7154

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསམ་གཏན་གྱི་ཆོས་དྲུག
Tibetan Alternate
Tibetan Definition དེ་ཡང་། བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ་ལས་བྱུང་བ་སྟེ།

བསམ་གཏན་ཆོས་དྲུག་དཔེ་དྲུག་གིས་སྟོན་པ་ལས། 1. སྤང་བར་སྟོན་པ་གསུམ་ནི། (1)སེར་སྐྱ་མོ་ཞེས་བྱ་བ་ནི། དེ་ནི་རེ་བ་སྤང་བར་སྟོན་པ་སྟེ། དེ་ཡང་བུད་མེད་སྨད་འཚོང་མ་ཞིག་སྐྱེས་པ་དང་དུས་བཏབ་པ་ལས། མཚན་གྱི་སྟོད་ནི་སྐྱེས་པ་འོང་དུ་རེ་བ་ལས་ཡིད་སྡུག་བསྔལ་བར་གྱུར་ལ། མཚན་གྱི་སྨད་ནི་སྐྱེས་པ་མི་འོང་བར་རེ་ཐག་ཆོད་པས་སེམས་བདེ་བར་གཉིད་ཀྱིས་ལོག་པ་དེ་བཞིན་དུ། འདོད་པའི་ལོངས་སྤྱོད་སྔར་མ་ཐོབ་པའི་ཡུལ་རྣམས་ཐོབ་པར་རེ་བའི་སྐྱེས་བུ་སྟོབས་དང་ལྡན་པ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་ན། སྟོབས་ཆུང་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་འདོད་པའི་ཡོན་ཏན་མ་ཐོབ་པ་ལ་རེ་བ་མི་བྱེད་པ་ནི་བདེ་བའི་མཆོག་ཡིན་ཏེ། དེ་ལ་སྡུག་བསྔལ་གྱིས་གདུང་བར་མི་བྱེད་པ་སྟོན་པའོ། ། (2)ཆུ་སྦྱར་ཞེས་བྱ་བ་ནི། ཟང་ཟིང་སྤང་བར་བྱ་བ་སྟོན་པ་སྟེ། དེ་ཡང་ཆུ་སྐྱར་ཞིག་གིས་ཉ་བཟུང་བ་དང་། ཇི་སྲིད་ཉ་དེ་མ་བོར་གྱི་བར་དུ་ཆུ་སྐྱར་གཞན་གྱིས་བསྙེགས་ཏེ་རྩོད་པར་གྱུར་ནས། ཉ་དེ་བོར་མ་ཐག་རྩོད་པ་མེད་དེ་བདེ་བར་གནས་པར་འགྱུར་བ་དེ་བཞིན་དུ། ཟང་ཟིང་གིལོངས་སྤྱོད་ཅི་ཙམ་ཡོད་པ་དེ་ཙམ་དུ་འཐབ་ཅིང་རྩོད་པའི་སྡུག་བསྔལ་ཚ་བར་འགྱུར་ལ། ཟང་ཟིང་གི་ལོངས་སྤྱོད་ཀུན་སྤངས་ཏེ་མེད་པ་ནི་སྡུག་བསྔལ་གྱི་གདུང་བ་མེད་ཅིང་བདེ་བ་ཐོབ་པ་ཡིན་ནོ། ། (3)སྦྲུལ་ཞིག་ཅེས་བྱ་བ་ནི། ཁྱིམ་སྤང་བར་བྱ་བ་སྟོན་པ་སྟེ། དེ་ཡང་སྦྲུལ་ཞིག་རང་གི་ཚང་ན་གནས་པ་ལས། སྦྲུལ་གྱི་ཕྲུ་གུ་མང་པོས་གཙེས་པས་མ་བཟོད་དེ། ཚང་དེ་ནས་བྱུང་ནས་ཕུག་གཞན་ཞིག་ཏུ་ཞུགས་ནས་བདེ་བ་ཐོབ་པར་འགྱུར་བ་དེ་བཞིན་དུ། ཁྱིམ་གྱི་གནས་ན་སོ་ནམ་ལ་སོགས་པའི་ཁང་ལས་ནི་ཤིན་ཏུ་ཡང་དཀའ་ཞིང་སྡུག་བསྔལ་ཏེ། སྐད་ཅིག་ཙམ་གྱི་བདེ་བ་ཡང་མེད་ལ། ནམ་ཞིག་ཁྱིམ་སྤངས་པར་གྱུར་པ་ན་སྡུག་བསྔལ་བ་མེད་དེ་བདེ་བར་གྱུར་པ་ཡིན་ནོ། ། དེ་དག་ནི་སྤང་བར་བྱ་བ་གསུམ་ཡིན་ནོ། ། 2. དང་དུ་བླང་བ་གསུམ་ནི། (1)ནགས་ན་རི་དྭགས་ཚོལ་བ་ཞེས་བྱ་བ་ནི། དགོན་པར་གནས་པ་དང་དུ་བླང་བར་སྟོན་པ་ཞིག་སྟེ། དེ་ཡང་རྔོན་པ་ཞིག་དུས་རྟག་ཏུ་ནགས་སུ་རྒྱུ་ཞིང་རི་དགས་ཚོལ་དུ་སོང་བ་ན། ཁྱིམ་གྱི་ལས་སྡུག་བསྔལ་བར་རིག་ཅིང་དགོན་པའི་གནས་བདེ་བའི་ཡོན་ཏན་དུ་མཐོང་ནས་གསོད་པའི་ལས་སྤངས་ཏེ། དགོན་པའི་གནས་དེ་ཉིད་དུ་གནས་ནས་བདེ་བར་གྱུར་པ་ཇི་བཞིན་དུ། གང་ཞིག་ཁྱིམ་སྤངས་ཏེ་ལམ་བཙལ་བའི་ཕྱིར་དགོན་པར་གནས་ནས་ལུས་དང་སེམས་མཆོག་ཏུ་ལས་སུ་རུང་བར་གྱུར་པ་ཡིན་ནོ། ། (2)དམིགས་པ་ཡུན་རིང་དུ་གནས་པར་བྱ་བ་དང་དུ་བླང་བ་སྟོན་པ་ནི། དེ་ཡང་མདའ་མཁན་ཞིག་མདའ་བྱ་བའི་ཕྱིར་སྨྱུག་མ་བསྲང་བ་ལ་སེམས་གཏད་པ་ན། རྒྱལ་པོ་ཆེན་པོ་ཞིག་གིས་འཁོར་རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་དཔུང་བུ་ཆུང་གི་ཚོགས་བཞིས་བསྐོར་ཏེ་འགྲོ་བའི་བུན་ལོང་དེས་མ་མཐོང་མ་ཐོས་པ་དེ་བཞིན་དུ། དགོན་པའི་གནས་དབེན་པར་ཞི་གནས་ཀྱི་སེམས་རྩེ་གཅིག་པ་ལ་རྒྱུན་དུ་བློ་གཏད་པ་རྣམས་ལ་ཡུལ་རྣམས་ཀྱིས་མི་འཕྲོགས་པར་གྱུར་པ་ཡིན་ནོ། ། (3)གཅིག་པུ་དང་དུ་བླང་བ་སྟོན་པ་ནི། བུད་མེད་གཞོན་ནུ་མ་གཅིག་ཙནྡན་བརྡར་བ་ན་ལག་པའི་གདུ་བུ་མང་པོ་འཁྲུལ་བ་མ་བདེ་ནས་རིམ་གྱིས་ཕྱུང་སྟེ་གདུ་བུ་གཉིས་ཤིག་གཞག་པ་ལས་དེ་ཡབ་འཐབ་ནས་མ་བདེ་སྟེ། གཅིག་གཞག་པ་ལ་བདེ་བར་འགྱུར་བ་བཞིན་དུ། དགོན་པའི་གནས་དེར་ཡང་གྲོགས་པོ་མང་པོ་དང་རྩོད་པར་འགྱུར་ཞིང་གཉིས་ཀྱང་ཉོན་མོངས་པའི་ཡུལ་དུ་གྱུར་པས། གཅིག་པུ་འདུག་པ་བསྔགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ ། འདི་དག་ནི་དང་དུ་བླང་བ་གསུམ་ཡིན་ནོ། །

Tibetan Source 《བསྟན་འགྱུར་དབུ་མ་ཀི་པ་》ཤ་93ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number