པ་ནི། མེ་དྲོད་དེ་ཡིས་ཁ་ཟས་འཇུ་ཚུལ་ནི། ། ཟས་སྐོམ་སྲོག་གི་རླུང་གིས་ལྟོ་བར་བཅུག་། སྐོམ་གྱིས་བཤིག་ཅིང་སྣུམ་གྱིས་མཉེན་པར་བྱེད། ། མེ་མཉམ་རླུང་གིས་མཁྲིས་པ་འཇུ་བྱེད་བུས། ། ཕོ་བའི་གནས་སུ་སྨན་ལྟར་སྐོལ་བར་བྱེད། ། ཅེས་པ་སྟེ། ཇི་སྐད་བཤད་པའི་མེ་དྲོད་དེ་ཡིས་ཁ་ཟས་ཟོས་པ་རྣམས་ཇི་ལྟར་འཇུ་བའི་ཚུལ་བསྟན་པ་ནི་འདི་ལྟ་སྟེ། མི་གང་ཞིག་གིས་ཐོག་མར་ཟས་སྐོམ་གང་ཟོས་པ་དེ་ཉིད་མགྲིན་པར་གནས་པའི་སྲོག་གི་རླུང་གི་བྱེད་པས་མིད་པ་བརྒྱུད་ལྟོ་བར་བཅུག་པ་དང་། ཟས་ཀྱི་ཐོག་མཐའ་བར་གང་དུ་བཏུང་བའི་སྐོམ་གྱིས་ཟས་དེ་བཤིག་ཅིང་། ལྷན་ཅིག་ཏུ་ཟོས་ཤིང་བཏུང་བའི་སྣུམ་གྱིས་ཁ་ཟས་ཟོས་པ་དེ་མཉེན་པར་བྱེད་པ་དང་། བཞུ་བའི་གནས་ན་གནས་པའི་མེ་དང་མཉམ་པའི་རླུང་གིས་བཞུ་མ་བཞུ་བར་ན་གནས་པའི་མཁྲིས་པ་འཇུ་བྱེད་ཀྱི་མེ་དེ་བུས་པས་ཚ་བའི་ནུས་པ་ཆེར་འབར་ནས་བད་ཀན་མྱགས་བྱེད་དང་བཅས་ཏེ་གང་ཟོས་པའི་ཟས་སྐོམ་དེ་དག་ཕོ་བའི་གནས་སུ་བཞུས་པས་འཇུ་ནུས་པ་སྟེ། དཔེར་ན་སྨན་པས་སྨན་མར་ལ་སོགས་བསྐོལ་བ་ལྟར་སྐོལ་བར་བྱེད་པ་ཡིན་ནོ། ། ཞེས་སྤྱིར་བསྟན་པའོ། ། [2]ཁྱད་པར་གྱི་འཇུ་ཚུལ་བསྟན་པ་ནི། དང་པོར་རོ་དྲུག་ཟས་སྐོམ་གང་ཟོས་པ། ། བད་ཀན་མྱག་བྱེད་དག་གིས་མྱགས་པར་བྱེད། ། རོ་མངར་ལྦུ་བ་ཅན་གྱུར་བད་ཀན་སྐྱེད། ། བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུས་པས། ། རྣམ་པར་ཚ་བས་རོ་སྒྱུར་མཁྲིས་པ་སྐྱེད། ། ཐ་མར་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ། ༐ ཚ་བར་འགྱུར་ཏེ་དེ་ཡིས་རླུང་སྐྱེད་འགྱུར། ། ཞེས་སོ། ། དེ་ཡང་། དང་པོ་རོ་དྲུག་གི་ཟས་སྐོམ་གང་དང་གང་ཟོས་པའི་རྫས་ངོ་བོ་དེ་ཉིད། ཐོག་མའི་སྐབས་སུ་བད་ཀན་མྱག་བྱེད་དག་གིས་མྱགས་པར་བྱས་ནས་ལྷན་ཅིག་ཏུ་འདྲེས་ཏེ་འདུར་འདུར་པོར་བྱེད་པ་དང་། གནས་སྐབས་དེར་ཐོག་མའི་རྒྱུ་རྫས་ཀྱི་དངོས་པོ་དེ་རོ་གང་ཡིན་ལ་མ་ལྟོས་པར་ཐོག་མར་མྱག་བྱེད་དེ་བད་ཀན་ས་ཆུའི་རང་བཞིན་ཡིན་པས་རྒྱུ་དང་མཐུན་པར་རོ་མངར་ཤས་ཆེ་བ་ཞིག་ཏུ་འགྱུར་བ་དང་ངོ་བོ་ཝུ་བ་ཅན་ཞིག་ཏུ་གྱུར་ཡོད་པ་དང་། དེ་ལྟར་གྱུར་ན་བད་ཀན་མྱག་བྱེད་རང་གི་ཐེངས་དེའི་ངོ་སྐལ་གྱི་བྱ་བ་དེ་སྒྲུབ་ཐུབ་པའི་སྟབས་ཀྱིས་བད་ཀན་མྱག་བྱེད་དེས་ཟས་སྐོམ་མྱགས་བཞིན་པའི་དུས་སྐབས་ལས་ངལ་གསོས་ཏེ་རང་ཉིད་ཀྱི་སྔར་གྱི་སྟོབས་ཤུགས་ཇི་ལྟར་ཡོད་པ་དེ་བཞིན་རང་སོར་སྐྱེད་དེ་འཕེལ་ཞིང་རྒྱུན་གཏན་བཞིན་ལེགས་པར་གནས་པར་བྱེད་པ་དང་། དེ་བཞིན་དུ་བད་ཀན་སྐྱེད། ཅེས་པའི་ཚིག་འདིར། མྱག་བྱེད་དེའི་སྟོབས་ཅུང་ཟད་སྐྱེད། ཅེས་པ་དང་། བད་ཀན་གྱི་ནད་བསླངས་ཤིང་དེའི་མཚན་ཉིད་ཅན་དུ་འགྱུར། ཞེས་སོགས་བཤད་ཚུལ་མི་འདྲ་བ་འགའ་མཆིས་རུང་། གཞུང་རྩ་བའི་དགོངས་པ་དང་མཐུན་དཀའ་བའི་ཕྱིར། རང་གི་བློ་ངོར་གོང་ལྟར་བཤད་ན་འཆར་བདེ་བས་དེ་ལྟར་བྲིས་པ་ཡིན་པས་གཟུར་གནས་བློ་ལྡན་དག་གིས་དཔྱད་པར་བྱའོ། ། བར་དུ་སྟེ་བར་གྱི་གནས་སྐབས་སུ་མཁྲིས་པ་འཇུ་བྱེད་ཅེས་པའི་མེ་དྲོད་ཀྱིས་ཟས་སྐོམ་ཟོས་པ་མྱག་བྱེད་ཀྱིས་མྱགས་ཟིན་པའི་རྫས་དེ་རྒྱུ་མར་སོང་ནས་མཁྲིས་པ་འཇུ་བྱེད་ཀྱིས་ལེགས་པར་བཞུས་པས། འཇུ་བྱེད་ཀྱི་མེ་དེ་རྣམ་པར་ཚ་བའི་རྒྱུ་མཚན་དང་། གོང་གི་མྱག་བྱེད་ཀྱི་སའི་ལྷག་མ་དང་བར་འདིའི་མེ་གཉིས་ལྷན་ཅིག་ཚོགས་པའི་རྒྱུས། གོང་གི་མངར་ཤས་ཆེ་བའི་རོ་དེ་འགྱུར་ནས་སྐྱུར་པོ་ཤས་ཆེ་བ་ཞིག་ཏུ་གྱུར་ཡོད་པ་དང་། འཇུ་བྱེད་རང་གི་ངོ་སྐལ་དུ་གྱུར་པའི་ལས་དེ་སྒྲུབ་ཐུབ་པར་བརྟེན། གོང་དུ་ཤུགས་ཀྱིས་བཞུ་བའི་དུས་ལས་ཅུང་ཟད་ངལ་གསོས་པ་ལྟ་བུ་མཁྲིས་པ་འཇུ་བྱེད་རང་གི་སྟོབས་ཀྱང་སྔར་བཞིན་རང་སོར་སྐྱེད་ཅིང་ལེགས་པར་གནས་པར་འགྱུར་རོ། ། ཐ་མའི་གནས་སྐབས་སུ། མཁྲིས་པ་འཇུ་བྱེད་ཀྱིས་བཞུས་པའི་ཁུ་བ་དེ་མེ་མཉམ་རླུང་གིས་དྭངས་སྙིགས་ལེགས་པར་ཕྱེས་ནས། གོང་གི་མཁྲིས་པའི་མེའི་ལྷག་མ་དང་། འདིའི་རླུང་གཉིས་ལྷན་ཅིག་ཏུ་འཚོགས་པའི་རྒྱུས། གོང་གི་སྐྱུར་ཤས་ཆེ་བའི་རོ་དེ་འགྱུར་ནས་འདིར་ཚ་བ་ཤས་ཆེ་བ་ཞིག་ཏུ་འགྱུར་བ་དང་། མེ་མཉམ་རང་གི་ངོ་སྐལ་དུ་གྱུར་པའི་ལས་དེ་སྒྲུབ་ཐུབ་པར་བརྟེན་དྭངས་སྙིགས་འབྱེད་བཞིན་པའི་གནས་སྐབས་ལས་ཅུང་ཟད་ངལ་གསོས་ཏེ་དྭངས་སྙིགས་འབྱེད་པའི་བྱེད་ལས་དེ་སྒྲུབ་ཐུབ་པའི་རྐྱེན་དེ་ཡིས་མེ་དང་མཉམ་པའི་རླུང་རང་གི་སྟོབས་ཤུགས་ཀྱང་སྔར་བཞིན་རང་སོར་སྐྱེད་ཅིང་། གནས་པར་འགྱུར་བ་ཡིན་ནོ། ། འདིར་འགྲེལ་པ་འགར། འདི་ནི་འབྲས་བུའི་གནས་སྐབས་ལ་དགོངས་པ་ཡིན་ཏེ། རྒྱུའི་དབང་དུ་བྱས་ན་འདིར་མེ་རླུང་ཤས་ཆེ་བས་རོ་ཚ་བར་འགྱུར་རིགས་ཀྱང་། ཚ་བས་རླུང་མི་སྐྱེད་ལ། ཁ་བས་རླུང་སྐྱེད་པའི་དབང་དུ་བྱས་པ་ཡིན་ཞེས་གསུངས་ཡོད། འདི་ཐད་《འགྲེལ་པ་འབུམ་ཆུང་》ལས་ཀྱང་། ཁ་བར་དོགས་སློང་དང་དགག་བཞག་མང་དུ་མཛད་པའང་འདུག ། དོན་ཏུ་ཚ་བར་འགྱུར་ཏེ་དེ་ཡིས་རླུང་སྐྱེད་འགྱུར། ཞེས་བཀླགས་ན་འབྲེལ་ཆེ་སྟེ། རྒྱུ་མེ་རླུང་ཤས་ཆེ་བས་སྐྱེད་པའི་འབྲས་བུའི་རོ་ཚ་བར་འགྱུར་བ་ནི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་ན། དེ་ལ་དགོས་པ་དགོངས་གཞི་ཇི་འདྲ་ཞིག་བཤད་ནའང་དངོས་པོའི་རང་གཤིས་བསྒྱུར་ཐུབ་ཐབས་མེད་ལ་གོ་རྒྱུ་ཆུང་བ་དང་། ཚ་བས་རླུང་མི་སྐྱེད་ལ་ཁ་བས་རླུང་སྐྱེད་ཅེས་པ་དེའང་རྣམ་པར་གྱུར་པའི་ཉེས་པ་འབའ་ཞིག་སྐྱེད་རྒྱུའི་གཞིར་བཞག་ནས་གོ་བ་བླངས་འདུག་པ་གཞུང་དོན་དང་མི་འབྲེལ་ཏེ། དེ་ལྟར་ན་ཟས་ཟོས་ཚད་མེ་དྲོད་གསུམ་གྱིས་མྱགས་བཞུ་དྭངས་སྙིགས་མ་ཕྱེས་པ་མེད་པས་བྱེད་ལས་དེ་དག་ཚང་མ་ནད་སྐྱེད་པའི་རྒྱུ་འབའ་ཞིག་ཏུ་འགྱུར་བའི་སྐྱོན་མཆིས་སོ། ། དེའི་ཕྱིར་དཀྱུས་སུ་བསྟན་པ་ལྟར་ཚ་བར་འགྱུར་ཏེ་དེ་ཡིས་རླུང་སྐྱེད་འགྱུར་ཞེས་བཤད་ན་གཞུང་དོན་དངོས་ཡིན་པར་སེམས་སོ། ། (5)ཞུ་བའི་ཡོན་ཏན་བཤད་པ་ནི། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། ། ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད། ། ཅེས་པ་སྟེ། དེ་ལྟར་བཤད་པའི་འབྱུང་བ་ལྔ་དང་ལྡན་པའི་ཕྱིའི་ཟས་སྐོམ་རྣམས་ཟོས་ཤིང་བཏུང་བ་མེ་དྲོད་གསུམ་གྱིས་མྱགས་བཞུ་དྭངས་སྙིགས་ལེགས་པར་ཕྱེས་པའི་ཁ་ཟས་ཀྱི་ཡོན་ཏན་གྱིས་ནི། ནང་ལུས་ཀྱི་འབྱུང་བ་ལྔ་པོ་འཕེལ་ཞིང་རྒྱས་པར་བྱེད་པ་ཡིན་ཏེ་(དེ་གཉིས་སྐབས་འདིར་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཡིན་པའི་ཕྱིར།) དེའང་། ཟས་རྣམས་ཀྱི་འབྱུང་བའི་ཡོན་ཏན་ནི། བཤད་རྒྱུད་འགྲེལ་པ་《འབུམ་ནག་》དང་《འབུམ་ཆུང་》ཕག་སྟོན་ཤཱཀྱ་མགོན་པོ། སྤྱི་པ་དཔལ་མགོན་རྡོ་རྗེའི་འགྲེལ་པ་རྣམས་མཐུན་པར། ས་ཤས་ཆེ་བ་དང་པོ་སའི་ནུས་པར་ལྡན་པའི་ཟས་ཀྱིས་ཤ་རུས་རྒྱས་པར་བྱེད། དེ་བཞིན་དུ་ཆུ་ཡིས་ཁྲག མེ་ཡིས་དྲོད། རླུང་གིས་དབུགས། ནམ་མཁས་བུ་ག་རྒྱས་པར་བྱེད་པའོ། ། ཞེས་བཤད་པ་ལ་བྱང་པ་རིགས་ལྡན་ཆེན་པོས་དེ་དག་ལ་རྒྱ་ཆུང་བའི་སྐྱོན་ཡོད་ཅེས་བཀག་ནས་(རང་གིས་བདུད་རྩིའི་ཆུ་རྒྱུན་)ལས། གཞུང་གི་དོན་ས་ལ་སོགས་པ་འབྱུང་བ་ལྔའི་ནང་ནས་འབྱུང་བ་སྟོབས་ཆེ་བ་དང་གང་དག་ལྡན་པའི་ཟས་ཀྱི་ཡོན་ཏན་གྱིས་ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད་པ་ཡིན་ཏེ། དེའང་ཟས་ཀྱི་ཡོན་ཏན་སའི་ཁམས་ཤས་ཆེ་བ་རྣམས་ཀྱིས་ལུས་ཀྱི་སྲ་བའི་ཆ་རྣམས་དང་། ཆུའི་ཁམས་ཤས་ཆེ་བ་རྣམས་ཀྱིས་ལུས་ཀྱི་རླན་ཞིང་གཤེར་བའི་ཆ་རྣམས་དང་། མེའི་ཁམས་ཤས་ཆེ་བ་རྣམས་ཀྱི་དྲོ་ཚ་བའི་རྣམས་དང་རླུང་གི་ཁམས་ཤས་ཆེ་བ་རྣམས་ཀྱིས་ལུས་ཀྱི་ཡང་ཞིང་གཡོ་བར་བྱེད་པའི་ཆ་རྣམས་རྒྱས་པར་བྱེད་ཅིང་། ནམ་མཁས་ནི་བུ་ག་འགག་པ་རྣམས་སེལ་ཞིང་རྒྱས་པར་བྱེད་དེ། ལུས་གནས་ལེའུ་གསུམ་པའི་འགྲེལ་པ་《ཟླ་ཟེར་》ལས། ས་དང་ཆུ་དང་མེ་དང་རླུང་། ། ནམ་མཁའ་བཅས་པའི་དྲོད་ལྔ་པོ། ། རང་རང་ཡོན་ཏན་ཟས་ལྔ་པོ། ། ལ་སོགས་ཀྱིས་སྨིན་དེ་འོག་ཏུ། ། དེ་དག་རང་རང་ཇི་བཞིན་རྒྱས། ། སྨིན་འབྱུང་ཡོན་ཏན་ཐ་དད་ཡིན། ། ས་རུ་གཏོགས་པས་ས་ཉིད་དང་། ། ལྷག་མས་ལུས་གཏོགས་ལྷག་མ་རྒྱས། ། ཟས་དེ་ཞུ་བའི་ཚིགས་མ་དང་། ། དྭངས་མ་ཞེས་བྱ་གཉིས་སུ་འགྱུར། ། ཞེས་གསུངས་པ་ལྟར་རོ། ། (6)འགྱུར་ཚུལ་བསྟན་པ་ནི། འགྱུར་ཚུལ་ཞུ་རྗེས་དྭངས་སྙིགས་བྱེ་བ་ལས། ། སྙིགས་མ་རྒྱུ་མར་སྐ་སླ་གཉིས་སུ་བྱེད། ། སྐ་བ་བཤང་འགྱུར་སླ་བ་གཅིན་དུ་འགྱུར། ། དྭངས་མ་ལུས་ཟུངས་རང་རང་མེ་དྲོད་ཀྱིས། ། སྨིན་པར་འགྱུར་ཏེ་དྭངས་མ་ཕོ་བ་ནས། ། དྭངས་མ་ལེན་པའི་རྩ་དགུར་མཆིན་ལམ་བརྒྱུད། མཆིན་པའི་གནས་སུ་ཁྲག་འགྱུར་ཁྲག་ལས་ཤ ། ཤ་ལས་ཚིལ་འགྱུར་ཚིལ་ལས་རུས་པར་འགྱུར། ། རུས་ལས་རྐང་འགྱུར་རྐང་ལས་ཁུ་བར་འགྱུར། དེ་རྣམས་སྙིགས་མ་ཕོ་བའི་བད་ཀན་དང་། ། སྣོད་མཁྲིས་བུ་གའི་དྲི་མ་ཞག་དང་ནི། ། སོ་སེན་བ་སྤུ་བཤང་སྣུམ་མངལ་འཛིན་ཡིན། ། ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ། ། སྙིང་ལ་གནས་ཀྱང་ལུས་ཀུན་ཁྱབ་པ་དང་། ། ཚེ་གནས་གཟི་མདངས་བཀྲག་དང་ལྡན་པར་བྱེད། ། ཅེས་པ་སྟེ། སྐྱེས་བུ་རྣམས་ཀྱིས་ཟས་སྐོམ་ཟོས་ཤིང་འཐུང་པ་དག་དྭངས་སྙིགས་ལེགས་པར་ཕྱེ་ནས་དྭངས་མ་རྣམས་རིམ་བཞིན་ལུས་ཟུངས་སུ་འགྱུར་བ་དང་། སྙིགས་མ་རྣམས་རང་རང་གི་རྒྱུ་བའི་ལམ་ནས་ལུས་ཀྱི་ཕྱིར་དོར་བར་བྱེད་པའི་ཚུལ་བཤད་པ་ནི། ཟས་སྐོམ་གང་ཟོས་པ་མཐའ་དག་བད་ཀན་མྱག་བྱེད་ཀྱིས་མྱགས། མཁྲིས་པ་འཇུ་བྱེད་ཀྱིས་བཞུས། བཞུ་བའི་རྗེས་སུ་མེ་མཉམ་རླུང་གིས་དྭངས་སྙིགས་གཉིས་སུ་ཕྱེས་པ་ལས་སྙིགས་མ་རྣམས་ཀྱང་རྒྱུ་མའི་སྨད་ནས་རིམ་བཞིན་སྐ་སླ་གཉིས་སུ་བྱེ་ནས། སྐ་བ་རྣམས་ལོང་དུ་སོང་སྟེ་བཤང་བར་འགྱུར་བ་དང་། རིམ་བཞིན་འཕོངས་སྒོ་ནས་ཕྱིར་འབྱིན་པར་བྱེད་པ་དང་། སླ་བ་རྣམས་རྒྱུ་གྲོགས་སམ་རྒྱུ་མའི་ལྡེབས་ཀྱི་རྩ་ལམ་མང་པོ་བརྒྱུད་ནས་མཐར་མཁལ་མར་སོང་ནས་གཅིན་དུ་འགྱུར་བ་དང་། རིམ་བཞིན་ལྷང་པར་གསོག་ཅིང་གཅིན་ལམ་བརྒྱུད་ལུས་ཀྱི་ཕྱིར་འབྱིན་པར་བྱེད་པའོ། ། འདིར་སླ་བ་རྣམས་མཁལ་མར་སོང་ནས་གཅིན་དུ་འགྱུར་བ་དངོས་སུ་བསྟན་མེད་ཀྱང་མཁལ་མ་ནི་དྲི་ཆུའི་རྟེན་དང་དྲི་ཆུར་འགྱུར་བ་པོ་དངོས་ཡིན་པ་རྟོགས་ནུས་ཏེ། མན་ངག་རྒྱུད་ལས། མཁལ་མ་ཆུ་ཤོར་མཁལ་རྩ་འགྲམས་པའམ། ། མཆིན་ཁྲག་བཅས་པས་ཟགས་ཆུ་ཁྲག་ཏུ་འབྱུང་། ། ཞེས་དང་། མཁལ་མ་བསམ་བསེའི་རྩ་འགྲམས་ཁྲག་འཁྲུགས་པས། ཆུ་དམར་ཁྲག་རོ་བཅས་འབྱུང་རྒྱུ་ཞབས་ན། ། མཁལ་རྒྱས་ཆུ་སྲི་རྐང་བཤལ་མཁལ་རྐེད་གཟེར། ཆུ་དམར་ཚ་རླངས་མགོ་འཐོམ་རྣ་བ་འོན། ། ཞེས་པ་དང་། མཁལ་མར་གབ་ན་ཟགས་ཆུ་ཁྲག་ཏུ་འབྱུང་། ། ཞེས་པ་སོགས་མཁལ་མར་འགྲམ་འཁྲུགས་ཚ་བ་སོགས་ཀྱི་ནད་འགྱུར་བྱུང་ཚེ་དྲི་ཆུ་ཁྲག་ཏུ་འབྱུང་བ་སོགས་མཁལ་མ་ཆུ་ཡི་རྟེན་ཡིན་པ་དང་། མཁལ་མ་ལས་བྱུང་བའི་ཆུ་སྣང་པར་བསགས་ནས་མཐར་གཅིན་ལམ་ནས་ཕྱིར་འབྱིན་པར་བྱེད་པ་རྟོགས་སླ་བ་ཡིན། སྨན་དཔྱད་སོ་མ་རཱ་ཛ་ལས་ཀྱང་། མཁལ་མ་ལྷང་ཕུག་ཆུ་བབ་པས། ། ཆུ་ཡི་རྟེན་དང་སྣོད་ཡིན་ནོ། ། ཞེས་མཁལ་མ་ཆུ་ཡི་རྟེན་དང་། ལྒང་པ་ཆུ་ཡི་སྣོད་ཡིན་པ་དངོས་སུ་བསྟན་ཡོད། དེ་བཞིན་རྒྱུད་འགྲེལ་ཀླག་པས་ཀུན་ཤེས་ལས། སྙིགས་མ་དེ་ལ་གར་སླ་གཉིས་སུ་ཕྱེ་བའི་སླ་བ་དྲི་ཆུ་སྟེ་ཆུ་ཁམས་ཀྱི་སྙིགས་མ་དང་། མཁལ་མའི་ཆུ་སྙིགས་བསགས་པའི་ཕྱིར་ལྒང་པ་དང་མཁལ་མ་འབྲེལ་ཞེས་གསུངས་པ་ལྟར་རོ། ། (7)འབྲས་བུ་རྫོགས་པའི་དུས་བསྟན་པ་ནི། དེ་དག་འབྲས་བུ་རྫོགས་དུས་ཟས་ཟོས་པའི། ། དྭངས་མ་ཁུ་བར་འགྱུར་དུས་ཞག་དྲུག་སྟེ། ། རོ་ཙ་ལ་སོགས་འཕྲལ་དུ་ཁུ་བ་སྐྱེད། ། སྨན་རྣམས་ཕལ་ཆེར་ཞག་གཅིག་ལས་བྱེད་འགྱུར། ཞེས་པ་སྟེ། དེ་དག་ཅེས་གོང་དུ་ཟས་སྐོམ་གྱི་དྭངས་མ་ནས་ཁམས་དཀར་དམར་གྱི་ཁུ་བ་བར་རིམ་བཞིན་རང་རང་གི་འབྲས་བུ་རྫོགས་པའམ་འབྲས་བུ་སྨིན་པའི་དུས་བསྟན་པ་ནི། འདི་ལྟར་ཏེ། སྤྱིར་ཟས་སྐོམ་ཟོས་པའི་དྭངས་མའམ་བཅུད་དེ་ཉིད་ལུས་ཟུངས་སུ་འགྱུར་ཞིང་འབྲས་བུ་རྫོགས་པའི་དུས་ནི། ལུས་ཟུངས་བདུན་གྱི་ཐ་མ་ཁུ་བར་ཟས་ཟོས་ནས་ཞག་མ་དྲུག་ནས་འགྱུར་བ་ཡིན་ཏེ། འོན་ཀྱང་དམིགས་བསལ་དུ་རོ་ཙ་བར་བྱེད་པ་ལ་སོགས་ནུས་པ་རྣོ་མྱུར་དང་ལྡན་པའི་ཟས་སྨན་གྱི་རིགས་དག་ནི་འཕྲལ་མ་ཉིད་དུ་འབྲས་བུ་རྫོགས་པའམ་སྨིན་པར་འགྱུར་ཏེ། ཁུ་བ་སྐྱེད་པར་བྱེད་པའང་ཡོད། དེ་མིན་སྤྱིར་བཏང་གི་སྨན་ཕལ་ཆེ་བའི་ནུས་པ་ཐོན་ནས་རང་རང་གི་ཕན་པའི་ལས་བྱེད་པའམ་འབྲས་བུ་རྫོགས་པའི་དུས་ནི། ཕལ་ཆེར་ཞག་གཅིག་ནས་ནུས་པ་ཐོན་པའི་ལས་བྱེད་པར་འགྱུར་བ་ཡིན། འདིར་ཕལ་ཆེར་ཞེས་སྨོས་ནས་དམིགས་བསལ་གྱི་རིགས་ལ་ལས་ནི་ཞག་གཅིག་གི་སྔོན་ལ་ལས་བྱེད་པ་དང་། ལ་ལས་ནི་ཞག་གཅིག་ལས་མང་བའི་བར་ཡང་ལས་མི་བྱེད་པ་སོགས་མང་དུ་ཡོད་པའང་ཤེས་དགོས་སོ། ། 2.གནོད་བྱེད་ཉེས་པའི་མཚན་ཉིད་བཤད་པ་ལ་ནང་གསེས་དབྱེ་བ་བརྒྱད་ཡོད་དེ། (1)ཉེས་པའི་དབྱེ་བ་ལ་གཉིས་ཏེ། [1]སྤྱིའི་དབྱེ་བ་ནི། དབྱེ་བ་རླུང་དང་མཁྲིས་པ་བད་ཀན་གསུམ། ། རྒྱུ་དང་ངོ་བོ་དཔེ་དང་འབྲས་བུ་དང་། ། གཉེན་པོའི་སྒོ་ནས་གྲངས་དང་གོ་རིམ་གྲུབ། ། རྣམ་པར་མ་གྱུར་ལས་གནས་གྱུར་པས་འཇོམས། ། ཞེས་པ་སྟེ། གནོད་བྱེད་ཉེས་པ་ལ་རྩ་བའི་དབྱེ་བ་རླུང་དང་མཁྲིས་པ་བད་ཀན་བཅས་རྣམ་པ་གསུམ་ཡོད་ལ། དེ་གསུམ་ཡང་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ངོ་བོ་ཚ་གྲང་བར་མ་གསུམ། དཔེ་མཐོ་དམན་བར་མ་གསུམ། འབྲས་བུ་རླུང་མཁྲིས་བད་ཀན་གསུམ། གཉེན་པོ་བསིལ་དྲོད་བཅུད་གསུམ་བཅས་སུ་ངེས་པས་ནི་དེ་དག་གི་སྒོ་ནས་ཉེས་པའི་གྲངས་ཀྱང་གསུམ་དང་། ཞར་ལ་གོ་རིམ་ཡང་རླུང་མཁྲིས་བད་ཀན་ཞེས་སུ་གྲུབ་པ་ཡིན། ཉེས་པ་དེ་གསུམ་རྣམ་པར་མ་གྱུར་པ་ཐ་མལ་དུ་གནས་ན་ལུས་གནས་པའི་གཞི་རྩ་ཡིན་ལ། འཕེལ་ཟད་འཁྲུགས་པས་རྣམ་པར་གྱུར་པས་ནི་ལུས་འཇོམས་པར་བྱེད་པའི་གནོད་བྱེད་དུ་འགྱུར་བ་ཡིན་ནོ། ། [2]བྱེ་བྲག་གི་དབྱེ་བ་ནི། རླུང་ལ་དབྱེ་ན་སྲོག་འཛིན་གྱེན་རྒྱུ་དང་། ། ཁྱབ་བྱེད་མེ་མཉམ་ཐུར་སེལ་རྣམ་པ་ལྔ། ། མཁྲིས་པའི་དབྱེ་བ་འཇུ་བྱེད་མདངས་སྒྱུར་དང་། ། སྒྲུབ་བྱེད་མཐོང་བྱེད་མདོག་གསལ་རྣམ་པ་ལྔ། ། བད་ཀན་དབྱེ་བ་རྟེན་བྱེད་མྱག་བྱེད་དང་། ། མྱོང་བྱེད་ཚིམ་བྱེད་འབྱོར་བྱེད་རྣམ་པ་ལྔ། ། ཞེས་པ་སྟེ། ཉེས་གསུམ་སོ་སོའི་ནང་གསེས་ལའང་རླུང་ལ་དབྱེ་བ་ཕྱེ་ན་རླུང་སྲོག་འཛིན་དང་། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་བཅས་རྣམ་པ་ལྔ་ཡོད་པ་དང་། མཁྲིས་པའི་དབྱེ་བ་ལའང་འཇུ་བྱེད་དང་། མདངས་སྒྱུར། སྒྲུབ་བྱེད། མཐོང་བྱེད། མདོག་གསལ་བཅས་རྣམ་པ་ལྔ། དེ་བཞིན་བད་ཀན་གྱི་དབྱེ་བ་ལའང་རྟེན་བྱེད་དང་། མྱག་བྱེད། མྱོང་བྱེད། ཚིམ་བྱེད། འབྱོར་བྱེད་བཅས་རྣམ་པ་ལྔ་སྟེ་ཁྱོན་ནང་གསེས་ལ་དབྱེ་བ་རྣམ་གྲངས་བཅོ་ལྔ་ཡོད་དོ། ། (2)ཉེས་པ་དེ་ཉིད་མངལ་དུ་འཇུག་པའི་ཚུལ་ནི། དེ་ཉིད་མངལ་དུ་གྲུབ་པའི་ཚུལ་བསྟན་པ། ། སྐྱེ་བའི་དང་པོ་ཁུ་བ་ཁྲག་ལ་གནས། ། དཔེར་ན་དུག་ཅན་སྲིན་བུའི་དུག་བསྐྱེད་མཚུངས། ། ཞེས་པ་སྟེ། རླུང་མཁྲིས་བད་ཀན་གྱི་ཉེས་པ་དེ་ཉིད་སྐྱེ་བོའི་ལུས་ལ་རང་ཆས་སུ་ཡོད་པས་ཐོག་མར་ལུས་མངལ་དུ་ཆགས་པའི་ཚེ་ཇི་ལྟར་བྱས་ཏེ་གྲུབ་པའི་ཚུལ་བསྟན་པ་ནི། ལུས་ཅན་རྣམས་མ་ཡི་མངལ་དུ་ཁུ་ཁྲག་སེམས་གསུམ་མཉམ་དུ་ཚོགས་ནས་སྐྱེ་བའམ་ལུས་ཆགས་པའི་དང་པོ་ཐོག་མ་ཉིད་ནས་ཉེས་པ་གསུམ་པོ་རང་ཆས་སུ་ཡོད་པ་ཡིན་ཏེ་ལུས་ཀྱི་རྒྱུར་གྱུར་པའི་ས་བོན་ཁུ་བ་དང་ཁྲག་གཉིས་ལ་ཉེས་པའི་རང་བཞིན་རང་ཆས་སུ་གནས་པའི་ཕྱིར། དེ་ནི་དཔེར་ན་དུག་ཅན་གྱི་སྲིན་བུའི་ལུས་ལ་ཡོད་པའི་དུག་དེ། སྲིན་བུའི་ལུས་ལ་ལྷན་སྐྱེས་རང་བཞིན་དུ་ཡོད་པས། སྲིན་བུའི་ལུས་དང་མཉམ་དུ་དུག་ཀྱང་རང་ཆས་སུ་སྐྱེད་པ་དང་མཚུངས་པ་ཡིན་ནོ། ། (3)ལུས་ཀྱི་རང་བཞིན་ཇི་ལྟར་འབྱུང་བ་བསྟན་པ་ནི། ཁུ་ཁྲག་མངལ་གནས་ཟས་དང་སྤྱོད་ལམ་གྱིས། ། ཉེས་པ་ལྷག་གྱུར་རང་བཞིན་བདུན་དུ་འགྱུར། ། རླུང་ཆུང་མཁྲིས་པ་འབྲིང་ལ་བད་ཀན་ཆེ། ། འདུས་པ་མཆོག་ཡིན་ལྡན་གསུམ་བར་མར་འགྱུར། ། ཞེས་པ་སྟེ། ཁུ་ཁྲག་གཉིས་མངལ་དུ་འདྲེས་ཤིང་གནས་པའི་ཚེ་མངལ་ལྡན་མ་ཡི་ཟས་དང་སྤྱོད་ལམ་གྱི་དབང་གིས་མཐར་མངལ་གནས་བུ་ཡི་ལུས་ལ་ཡོད་པའི་ཉེས་པ་གསུམ་པོ་ལྷག་གྱུར་པ་སྟེ་ཤས་ཆེ་ཆུང་དུ་གྱུར་པའོ། ། དེའི་དབང་གིས་ལུས་བོངས་ཆེ་ཆུང་སོགས་ཀྱི་རང་བཞིན་ཡང་རྣམ་པ་བདུན་དུ་འགྱུར་བ་ཡིན་ཏེ། དེ་ཡང་རླུང་གི་རང་བཞིན་ཤས་ཆེ་ན་ལུས་བོངས་ཆུང་ཞིང་། མཁྲིས་པའི་རང་བཞིན་ཤས་ཆེ་ན་ལུས་བོངས་འབྲིང་བ། བད་ཀན་གྱི་རང་བཞིན་ཤས་ཆེ་བས་ནི་ལུས་བོངས་ཀྱང་ཆེ་བ། ཉེས་གསུམ་འདུས་པ་ཞེས་ཆ་སྙོམས་པར་འགྱུར་ན་ལུས་བོངས་ཀྱང་ཆེ་ཆུང་རན་ལ་མཆོག་ཏུ་གྱུར་པ་ཡིན། ཉེས་པ་གསུམ་ལས་གང་རུང་གཉིས་ཅུང་ཤས་ཆེ་བ་ལས་འབྱུང་བའི་ལྡན་པ་གསུམ་ལས་ནི། ལུས་བོངས་ཀྱང་བར་མར་འགྱུར་བ་ཡིན་ཞེས་པའི་དོན་ནོ། ། (4)ལུས་ཀྱི་མེ་དྲོད་ཇི་ལྟར་འགྱུར་བའི་ཚུལ་བསྟན་པ་ནི། དེ་བཞིན་ཕོ་བའི་མེ་དྲོད་བཞིར་འགྱུར་ཏེ། ། རླུང་གིས་མི་སྙོམས་མཁྲིས་པས་རྣོ་བ་དང་། ། བད་ཀན་ཆུང་ལ་འདུས་པ་མཉམ་པར་འགྱུར། ། ཞེས་པ་སྟེ། གོང་དུ་ཉེས་པའི་དབང་གིས་ལུས་སྤྱི་ཡི་རང་བཞིན་མི་འདྲ་བར་འགྱུར་བ་དེ་བཞིན་དུ། སྐྱེ་བོ་རང་རང་སོ་སོའི་ལུས་ལ་ཡོད་པའི་ཉེས་པ་ཤས་ཆེ་ཆུང་གི་དབང་གིས་ལུས་ཀྱི་མེ་དྲོད་ཀྱང་ཆེ་ཆུང་མི་འདྲ་བ་རྣམ་པ་བཞིར་འགྱུར་བ་ཡིན་ཏེ། དེ་ཡང་རླུང་གི་རང་བཞིན་ཤས་ཆེ་བས་ནི་མེ་དྲོད་མི་སྙོམས་པ་སྟེ་རེ་འགའ་ཆེ་ལ་རེ་འགའ་ཆུང་བར་འགྱུར་བ་དང་། མཁྲིས་པའི་རང་བཞིན་ཤས་ཆེ་བས་ནི་མེ་དྲོད་ཆེ་ལ་རྣོ་བར་འགྱུར་བ་དང་། བད་ཀན་གྱི་རང་བཞིན་ཤས་ཆེ་བས་ནི་མེ་དྲོད་ཆུང་བར་འགྱུར་བ། འདུས་པ་སྟེ་ཉེས་གསུམ་གྱི་རང་བཞིན་ཆ་མཉམ་རན་པར་འབྱུང་ན་མེ་དྲོད་ཀྱི་སྟོབས་ཀྱང་མཉམ་ལ་རན་པར་འགྱུར་བ་ཡིན། ཞེས་པའོ། ། (5)ལྟོ་བ་སྲ་སྙི་ཇི་ལྟར་འགྱུར་བའི་ཚུལ་བསྟན་པ་ནི། ལྟོ་བ་རླུང་གིས་སྲ་ལ་མཁྲིས་པས་སྙི། །བད་ཀན་གྱིས་ནི་ལྟོ་བ་བར་མར་འགྱུར། ། ཞེས་པ་སྟེ། ཉེས་པ་ཤས་ཆེ་ཆུང་གི་དབང་གིས་ལྟོ་བ་སྲ་སྙིའི་ཁྱད་པར་མི་འདྲ་བ་འབྱུང་བ་སྟེ། ལྟོ་བ་སྲ་སྙི་ནི་གཙོ་བོ་འཁྲུ་སྐྱེན་ལོས་ཀྱི་ཁྱད་པར་རོ། ། དེ་ཡང་ཉེས་པ་རླུང་ཤས་ཆེ་བའི་དབང་གིས་ལྟོ་བ་སྲ་བ་སྟེ་འཁྲུ་དཀའ་བ་དང་། མཁྲིས་པའི་རང་བཞིན་ཤས་ཆེ་བས་ནི་ལྟོ་བ་སྙི་བ་སྟེ་འཁྲུ་སྐྱེན་པ། བད་ཀན་གྱི་རང་བཞིན་ཤས་ཆེ་བས་ནི་ལྟོ་བ་སྲ་སྙི་བར་མར་འགྱུར་པ་སྟེ་རླུང་ཤས་ཅན་ལྟར་སྲ་བ་མིན་ལ་མཁྲིས་ཤས་ཆེ་བ་ལྟར་སྙི་བ་ཡང་མིན་པ་ཞིག་ཡིན་ཞེས་པའི་དོན་ནོ། ། (6)ཉེས་པ་གསུམ་གྱི་གནས་ས་བསྟན་པ་ནི། གནས་ས་ལུས་ཁྱབ་གྱུར་ཀྱང་སྙིང་ག་དང་། ། ལྟེ་བའི་འོག་བར་སྟེང་ན་མས་རིམ་གནས། ། ཞེས་པ་སྟེ། ཉེས་པ་གསུམ་གྱི་གནས་ས་ནི་སྤྱིར་ལུས་ཡོངས་ལ་ཁྱབ་པར་གྱུར་པ་ཞིག་ཡིན་མོད་ཀྱང་བྱེ་བྲག་ཏུ་སྙིང་གའི་ཐད་ནས་ཐིག་གཅིག་འཐེན་པའི་སྟེང་སྟེ་ཡན་ཆད་དུམ་བུ་གཅིག་དང་། ལྟེ་བའི་ཐད་ནས་ཐིག་གཅིག་འཐེན་པའི་འོག་སྟེ་མན་ཆད་བུམ་བུ་གཅིག་དང་། དེ་གཉིས་ཀྱི་བར་བཅས་གནས་གསུམ་ན་ལྟེ་བའི་ལྟེ་བའི་འོག་བར་སྟེང་བཅས་ན་མས་ནས་རིམ་བཞིན་དུ་གྱེན་དུ་རླུང་མཁྲིས་བད་ཀན་གསུམ་གྱི་གནས་ས་ཡིན་ནོ། ། (7)ཉེས་པ་གསུམ་གྱི་ལས་བསྟན་པ་ལ་གཉིས་ཏེ། [1]ཉེས་པ་གསུམ་གྱི་ལས་སྤྱིར་བསྟན་པ་ནི། ཉེས་པའི་ལས་ནི་རླུང་གིས་དབུགས་འབྱིན་རྔུབ། ། བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་གནོད་བྱ་རྒྱུ། ། དབང་པོ་གསལ་དང་ལུས་རྗེས་འཛིན་པར་བྱེད། ། མཁྲིས་ལས་བཀྲེས་སྐོམ་ཟས་ལེན་འཇུ་བ་དང་། ། ལུས་དྲོད་མདངས་གསལ་སྙིང་དཔའ་བློ་ལྡན་བྱེད། ། བད་ཀན་ལུས་དང་བློ་བརྟན་གཉིད་ལོག་དང་། ། ཚིགས་འབྲེལ་བཟོད་ཅིང་ལུས་འཇམ་སྣུམ་པར་བྱེད། ། ཅེས་པ་སྟེ། ཉེས་པའི་བྱེད་ལས་བསྟན་པ་ནི་འདི་ལྟ་སྟེ། རླུང་གི་ནི་དབུགས་ཕྱིར་འབྱིན་པ་དང་ནང་དུ་རྔུབ་པ། ལུས་ངག་ཡིད་གསུམ་གྱི་འགུལ་བསྐྱོད་ཀྱི་བྱ་བ་བྱེད་པ་དང་། སྒོ་གསུམ་ལས་ལ་སྤྱོད་པ། ལུས་ངག་གི་ཤུགས་འབྱིན་པ། གནོད་བྱ་བཅུ་པོ་རང་རང་གི་ལམ་དུ་རྒྱུ་བར་བྱེད་པ། མིག་ལ་སོགས་པའི་དབང་པོ་རྣམས་གསལ་བར་བྱེད་པ་དང་ལུས་འདི་ཉིད་མི་ཞིག་མི་འཐོར་བར་རྗེས་སུ་འཛིན་པར་བྱེད་པའོ། ། མཁྲིས་པའི་བྱེད་ལས་ནི། ལྟོ་བ་བཀྲེས་རྒྱུ་ཡོད་པ་དང་། སྐོམ་རྒྱུ་ཡོད་པ། ཟས་སྐོམ་ཡི་གར་ལེན་པ། ཟས་ཟོས་པ་རྣམས་འཇུ་བར་བྱེད་པ་དང་། ལུས་ཀྱི་དྲོད་དང་མདངས་གསལ་བར་བྱེད་པ། སྙིང་དཔའ་བ་སྟེ་བློ་ཁོག་ཡངས་ཤིང་བློ་སྟོབས་ལྡན་པ། བྱ་བ་གང་ལའང་ཤེས་ཤིང་བློ་དང་ལྡན་པར་བྱེད་པའོ། ། བད་ཀན་གྱི་བྱེད་ལས་ནི་ལུས་དང་བློ་བརྟན་པར་བྱེད་པ་དང་གཉིད་ལོག་ཐུབ་པ་དང་། རྐང་ལག་གི་ཚོགས་རྣམས་འབྲེལ་ནས་ལྷུ་མི་འཆོར་བ། ནད༌དང་དཀའ་སྡུག་ངལ་བ་བཟོད་ཅིང་། ལུས་འཇམ་པ་དང་། སྣུམ་པར་བྱེད་པ་ཡིན། ། [2]ཁྱད་པར་གྱི་ལས་བྱེ་བྲག་ཏུ་བསྟན་པ་ལ་གསུམ་སྟེ། <1> རླུང་གི་བྱེ་བྲག་སོ་སོའི་གནས་དང་བྱེད་ལས་བསྟན་པ་ནི། ཁྱད་པར་སྲོག་འཛིན་རླུང་དེ་སྤྱི་བོར་གནས། ། གྲེ་བ་བྲང་གཞུང་རྒྱུ་ཞིང་ཟས་སྐོམ་མིད། ། དབུགས་རྔུབ་མཆིལ་འདོར་སྦྲིད་པ་སྒྲེག་པ་འབྱིན། ། བློ་དང་དབང་པོ་གསལ་ཞིང་སེམས་འཛིན་བྱེད། ། གྱེན་དུ་རྒྱུ་བའི་རླུང་ནི་བྲང་ལ་གནས། ། སྣ་ལྕེ་ལྐོག་མར་རྒྱུ་ཞིང་ཚིག་འབྱིན་ལ། ། སྟོབས་མདངས་ཁ་དོག་འབད་རྩོལ་དྲན་གསལ་བྱེད། ། ཁྱབ་བྱེད་རླུང་ནི་སྙིང་ལ་གནས་པ་སྟེ། ། ལུས་ཀུན་ཁྱབ་པར་རྒྱུ་ཞིང་འདེགས་འཇོག་འགྲོ། ། བརྐྱང་བཀུམ་འབྱེད་འཛུམ་བྱ་བ་ཕལ་རག་ལས། ། མེ་དང་མཉམ་པའི་རླུང་ནི་ཕོ་བར་གནས། ། ནང་གྲོལ་ཀུན་ཏུ་རྒྱུ་ཞིང་ཁ་ཟས་འཇུ། ། དྭངས་སྙིགས་འབྱེད་ཅིང་གནོད་བྱ་སྨིན་པར་བྱེད། ། ཐུར་དུ་སེལ་བའི་རླུང་ནི་གཞང་ལ་གནས། ། ལོང་དང་ལྷིང་པོ་གསང་བ་བརླ་ནང་རྒྱུ། ། ཁུ་ཁྲག་བཤང་གཅི་མངལ་ནང་འབྱིན་སྡོམ་བྱེད། ། ཅེས་པ་སྟེ། ཉེས་པ་གསུམ་ལས་ཁྱད་པར་ཉེས་པ་སོ་སོའི་བྱེ་བྲག་གི་གནས་དང་བྱེད་ལས་ནི། རླུང་གི་རིགས་སྲོག་འཛིན་ཞེས་བྱ་བ་ནི་གཙོ་བོ་སྤྱི་བོ་ལ་གནས་ཤིང་། ཡུལ་གྲེ་བ་བྲང་གཞུང་དུ་རྒྱུ་བ་དང་། བྱེད་ལས་ནི་ཟས་སྐོམ་མིད་པ་དང་། དབུགས་རྔུབ་པ། མཆིལ་མ་འདོར་བ། སྦྲིད་པ་དང་། སྒྲིག་པ་འབྱིན་པ་བློ་གྲོས་མིག་ལ་སོགས་པའི་དབང་པོ་གསལ་ཞིང་སེམས་མི་གཏོང་བར་རང་དང་ལྷན་ཅིག་ཏུ་འཛིན་པར་བྱེད་པ་ཡིན་ནོ།།གྱེན་དུ་རྒྱུ་བའི་རླུང་ནི་གཙོ་བོ་བྲང་ལ་གནས་ཤིང་ཡུལ་སྣ་ལྕེ་ལྐོག་མར་རྒྱུ་ཞིང་བྱེད་ལས་ཚིག་འབྱིན་པ་དང་། སྟོབས་མདངས་ཁ་དོག་རྣམས་རྒྱས་པར་བྱེད་པ་དང་། འབད་པ་དང་། རྩོལ་བ་བསྐྱེད་ཅིང་དྲན་པའི་དབང་པོ་གསལ་བར་བྱེད་པ་ཡིན། ཁྱབ་བྱེད་ཅེས་བྱ་བའི་རླུང་ནི་གཙོ་བོ་སྙིང་གར་གནས་ཤིང་། ཡུལ་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པར་རྒྱུ་ཞིང་། བྱེད་ལས་རྐང་ལག་རྣམས་འདེགས་པ་དང་། འཇོག་པའི་ངང་ནས་འགྲོ་བ་དང་། བརྐྱང་བསྐུམ་དང་། ཁ་མིག་སོགས་འབྱེད་འཛུམ་བྱེད་པ་མདོར་ན་ལུས་ངག་ཡིད་བཅས་ཀྱི་བྱ་བ་ཕལ་ཆེར་འདི་ལ་རག་ལས་པའོ། ། ཕོ་བའི་མེ་དང་མཉམ་པའི་རླུང་ནི་གཙོ་བོ་ཕོ་བར་གནས་པ་དང་། ཡུལ་རྒྱུ་མ་སོགས་ནང་ཁྲོལ་ཀུན་ཏུ་རྒྱུ་ཞིང་བྱེད་ལས་ཁ་ཟས་རྣམས་འཇུ་བ་དང་དྭངས་སྙིགས་འབྱེད་ཅིང་ཁྲག་ལ་སོགས་པའི་གནོད་བྱ་གཞན་རྣམས་སྨིན་པར་བྱེད་པ་ཡིན་ནོ། ། ཐུར་དུ་སེལ་བའི་རླུང་ནི་གཙོ་བོ་གཞང་ལ་གནས་པ་དང་། ཡུལ་ལོང་དང་ ལྒང་པ་གསང་བའི་གནས་བརླ་ཡི་ནང་དུ་རྒྱུ་ཞིང་། བྱེད་ལས་ཁུ་ཁྲག་དང་བཤང་གཅི་རྣམས་དང་། མངལ་གནས་ཀྱི་བུ་ལ་སོགས་པ་འབྱིན་པ་དང་སྡོམ་པའི་བྱ་བ་བྱེད་པའོ། ། <2>མཁྲིས་པའི་བྱེ་བྲག་སོ་སོའི་གནས་དང་བྱེད་ལས་བསྟན་པ་ནི། འཇུ་བྱེད་བཞུ་དང་མ་བཞུའི་བར་ན་གནས། ། ཟས་འཇུ་དྭངས་སྙིགས་འབྱེད་ཅིང་ལུས་དྲོད་དང་། ། ལྷག་མ་བཞི་ཡི་གྲོགས་དང་སྟོབས་སྐྱེད་བྱེད། ། མཁྲིས་པ་མདངས་སྒྱུར་མཆིན་པར་གནས་པ་སྟེ། ། དྭངས་མ་ལ་སོགས་ཁ་དོག་་མ་ལུས་སྒྱུར། ། མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས་པ་སྟེ། ། ཡིད་གཞུངས་ང་རྒྱལ་བློ་དང་འདོད་པ་སྒྲུབ། ། མཐོང་བྱེད་མིག་ལ་གནས་ནས་གཟུགས་མཐོང་བྱེད། ། མདོག་གསལ་པགས་གནས་པགས་མདོག་གསལ་བར་བྱེད། ། ཅེས་པ་སྟེ། མཁྲིས་པ་འཇུ་བྱེད་ཅེས་བྱ་བ་ནི་བཞུ་བའི་གནས་ལོང་དང་མ་བཞུ་བའི་གནས་ཕོ་བའི་བར་ན་གནས་པ་དང་། བྱེད་ལས་ནི་ཁ་ཟས་ཟོས་ཤིང་འཐུངས་པ་རྣམས་རབ་ཏུ་འཇུ་བ་དང་དྭངས་སྙིགས་ཀྱང་ཅུང་ཟད་འབྱེད་ཅིང་ལུས་དྲོད་ལྷག་པར་བསྐྱེད་པ་དང་། དེར་མ་ཟད་མཁྲིས་པའི་རིགས་ལྷག་མ་མདངས་སྒྱུར་སོགས་བཞི་ཡི་གྲོགས་དང་སྟོབས་ཀྱང་སྐྱེད་པར་བྱེད་པའོ། ། མཁྲིས་པ་མདངས་སྒྱུར་ནི་མཆིན་པ་ལ་གནས། བྱེད་ལས་ནི་ལུས་ཟུངས་ཀྱི་ཐོག་མ་དྭངས་མ་དེ་ཉིད་ཁྲག་ལ་སོགས་པ་དམར་པོར་བསྒྱུར་བ་དང་ལུས་ཟུངས་གཞན་རྣམས་ཀྱང་རང་རང་གི་རིགས་མཐུན་པའི་ཁ་དོག་ཏུ་སྒྱུར་བར་བྱེད་པ་ཡིན་ནོ། ། མཁྲིས་པ་སྒྲུབ་བྱེད་ཅེས་བྱ་བ་ནི་གཙོ་བོ་སྙིང་ལ་གནས་པ་དང་། བྱེད་ལས་ནི་བསྒྲུབ་པར་བྱ་བའི་དོན་ལ་ཡིད་གཞུངས། ང་རྒྱལ་བསྐྱེད་པ། བླང་དོར་གནས་ལ་སྤྱོད་པའི་བློ་གྲོས་དང་འདོད་པ་བསྒྲུབ་པ་ལ་བརྩོན་པར་བྱེད་པའོ། ། མཁྲིས་པ་མཐོང་བྱེད་ནི་གཙོ་བོ་མིག་ལ་གནས་པ་དང་བྱེད་ལས་ནི་ཕྱི་རོལ་གྱི་གཟུགས་ཀྱི་བྱེ་བྲག་མ་ལུས་པ་མཐོང་ཞིང་ཕྲ་མོ་ཙམ་ཡང་མི་ནོར་བ་འབྱེད་པར་བྱེད་པའོ། ། མཁྲིས་པ་མདོག་གསལ་ནི་གཙོ་བོ་པགས་པའི་རིམ་པ་ལ་གནས་པ་དང་བྱེད་ལས་པགས་པའི་རིམ་པ་ལ་གནས་པ་དང་བྱེད་ལས་པགས་པའི་ཆ་ཤས་ཡོད་དོ་ཅོག་གི་མདོག་གསལ་ཞིང་བཀྲག་མདངས་དང་ལྡན་པར་བྱེད་པ་ཡིན་ནོ། ། <3>བད་ཀན་གྱི་བྱེ་བྲག་སོ་སོའི་གནས་དང་བྱེད་ལས་བསྟན་པ་ནི། བད་ཀན་རྟེན་བྱེད་བྲང་ལ་གནས་པ་སྟེ། ། ལྷག་མ་བཞི་ཡི་རྟེན་དང་ཆུ་ལས་བྱེད། ། བད་ཀན་མྱག་བྱེད་མ་བཞུ་བ་ལ་གནས། ། ཟས་སྐོམ་མྱག་ཅིང་འདྲུལ་བར་བྱེད་པ་ཡིན། ། བད་ཀན་མྱོང་བྱེད་ལྕེར་གནས་རོ་ཚོར་བྱེད། ། ཚིམ་བྱེད་མགོར་གནས་དབང་པོ་ཚིམ་པར་བྱེད། ། བད་ཀུན་འབྱོར་བྱེད་ཚིགས་དམིགས་ཀུན་ལ་གནས། ། ཚིགས་རྣམས་འབྱོར་ཞིང་བརྐྱང་བསྐུམ་བྱེད་པ་ཡིན། ། ཞེས་པ་སྟེ། བད་ཀན་རྟེན་བྱེད་ཅེས་བྱ་བ་ནི་གཙོ་བོ་བྲང་ལ་གནས་པ་དང་། བྱེད་ལས་ནི་བད་ཀན་མྱག་བྱེད་ལ་སོགས་པ་ལྷག་མ་བཞི་ཡི་རྟེན་བྱེད་པ་དང་། ཁྱད་པར་མ་འཐུངས་ངོམས་པ་ལ་སོགས་པ་ཆུ་དང་མཐུན་པའི་ལས་བྱེད་པའོ། ། བད་ཀན་མྱག་བྱེད་ཅེས་པ་ནི་གཙོ་བོ་ཕོ་བའི་སྟོད་མ་བཞུ་བའི་ཆ་ལ་གནས་པ་དང་བྱེད་ལས་ནི་ཟས་སྐོམ་རྣམས་མྱག་ཅིང་མྱུར་ལྡུར་ལྡུར་བོར་འདྲུལ་བར་བྱེད་པའོ། ། བད་ཀན་མྱོང་བྱེད་ནི་གཙོ་བོ་ལྕེ་ལ་གནས་པ་དང་བྱེད་ལས་ནི་རོ་དྲུག་གི་བྱེ་བྲག་རྣམས་ཚོར་ཞིང་མྱོང་བར་བྱེད་པའོ། ། བད་ཀན་ཚིམ་བྱེད་ནི་གཙོ་བོ་མགོ་བོ་ལ་གནས་པ་དང་བྱེད་ལས་ནི་མིག་ལ་སོགས་པ་དབང་པོ་རྣམས་ཡུལ་གཟུགས་ལ་སོགས་པ་ལ་སྤྱད་པས་ཚིག་པར་བྱེད་པའོ། ། བད་ཀན་འབྱོར་བྱེད་ནི་གཙོ་བོ་ལུས་ཁམས་ཀྱི་ཚིགས་དམིགས་ཀུན་ལ་གནས་པ་དང་བྱེད་ལས་ནི་ཚིགས་རྣམས་ཕན་ཚུན་འབྲེལ་ཅིང་འབྱོར་བར་བྱེད་པའོ། ། དེ་ལྟར་བཤད་པའི་ཉེས་པ་གསུམ་པོ་སོ་སོའི་བྱེ་བྲག་པ་རྣམས་ཀྱི་གནས་ས་དང་བྱེད་ལས་སོགས་ནི་གཙོ་ཆེ་བའི་ཆ་ཤས་ཀྱི་སྒོ་ནས་བཤད་པ་ཡིན་ལ་སྤྱིར་བཏང་དབང་དུ་བྱས་ན་ཉེས་པ་གསུམ་པོ་རྣམས་ལུས་ཀྱི་སྟོད་སྨད་ཕྱི་ནང་ཀུན་ཏུ་ཁྱབ་པར་གནས་པ་ཙམ་མ་ཟད། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་ལུས་ཀྱི་བྱ་བ་མ་ལུས་པ་བྱེད་པས་ན་ལུས་འདི་ཉིད་ཡུན་དུ་འཚོ་ཞིང་གནས་པར་བྱེད་པའོ། ། (8)ཉེས་པའི་མཚན་ཉིད་བཤད་པ་ནི། ཉེས་པའི་མཚན་ཉིད་རླུང་མཁྲིས་བད་ཀན་གསུམ། ། རླུང་གི་མཚན་ཉིད་རྩུབ་ཅིང་ཡང་བ་དང་། ། གྲང་ཞིང་ཕྲ་ལ་སྲ་ཞིང་གཡོ་བ་ཡིན། ། མཁྲིས་པའི་མཚན་ཉིད་སྣུམ་བཅས་རྣོ་ཞིང་ཚ། ། ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་བ་ཡིན། ། བད་ཀན་མཚན་ཉིད་སྣུམ་ཞིང་བསིལ་བ་དང་། ། ལྕི་རྟུལ་་འཇམ་བརྟན་འབྱར་བག་ཅན་དུ་གནས། ། ཞེས་གསུངས་སོ། ། ཞེས་པ་སྟེ། དེ་ཡང་ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོ་རྣམ་པར་མ་གྱུར་པའི་མཚན་ཉིད་དམ་རང་རང་གི་ངོ་བོ་ནི་རླུང་གི་མཚན་ཉིད་འཇམ་པ་ལས་ལྡོག་པ་རྩུབ་པ་དང་། ལྕི་བ་ལས་ལྡོག་པ་ཡང་བ་དང་། དྲོ་བ་ལས་ལྡོག་པ་གྲང་བ་དང་། སྦོམ་པ་ལས་ལྡོག་པ་ཕྲ་བ་དང་། སྙི་བ་ལས་ལྡོག་པ་སྲ་བ་དང་། བརྟན་པ་ལས་ལྡོག་པ་གཡོ་བ་བཅས་ཟུར་དྲུག་དང་ལྡན་པའི་མཚན་ཉིད་འདི་ནི་རླུང་ཁོ་ནའི་ཁྱད་ཆོས་ཡིན་གཤིས་རྣམ་པར་མ་གྱུར་པའི་སྐབས་རླུང་གི་རང་བཞིན་དང་། རླུང་གི་ལས་ལ་སོགས་པ་མཚན་ཉིད་དེ་རྣམས་དང་ཆོས་མཐུན་པ་དང་། རྣམ་པར་གྱུར་པའི་སྐབས་སུའང་ནད་ཀྱི་རྟགས་མཚན་ཉིད་དེ་དག་དང་ཆོས་མཐུན་པ་འབྱུང་བའི་ཕྱིར་རོ། ། མཁྲིས་པའི་མཚན་ཉིད་ནི་སྐྱ་བ་ལས་ལྡོག་པ་སྣུམ་པ་དང་བཅས་པ་དང་། རྟུལ་བ་ལས་ལྡོག་པ་རྣོ་བ་དང་། བསིལ་བ་ལས་ལྡོག་པ་ཚ་བ་དང་། ལྕི་བ་ལས་ལྡོག་པ་ཡང་བ་དང་། དྲི་མ་མེད་པ་རྣམས་དང་སྐམ་པའི་ལས་མི་ལྡན་པས་དྲི་མི་ཞིམ་པ་མནམ་པར་བྱེད་པ་དང་། ས་ཆུ་ཤས་ཆེ་བའི་ཟས་དང་སྨན་ཅུང་ཞིག་འཕྲད་པས་ཐུར་དུ་འཁྲུ་ཞིང་གཤེར་བའི་བྱ་བ་བྱེད་པ་སྟེ་ཟུར་བདུན་དང་ལྡན་པའི་མཚན་ཉིད་ནི་མཁྲིས་པ་ཁོ་ནའི་ཁྱད་ཆོས་ཡིན་གཤིས་རྣམ་པར་མ་གྱུར་པའི་སྐབས་མཁྲིས་པའི་རང་བཞིན་དང་མཁྲིས་པའི་ལས་ལ་སོགས་པ་མཚན་ཉིད་དེ་རྣམས་དང་ཆོས་མཐུན་པ་དང་། རྣམ་པར་གྱུར་པའི་སྐབས་སུའང་ནད་ཀྱི་རྟགས་མཚན་ཉིད་དེ་དག་དང་ཆོས་མཐུན་པར་འབྱུང་བའི་ཕྱིར་རོ། ། བད་ཀན་མཚན་ཉིད་ནི་སྐྱེ་བ་ལས་ལྡོག་པ་སྣུམ་པ་དང་། ཚ་བ་ལས་ལྡོག་པ་བསིལ་བ། ཡང་བ་ལས་ལྡོག་པ་ལྕི་བ། རྣོ་བ་ལས་ལྡོག་པ་རྟུལ་བ། རྩུབ་པ་ལས་ལྡོག་པ་འཇམ་པ། གཡོ་བ་ལས་ལྡོག་པ་བརྟན་པ་རྣམ་པ་འབྱར་བག་ཤིན་ཏུ་ཆེ་བ་བེ་སྣབས་ཅན་གྱི་ཚུལ་དུ་གནས་པ་སྟེ་ཟུར་བདུན་དང་ལྡན་པའི་མཚན་ཉིད་ནི་བད་ཀན་ཁོ་ནའི་ཁྱད་ཆོས་ཡིན་གཤིས་རྣམ་པར་མ་གྱུར་པའི་སྐབས་བད་ཀན་གྱི་རང་བཞིན་དང་། བད་ཀན་གྱི་ལས་ལ་སོགས་པ་མཚན་ཉིད་དེ་རྣམས་དང་ཆོས་མཐུན་པ་དང་རྣམ་པར་གྱུར་པའི་སྐབས་སུའང་ནད་ཀྱི་རྟགས་མཚན་ཉིད་དེ་དག་དང་ཆོས་མཐུན་པའི་ཕྱིར་རོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་159.10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number