7473

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མན་ངག་གི་གནས་བདུན།
Tibetan Alternate
Tibetan Definition 1.ཁམས་འདུ་ལུགས་གསུམ་གྱིས་ལམ་ཕྱོགས་མེད་དུ་བྲལ་བའི་གནད་ནི། ཁམས་འདུ་ལུགས་གསུམ་པོ་ཕྱོགས་མེད་བདུན་དང་སྦྱར་བའི་ཁམས་ཀྱི་འདུ་ལུགས་གསུམ་ནི།

(1)ལས་འཕྲོ་ཅན་རང་གིས་རང་གི་ཁམས་འདུ་བ། (2)མོས་གུས་ཅན་བྱིན་རླབས་ཀྱིས་ཁམས་འདུ་བ། (3)བརྩོན་འགྲུས་ཅན་འབད་རྩོལ་གྱིས་ཁམས་འདུ་བའོ། ། ཕྱོགས་མེད་བདུན་ལས་འཕྲོ་ལ་སྦྱར་ན། (1)ལས་འཕྲོ་ཕྱོགས་མེད་དུ་སད། (2)དེས་རླུང་ཕྱོགས་མེད་དུ་ལོག (3)དེས་གཏུམ་མོའི་མེ་ཕྱོགས་མེད་དུ་འབར། (4)དེས་རྩ་ཕྱོགས་མེད་དུ་བྲལ། (5)དེས་ཁམས་ཕྱོགས་མེད་དུ་འདུ། (6)དེས་ཟག་བཅས་ཀྱི་མངོན་ཤེས་ཕྱོགས་མེད་དུ་འཆར། (7)དེས་ཟག་མེད་ཀྱི་མངོན་ཤེས་ཕྱོགས་མེད་དུ་འཆར་བའོ། ། དེ་བཞིན་དུ་མོས་གུས་དང་བརྩོན་འགྲུས་ལའང་བདུན་རེ་སྦྱར་བའི་ཉེར་གཅིག་གོ དེའང་གང་ཟག་ཐ་མལ་པ་ལ་ཁམས་འདུས་བྱུང་ཚེ་མན་ངག་མེད་པ་དག་གིས་ཁམས་འདུས་པ་མ་ཡིན་ནོ་ཞེས་སྐུར་འདེབས་དང་། གདོན་གྱིས་བྱས་པའོ་ཞེས་སྒྲོ་འདོགས་པར་བྱེད་ལ། འདུ་ལུགས་གསུམ་པོ་འདེ་དག་ཤེས་ན་སྒྲོ་སྐུར་དེ་དག་དང་བྲལ་བར་འགྱུར་རོ། ། 2. སེམས་གནས་ལུགས་གསུམ་གྱིས་ཏིང་ངེ་འཛིན་ཉེ་རྒྱུ་ཤེས་པའི་གནད་ནི། སེམས་གནས་རྣམ་གསུམ་ཏིང་འཛིན་ཉེ་རྒྱུར་རྟོགས། ། ཞེས་པའི་སེམས་གནས་ལུགས་གསུམ་ནི། (1)རླུང་ལོག་པས་སེམས་གནས་པ། (2)རླུང་སེམས་བདག་བྱིན་རླབས་པས་སེམས་གནས་པ། (3)རྟེན་མཉམ་དུ་འདྲེས་པས་སེམས་གནས་པའོ། གོང་དུ་བསྟན་པའི་ལས་འཕྲོ་དང་མོས་གུས་དང་བརྩོན་འགྲུས་གསུམ་གང་རུང་ལས་རླུང་ལོག་སོགས་རྣམ་པ་གསུམ་པོ་འདི་དག་འབྱུང་ལ། དེ་ལས་ལུས་ཉམས་དང་སེམས་ཉམས་སོགས་ཀྱིས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་སྐྱེ་བས་རླུང་ལོག་སོགས་ཏིང་ངེ་འཛིན་གྱི་ཉེ་བའི་དངོས་རྒྱུ་དང་། ལས་འཕྲོ་སོགས་ཏིང་ངེ་འཛིན་ཉེ་བའི་དངོས་རྒྱུ་དང་། ལས་འཕྲོ་སོགས་ནི་བརྒྱུད་རྒྱུར་ཤེས་པར་བྱའོ། ། 3. ཉམས་གསུམ་གྱིས་གང་ཡང་ཏིང་ངེ་འཛིན་དུ་ཤེས་པའི་གནད་ནི། ཉམས་གསུམ་སྐྱེས་པ་གང་ཡང་ཏིང་ངེ་འཛིན། ། ཉམས་གསུམ་ནི། (1)ལུས་ཉམས་ནི། བསྒོམས་པའི་སྟོབས་ཀྱིས་རླུང་ནང་དུ་ལོག་པས་ལུས་ལ་འཕར་གཡོ་དང་མཆོང་རྒྱུག་སོགས་འབྱུང་བའོ། ། (2)སེམས་ཉམས་ནི། རྩ་ཡི་གེ་ལ་གནད་དུ་བསྣུན་པས་ཉམ་ང་དང་མྱ་ངན་དང་ཆགས་སྡང་སོགས་ཀྱི་ཉམས་འབྱུང་བའོ། ། (3)རྨི་ཉམས་ནི། རླུང་ལ་གནད་དུ་བསྣུན་པས་རྨི་ལམ་དུ་ཡང་གཡོ་བའི་རང་བཞིན་རྟ་རྨི་བ་ལ་སོགས་པ་འབྱུང་བ་སྟེ། མན་ངག་མེད་པ་དག་གིས་ལུས་ལ་ན་ཟུག་དང་སེམས་ལ་སྡུག་བསྔལ་སོགས་འབྱུང་བ་ན་ཉོན་མོངས་པ་རང་ག་པར་འཆད་ཅིང་། རྨི་ཉམས་ནི་རྨི་ལམ་རང་ག་པར་འཆད་པས་ཏིང་ངེ་འཛིན་དུ་མི་ཤེས་ལ། འདི་པའི་ལུགས་ཀྱིས་རླུང་སེམས་ཀྱི་འདུ་འཕྲོད་ལས་བྱུང་བའི་ཉམས་གསུམ་དུ་སྐྱེས་པ་གང་ཡང་ཏིང་ངེ་འཛིན་འབའ་ཞིག་པར་ཤེས་བྱའོ། ། 4. དྲོད་གསུམ་གྱིས་ཉམས་གང་ཤར་བྱུང་རྒྱལ་དུ་སྐྱོང་བའི་གནད་ནི། དྲོད་གསུམ་ཡིན་མིན་སྐྱེས་པ་བྱུང་རྒྱལ་བསྐྱང་། ། ཞེས་པའི་དྲོད་གསུམ་ནི། (1)རྣམ་རྟོག་སྔོན་དུ་སོང་བའི་དྲོད། (2)ཁམས་དགུ་འདུས་པའི་དྲོད། (3)ཐིག་ལེ་འབར་ཞིང་འདུས་པའི་དྲོད་དང་གསུམ་ལ་རྒྱུ་རླུང་སེམས་ཀྱི་རྟེན་འབྲེལ་རིམ་པ་ཡིན་མིན་དུ་འགྲིག་པས། འབྲས་བུ་དྲོད་རྣམས་ཀྱང་རིམ་པ་ཡིན་མིན་དུ་སྐྱེ། དེ་དག་གང་ལའང་མཚན་མེད་དུ་ངོ་ཤེས་པར་བྱས་ནས་སྐྱོང་བ་ནི་བྱུང་རྒྱལ་དུ་སྐྱོང་བའོ། ། 5. ལམ་འཁྲིད་ལུགས་གསུམ་གྱིས་ཏིང་ངེ་འཛིན་བྱེ་བྲག་ཤེས་པའི་གནད་ནི། འཁྲིད་ལུགས་གསུམ་གྱིས་ཉམས་ཀྱི་བྱེ་བྲག་དབྱེ། ། ཞེས་པའི་འཁྲིད་ལུགས་གསུམ་ནི། (1)རླུང་གིས་ལམ་འཁྲིད་པ། (2)ཁམས་བདུད་རྩིས་ལམ་འཁྲིད་པ། (3)རྩ་ཡི་གེས་ལམ་འཁྲིད་པ་ནི་དེད་དཔོན་ལྟ་བུའི་འཁྲིད་ལུགས་སོ། དེ་དག་གིས་འཁྲིད་པ་ལས་སྐྱེས་པའི་ཉམས་ནི་ཁམས་འདུས་པ། དང་པོ་ལ་རྩ་རླུང་གི་ཟུག་ཆེ་བ། བར་པ་ལ་ཟུག་བྲི་བ་དང་། ཐ་མ་ལ་ཟུག་བྲལ་བས་འབྱུང་བ་ལུས་འཁྲུགས་སོགས་ཀྱི་གནོད་པ་སེལ་ནུས་པ་འབྱུང་བ་རྣམས་ནི་རླུང་གིས་ལམ་འཁྲིད་པའི་ཉམས་ཀྱི་བྱེ་བྲག་ཡིན་ཞིང་། འདུས་པ་དང་པོ་ལ་ཏིང་ངེ་འཛིན་མི་གསལ་ཞིང་མི་བརྟན་པ་དང་། བར་པ་ལ་གསལ་ཞིང་ཆེར་བརྟན་པ་དང་། ཐ་མ་ལ་མཉམ་རྗེས་མེད་ཅིང་ཡུལ་རྐྱེན་གྱིས་མི་གནོད་པ་འབྱུང་བ་རྣམས་ནི་ཁམས་བདུད་རྩིས་ལམའཁྲིད་པའི་ཉམས་ཀྱི་བྱེ་བྲག་ཡིན་ལ། འདུས་པ་དང་པོ་ལ་མ་ངེས། འཁྲུལ་སྣང་དུ་འཆར་བ་ཉམ་ང་དང་མྱ་ངན་ལ་སོགས་པ་དང་། བར་པ་ལ་མ་ངེས་པ་མཐོང་སྣང་དུ་འཆར་བ་རིགས་དྲུག་གི་ཉམས་དང་མཐོང་སྣང་རྣམས་དང་། ཐ་མ་ལ་ཤིན་ཏུ་ངེས་པ་གསལ་སྣང་དུ་འཆར་བ་སྲིད་རྩེ་མན་ཆད་ཏིང་ངེ་འཛིན་གྱི་ཉམས་སུ་འབྱུང་བ་སྙམ་བྱེད་པ་རྣམས་ནི་རྩ་ཡི་གེས་ལམ་འཁྲིད་པའི་ཉམས་ཀྱི་བྱེ་བྲག་སྟེ། དེ་ལྟར་ཉམས་ མི་འདྲ་བ་གསུམ་པོ་དེ་དག་ལམ་འཁྲིད་ལུགས་གསུམ་པོ་སོ་སོ་ནས་འབྱུང་བའི་བྱེ་བྲག་དབྱེ་བར་ཤེས་པའོ། ། ལམ་འཁྲིད་ལུགས་གསུམ་པོ་འདི་ལ་འཇིག་རྟེན་པའི་ལམ་དུ་ཁམས་འདུས་པ་ གསུམ་གྱིས་ས་མཚམས་བཅད་པ་དང་། འདས་པའི་ལམ་དུ་གྲུབ་མཐའ་བཞིའི་ས་མཚམས་བཅད་པ་གཉིས་སུ་འབྱུང་མོད་ཀྱི། འདིར་འདུས་པོ་གསུམ་ལ་སྦྱར་བ་ཙམ་ཞིག་བཤད་པའོ། ། 6. ཁམས་འདུས་པ་གསུམ་གྱིས་ལམ་གྱི་ས་མཚམས་ཤེས་པའི་གནད་ནི། འདུས་གསུམ་དཔེ་གསུམ་སྦྱོར་བས་ས་མཚམས་ཤེས། ། ཞེས་པའི་འདུས་པ་གསུམ་དཔེ་གསུམ་ལ་སྦྱོར་བས་ལམ་གྱི་ས་མཚམས་ཤེས་པའི་ཚུལ་ནི། (1)ཁམས་འདུས་པ་དང་པོ་ལ་བསྒོམ་པའི་སྟོབས་ཀྱིས་རླུང་རྩ་གནད་ཐམས་ཅད་དུ་སོང་བས་རྩ་མདུད་ཅུང་ཟད་གྲོལ་ནས་རྩ་རླུང་གི་ཟུག་འབྱུང་སྟེ། དཔེ་དགུན་གྱི་རླུང་པོ་ལག་པ་ཅན་དང་འདྲའོ། ། (2)བར་པ་ལ་རྩ་མདུད་ཆེར་གྲོལ་ཞིང་རླུང་སེམས་ཅུང་དྭངས་པས་རྩ་རླུང་གི་ཟུག་ཞི་སྟེ། དཔེ་དཔྱིད་ཀྱི་རླུང་པོ་ལག་ཆ་བྲི་བ་དང་འདྲའོ། ། (3)ཐ་མ་ལ་རྩ་མདུད་ཆེས་ཆེར་གྲོལ་ཞིང་རླུང་སེམས་ཤིན་ཏུ་དྭངས་པས་ཏིང་ངེ་འཛིན་གྱི་ཕན་ཡོན་དུ་མ་འབྱུང་སྟེ། དཔེ་དབྱར་གྱི་རླུང་པོ་ལག་ཆ་བྲལ་བ་དང་འདྲའོ། ། དེ་ལྟར་རྩ་རླུང་གི་ཟུག་ཆེ་བ་དང་། ཟུག་ཞི་བ་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་མཐའ་ཡས་པ་འབྱུང་བ་ན་རིམ་བཞིན་འདུས་པ་དང་པོ་བར་པ་ཐ་མ་རྣམས་སུ་ཐེ་ཚོམ་མེད་པར་སླེབ་པར་ཤེས་པར་བྱའོ། ། 7. རྟེན་འབྲེལ་གསུམ་གྱིས་རེ་དོགས་གཉིས་དང་བྲལ་བའི་གནད་ནི། རྟེན་འབྲེལ་གསུམ་འཛོམས་རྒྱུ་རྐྱེན་རེ་དོགས་བྲལ། ། ཞེས་པའི་རྟེན་འབྲེལ་གསུམ་ནི། (1)རླུང་ལོག་གི་རྟེན་འབྲེལ་ནི། བསྒོམ་པའི་སྟོབས་ཀྱིས་རླུང་ནང་དུ་ལོག་པས་ལུས་ལ་འཕར་གཡོ་དང་མཆོང་རྒྱུག་ལ་སོགས་པ་འབྱུང་བའོ། ། (2)མཐོང་སྣང་གི་རྟེན་འབྲེལ་ལ་གསུམ་ལས། [1]ལུས་རྩའི་མཐོང་སྣང་ནི་རོ་རྐྱང་གི་མདུད་པ་སོ་གཉིས་ཀྱི་དོག་སར་རླུང་སེམས་ཞུགས་པས་རི་བྲག་སོགས་མཐོང་བའོ། ། [2]རྩ་ཡི་གེའི་མཐོང་སྣང་ནི་རིགས་དྲུག་གི་ཡི་གེར་རླུང་སེམས་འདུས་པས་རིགས་དྲུག་གི་གནས་མཐོང་བ་ལ་སོགས་པའོ། ། [3]ཁམས་བདུད་རྩིའི་མཐོང་སྣང་ནི་སྙིང་གའི་བྷྲུྃ་ཡིག་ལ་སོགས་པར་བདུད་རྩི་དྭངས་མ་མཉམ་དུ་འདུས་པར་རྒྱལ་བ་རིགས་ལྔ་ལ་སོགས་པ་མཐོང་བའོ། ། (3)རྨི་ལམ་གྱི་རྟེན་འབྲེལ་ནི། མཐོང་སྣང་དེ་དག་གིས་རྒྱུ་དང་གཉིད་ཀྱིས་རྐྱེན་བྱས་ནས་མཐོང་སྣང་དེ་དག་རྨི་ལམ་དུ་འབྱུང་བའོ། ། རྟེན་འབྲེལ་གསུམ་པོ་དེ་དག་འབྱུང་བའི་རྒྱུ་ལུས་རྩ་དང་། རྩ་ཡི་གེ་དང་། ཁམས་བདུད་རྩི་དང་། རླུང་རྣམས་རང་གི་ལུས་ལ་རང་ཆས་སུ་འཛོམས་པས་ཕྱི་རོལ་གྱི་རྒྱུ་རྐྱེན་ལ་མ་ལྟོས་པའི་ཕྱིར། མཐོང་སྣང་ལ་སངས་རྒྱས་མཐོང་བ་སོགས་ལའང་དངོས་གྲུབ་ཀྱི་རེ་བ་དང་། སྲིན་པོས་རྡེག་པ་སོགས་ལའང་བར་ཆད་ཀྱི་དོགས་པ་མི་བྱ་སྟེ། དེ་དག་གི་རྒྱུ་རླུང་སེམས་ཐམས་ཅད་རང་གི་ལུས་ལ་ཚང་བས་སོ་སྙམ་དུ་བྱེད་པ་ནི་རེ་དོགས་དང་བྲལ་བའོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྨད་ཆ་ཤ་312.8ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number