7522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟའི་འབྲས་བཤད་བདུན།
Tibetan Alternate
Tibetan Definition ཁག་གཉིས་པ།

1. ཉི་མ་པད་གཉེན་ལྷ་སྐྱེས་པ། ། ལྷ་དང་སྐྱེས་པའི་གཟའ་ཡིན་པས། ། རྒྱལ་པོའི་བླ་གཟའ་རྒྱལ་རིགས་ཡིན། ། ཞི་བ་དམར་སྐྱ་མེ་ཡི་ཁམས། ། རྒྱལ་སར་བསྐོ་དང་ཕོ་བྲང་གདབ། ། རྒྱལ་སྲིད་ལས་དང་མི་ཆེན་མཇལ། ། དངོས་ལེན་སྦྱིན་སྲེག་སྨན་སྦྱོར་ཁྲུས། དབང་བསྐུར་རབ་བྱུང་ཤིང་འཛུགས་མཚོན། ། ཐབ་འཆའ་བ་དན་རྒྱལ་མཚན་འཛུགས། ། འབྲུ་གདབ་རྐུན་ཇག་བཟློག་པ་བྱ། ། བུ་བཙས་རྟ་རྒྱུག་རྟ་ཕྱུགས་འདུལ། ། གཡང་ལོན་རྒྱལ་མིངམིང་འདོགས། ། ཆུ་རགས་རྟ་དྲེའུ་སྒ་རྒྱག་པ། ། གསེར་ཤིང་པགས་པ་རུས་པའི་བཟོ། ། འབྲོག་དགོན་འགྲོ་དང་མེ་ལས་བསངས། ། ཆོས་འདོན་ལྷ་གསོལ་ཞུ་འབུལ་བ། ། ཕྱག་བཙལ་སློབ་གཉེར་ནགས་ཁྲོད་འགྲོ། ། སྟོན་མོ་ཡོ་ལང་དྲི་བཟང་ལས། ། བཀྲ་ཤིས་དགེ་ལེགས་བྱ་བ་བཟང་། ། ཟླ་སྨད་ཉིན་མོ་སེང་ཁྱིམ་སྟོབས། ། མནའ་སྐྱེལ་གཤིན་ཆོས་ཤིད་རོ་འདོན། ། བཙོན་བཟུང་མི་ཐར་ཚིག་ངན་སྨྲ། ། ཞི་ལས་ནད་འབྲི་གཏར་སྲེག་བྱེད། ། ལྷ་ཁང་རྨང་འདིང་སྐྲ་སེན་འདྲེག ། གོས་འདྲ་གྱོན་པ་སྦྲ་ཕྱ་འཚེམ། ། ཁྱིམ་འཛིན་སྲི་མནན་གྲོང་ཁྱེར་རྩིག ། ཞིང་འདེབས་རྫིང་ཡུར་ས་ཁ་དབྱེ། ། བག་མ་རབ་གནས་མེ་ཏོག་འཛུགས། ། སྐྱས་བྱེད་གླང་འདུལ་བང་མཛོད་བརྩིག ། ནོར་གཡང་ཕྱིར་གཏོང་བསྡུམས་བྱེད་པ། ། ཁ་མཆུ་རྩོད་པ་སོགས་ལ་ངན། ལམ་ཞུགས་སྤྱིར་ངན་ཁྱད་པར་དུ། ། ལྷོ་བྱང་མཚམས་རྣམས་སྤང་བ་ཡིན། ཁྱེའུ་ཞག་ཟླ་བ་བདུན་བསོས་ན། ། བུ་ཕོ་ཚེ་རིང་མི་ཆེན་བྱམས། ། བུ་མོ་སྐྱེས་ན་ཕྱུག་ན་ཡང་། ། ཁྱིམ་གསོ་འདྲེན་ཅིང་སླར་བུ་མོ། ། སྐྱེ་བས་ངན་པར་བཞེད་པ་ཡོད། ། ཤི་ན་དགུ་འམ་བདུན་ལ་ཟློས། ། སྒྲ་སོགས་ལྟས་ངན་ཆར་པ་འབྲིང་། ། ནད་ཀྱིས་བཏབ་ན་དཀར་གྱི་ཕྱིར། ། འབྲངས་པའི་བདུད་བཙན་གྱི་བོ་གནོད། ། བཙན་མདོས་བདུད་མདོས་ཀླུ་བརྒྱད་དང་། ། ཆུ་གཏོར་ལོ་གྲངས་བྱིས་སྟོན་བྱ། ། ངར་གླུད་དྲི་ཅན་ནད་གོས་དྲིལ། ། ས་སྲོས་འདྲེ་ལྔ་ཕྱོགས་སུ་སྐྱེལ། ། རྐུན་མ་མིག་ཚག་གདོང་རྨེན་ཡོད། ། ཡང་ན་བན་བོན་བརྒྱུད་གསུམ་པ། ། སྒོ་ནི་ལྷོ་བལྟ་རིན་ཆེན་རིགས། ། མི་རྙེད་རྟ་ཕྱུགས་སྲོག་ཆགས་རྙེད། ། སྒྲིབ་ན་གྲོད་ནང་ཆུ་བླུག་ལ། ། ཉི་དཀྱིལ་བྲིས་ལ་ཕག་གི་ཐོད། ནམ་མཁར་འཕྱར་ཐུབ་ཕར་རྒོལ་ན། ། རྟ་སྤྲུལ་ལོ་པ་ཆས་གོས་དང་། ། མདུང་དར་དམར་ཁྱེར་ལྷོ་ནས་ནུབ། ། དམག་གི་སྣ་དྲངས་སྭོས་གདབ་བྱ། ། ཚུར་བྱུང་བྱི་ཕག་ལོ་པ་ཡིས། ། ཆས་གོས་སྔོན་གྱོན་ཆུ་ཕོར་གཏོར། ། 2. ཟླ་བ་བུད་མེད་ཀླུའི་བླ་གཟའ། ། རྗེ་རིགས་དཀར་སེར་ཆུ་ཁམས་ཞི། ། སྨན་སྦྱོར་ས་བོན་ཆང་བཙོ་ཁྲུས། ། ཆུ་ལས་བཀྲ་ཤིས་བྲན་གཡོག་བསྟེན། ། ཀླུ་སྨན་ཐབ་འཆའ་ཁྱིམ་གསར་འཛིན། ། ལྷ་མཆོད་རྫིང་ཡུར་ས་ཁ་འགྱེ། ། རབ་གནས་བག་མ་སྤོས་སྦྱོར་དྲི། ། གླང་འདུལ་ལྟད་སྟོན་བསྡུམ་བྱ་བ། ། སྐྲ་འཁྲུ་ཞི་བཟོ་སླ་སེན་འདྲེག ། བཅུད་ལེན་རྒྱན་འདོགས་ཕྱག་བྱ་བ། ། གཉན་སྦྱོར་གོས་འདྲ་འོ་མའི་ལས། ། རྟ་འདུལ་ཞིང་དང་ཤིང་འབྲས་དང་། ། མེ་ཏོག་འཕྲེང་གྱོན་འབྲས་འབྲུའི་ལས། ། གཏར་ཁ་མེ་བཙའ་བློན་མིང་འདོགས། ། བླ་ལ་ཡོན་འབུལ་གཡང་འགུགས་པ། ། བུ་རམ་ཤིང་དང་དངུལ་ཆུའི་ལས། ། ཞི་དང་རྒྱས་པའི་ལས་རྣམས་དང་། ། ལྷ་ཁང་རྨང་འདིང་རྟེན་བཞེངས་བཟང་། ། ཀརྚའི་ཁྱིམ་དང་མཚན་མོ་སྟོབས། ། ནོར་ལེན་གཡང་ཅན་ཕྱིར་གཏོར་ཤིང་། ། སྲི་གནོན་རོ་འདོན་དབང་དྲག་ལས། ། རབ་བྱུང་ཆོས་ཉན་ཁ་མཆུ་མང་། ། གོས་གྱོན་མཁར་ལས་དྲག་མཚོན་བཟོ། ། ཆུ་རགས་སྦྱིན་སྲེག་རྔོན་སོགས་ངན། ། ལམ་ཞུགས་སྤྱིར་ངན་ལྷོ་ནུབ་ངན། ། མི་ཤི་ ཟློས་མེད་བུ་སྐྱེས་ཕྱུག ། ཤིན་ཏུ་བཙན་པར་འབྱུང་བ་དང་། བུ་མོ་མཛེས་དུངས་ཡིད་དུ་འོང་། ། ཆར་བབས་སླར་ཡང་མང་དུ་འཕེལ། ། ལྟས་བྱུང་ཆུ་འཇིག་བོན་ལ་ངན། ནད་ཀྱིས་བཏབ་ན་ཡུགས་སའི་ཕྱིར། ། འབྲངས་པའི་ཀླུ་སྲིན་གཤིན་འདྲེ་གནོད། ། ཆུ་གཏོར་མ་མོའི་མདོས་ཀྱིས་བཅོས། ལུག་གྲོད་ཆུ་ཕོར་ལོ་གྲངས་བླུག ། ཉ་སྦྲུལ་གཟུགས་དང་གླུད་དྲི་ཅན། ། བླུག་ལ་ས་སྲོས་ཆུ་འཐབ་བསྐྱལ། ། ནོར་དོར་བྱུང་ན་ཁྱིམ་མཚེས་ཀྱི། ། བྱིས་པ་ཤ་དཀར་སྐུ་སེར་པོ། ། སྒོ་བྱང་ཁྱི་ནག་ཡོད་པས་ཁྱེར། ། སྒྲིབ་ན་ར་སྒྲེར་ས་སེར་བླུག ། ལུག་ཐོད་དར་སྣས་བརྒྱན་པས་ཐུབ། ། རྒོལ་ན་བྱི་ཕག་ལོ་པ་ཡིས། ། ཆས་དང་དར་མདུང་སྔོན་ཐོགས་ཏེ། ། བྱང་ནས་ལྷོ་ལ་སྭ་བཏབ་བྱ། ཚུར་བྱུང་གླང་ལུག་ལོ་པ་ཡིས། ། ས་སེར་གདོང་ལ་གཏོར་བར་བྱ། ། 3. (མིག་དམར་)བཀྲ་ཤིས་ལྷ་མིན་སྐྱེས་སྤྱི་དང་། ། དམག་དཔོན་བླ་གཟའ་རྒྱལ་རིགས་ཡིན། ། དམར་ནག་དྲག་པོ་མི་ཡི་ཁམས། ། དམག་ལས་སྒྱུ་རྩལ་དམག་དཔོན་བསྐོ། ། དྲག་ལས་དགྲ་འཇོམས་རྒྱལ་སར་འཇུག ། ཞལ་ཆེ་ཁ་མཆུ་རྐུན་ཇག་འཕོང་། ། བཟློག་པ་སྲི་མནན་རྟ་རྒྱུག་པ། ། སྒ་རྒྱག་ཤྭ་རགས་བརྩིག་པ་དང་། ། སྦྱིན་སྲེག་ཟོར་འཕེན་མཐུ་གཏད་བྱེད། ། བུ་ལོན་སྙེག་དང་ཡུལ་གསར་འཛིན། ། ཁྱི་གསོ་མེ་བཙའ་ཆོ་ལོ་རྩེ། ། གསེར་དང་བྱུ་རུ་རལ་གྲིའི་ལས། ། ཡུལ་མཁར་གཞོམ་པ་བྱི་གཤོར་པ། ། དབང་དྲག་ལས་དང་དྲག་རིམ་བཟང་། ། ལུག་སྡིག་ཁྱིམ་དང་མཚན་དགུང་སྟོབས། ། རབ་བྱུང་རབ་གནས་བག་མ་ཁྲུས། ། རྒྱན་གདགས་དགེ་ལས་དབང་བསྐུར་མོ། ། དུར་ཤིང་གསང་གྲོས་བྲན་གཡོག་བསྟེན། ། མཁར་ལས་ལྷ་ཁང་རྟེན་བཞེངས་རྩིས། སྨན་སྦྱོར་བཟོ་དང་སྐྲ་སེན་འདྲེག ། ནོར་གཏོང་གཏར་ཁ་གྲོང་ཁྱེར་རྩིག ། འདུ་འཚོག་སྟོན་མོ་ས་བོན་གདབ། ། ལྷ་མཆོད་ཐབ་འཆའ་བང་མཛོད་འཛིན། ། རྫིང་ཡུར་ཞིང་ལས་ས་ཁ་འབྱེད། ། བཙོན་ཚུད་སྐྱེ་ཤིང་མེ་ཏོག་འཛུགས། ། གསོན་དགེ་བརྟན་པ་བཀྲ་ཤིས་ལས། ། ལྟད་མོ་བསྡུམས་བྱེད་གཡང་བསླན་ཚོང་། ། དྲ་གྱོན་ཕྱ་ཐེར་སྦྲ་འཚེམ་སྐྱས། ། ཞི་རྒྱས་དཀར་ཕྱོགས་ཕལ་ཆེར་ངན། ། ལམ་ཞུགས་སྤྱིར་ངན་ཁྱད་པར་དུ། ། ལྷོ་བྱང་མཚམས་རྣམས་ཤིན་ཏུ་ངན། ། བུ་བཙས་གསོ་དཀའ་སྡིག་ལ་སྤྱོད། ། དབྱེན་བྱེད་ང་རྒྱལ་ཁོང་ཁྲོ་ཆེ། ། བུ་མོ་སྐྱེས་ན་མྱུར་དུ་འཆི། ། ཆར་བབས་ཕྱིས་ཐན་ལྟས་བྱུང་ན། ། མཚོན་འཇིག་དམག་དཔོན་སྡིག་སྤྱོད་ངན། ། ནད་བཏབ་དམན་དང་བཤས་ཀྱིས་ལན། ། ཐབ་གཞོབ་མི་གཙང་ཕྱོགས་ངན་པའི། ། དམར་ཕྱིར་བཙན་དང་གྲེ་བོ་གནོད། ། གཟུངས་ཆོག་ལྷ་གསོལ་བཙན་ཆོག་བྱ། ། ནོར་དོར་མི་དམར་བོངས་ཐུང་བ། ། སྔར་ཉེ་ཕྱིས་དགྲ་སྒོ་ལྷོར་བལྟ། ། ཕྱུགས་དང་ཁྱི་དམར་ཡོད་པས་ཁྱེར། ། སྒྲིབ་ན་བྱི་བའི་ཐོད་ནང་དུ། ཆུ་བླུག་རླིད་བུ་ནམ་མཁར་འཕྱར། ། ཤི་ན་གསུམ་ཟློས་ཕར་རྒོལ་ན། ། རྟ་སྦྲུལ་ཆས་གོས་དམར་པོ་ཡིས། ། སྭ་གདབ་ལྷོ་ནས་ནུབ་ཏུ་འགྲོ། ། ཚུར་བྱུང་བྱི་ཕག་ཆུ་གཏོར་བྱ། ། 4. ལྷག་པ་གནོད་སྦྱིན་མ་ནིང་གཟའ། ། རྒྱལ་པོའི་བླ་གཟའ་དམངས་ཀྱི་རིགས། ། ཞི་བ་སྔོ་ལྗང་ཆུ་ཡི་ཁམས། ། སྙན་ངག་སྒྲ་སློབ་བསྟན་བཅོས་རྩོམ། ། སྔགས་བཟླ་རིན་ཆེན་་ས་ལས་ཚོང་། ། སྡོམ་ལེན་རབ་གནས་ཡིག་རྩིས་སློབ། ། དབང་བསྐུར་ཆོས་སློབ་ཆུ་ཡི་ལས། ། བསྡུམས་དང་འབྲེལ་སྙེག་ཁྱིམ་གསར་འཛིན། ། རྒྱན་འདོགས་དྲ་གྱོན་དོན་གཉེར་བ། ། གཡང་ལོན་འཁོར་བསྟེན་ཞི་བའི་ལས། ། སྐྲ་འཁྲུ་ཡོན་འབུལ་བྱ་བ་དང་། ། མཁར་ལས་རྫིང་ཡུར་ཁྲོན་པ་འདྲུ། ། ལྷ་ཁང་རྟེན་བཞེངས་བང་མཛོད་འཛིན། ། འཕོ་སྐྱས་ཞིང་འདེབས་ས་ཁ་དབྱེ། ། བཟོ་དང་སྐྱེ་ཤིང་མེ་ཏོག་འཛུགས། ། ཕྱུགས་འདུལ་མོ་རྩིས་གཤིན་ལས་བྱ། ། རྟ་དྲེལ་སྒོ་རྒྱག་རང་དོན་སྒྲུབ། ། གཏར་སྲེག་གཉེན་དང་སྐྲ་སེན་འདྲེག ། རྒྱལ་པོའི་ཁྲུས་དང་མིག་འཁྲུལ་སྟོན། ། ནད་ལེན་དཀར་ཕྱོགས་དགེ་ལས་བཟང་། ། ལམ་ཞུགས་སྤྱིར་བཟང་ཤར་བྱང་དང་། ། མཚམས་སུ་ཕྱིན་ན་ངན་པ་ཡིན། ། དཀར་པོའི་སྟོད་དང་ནག་པོའི་སྨད། ། འཁྲིག་དང་བུ་མོའི་ཁྱིམ་སྟོབས་ཆེ། ། ཁྱད་པར་རྒྱས་པའི་ལས་ལ་ཤིས། ། རབ་བྱུང་ཆང་བཙོ་དུར་སྤོ་མདོས། ། ནོར་གཏོང་ཐབ་འཆའ་ཆུ་རགས་རྩིག ། ཆོས་ཉན་སྨན་སྦྱོར་བག་མ་ལེན། ། དབང་ལས་ཀུན་དང་བཟློག་རིམ་བྱེད། ། དགྲ་དང་རྩོད་དང་ཞལ་ཆེ་གཅོད། ། དམག་ཇག་རྐུན་མ་དྲག་ལས་ངན། ། དུར་འདེབས་བཀག་པར་བཤད་ཀྱང་ཡོད། ། བུ་སྐྱེས་ངན་ཅིང་ཨ་མ་རྩུབ། ། ནད་བུ་ཅན་དུ་འོང་བ་དང་། ། བུ་མོ་བཙའ་ན་ཕ་མ་དབུལ། ། མོ་རང་ཟས་ནོར་དབང་ཐང་ཆེ། ། མི་ཤི་ལྔར་ངན་བཙོན་མི་ཐར། ། ཆར་བབས་ཕྱིས་ཞོད་ལྟས་བྱུང་ན། ། རླུང་འཇིག་ཆུ་འགྲམ་གྲོང་ཁྱེར་དང་། ། སྐྱེས་པའི་ཚོགས་ལ་ངན་པར་བྱེད། ། ནད་བཏབ་བན་བོན་བྱད་ཁ་འམ། ། བུ་སྲིང་ཕྱིར་འབྲངས་ཀླུ་གནོད་པས། ། གྲིབ་སེལ་ཀླུ་ཆོག་བྱས་ན་བཟང་། ། ནོར་དོར་ཁྱིམ་ཚེས་བྲིས་པ་འམ། ། བུད་མེད་སྒོ་བྱང་ཁྱི་ནག་ཅན། ། ཁྱེར་ཞིང་སྒྲིབ་ན་གླང་ཐོད་པ། ། མཁར་འཕྱར་ལུག་ཐོད་ལག་ཏུ་བཟུང་། ། དམག་འདྲེན་བྱི་ཕག་ཆས་གོས་སྔོ། ། སྣ་དྲངས་ནུབ་ནས་ལྷོར་སྭོ་གདབ། ། ཚུར་བྱུང་གླང་ལུག་ས་སེར་གཏོར། ། 5. (ཕུར་བུ་)བླ་མ་བྱང་སེམས་བློན་པོ་དང་། ། བནྡེ་སྐྱེས་པའི་བླ་གཟའ་ཡིན། ། སྐུ་མདོག་སེར་པོ་བྲམ་ཟེའི་རིགས། ། ཞི་དྲག་འདྲེས་མ་རླུང་གི་ཁམས། ། རབ་བྱུང་དབང་བསྐུར་རབ་གནས་སྡོམ། ། བག་མ་དྲ་གྱོན་ས་བོན་གདབ། ། དགེ་ཕྱོགས་དཀྱིལ་འཁོར་སྦྱིན་སྲེག་བྱ། ། རིག་བསླབ་འཆད་ཉན་རྒྱལ་སར་འཇུག ། གཏར་ཁ་རྒྱག་དང་དབང་གི་ལས། ། མེ་བཙའ་སྨན་སྦྱོར་མོ་རྩིས་བྱ། ། མཁར་ལས་ཐབ་འཆའ་ཁྱིམ་གསར་འཛིན། ། ཆང་བཙོ་སྔགས་བཟླ་རྒྱན་འདོགས་ཚོང་། ། སྲི་མནན་ལྷ་ཁང་རྟེན་བཞེངས་བྱ། ། སྦྲ་ཕྱར་འཚེམ་དང་བ་དན་འཛུགས། ། ཤིང་ལས་འཕོ་སྐྱས་རྟ་གླང་འདུལ། ། རྟ་དྲེལ་སྒ་རྒྱག་འཁོར་བསྟེན་བསྡུམས། ། སྟོན་མོ་མེ་ཏོག་ཤིང་འཛུགས་བཟང་། ། སྐྲ་འཁྲུ་རིན་ཆེན་ལྔ་ཡི་ལས། ། བཟློག་པ་མཐུ་གཏད་ཧོམ་སྤར་བ། ། ཕ་མའི་དོན་དང་རྔ་ཡབ་ལས། ། མདུན་གྲོས་བརྟན་པའི་ལས་བྱ་དང་། ། གཤེགས་གསོལ་བཀྲ་ཤིས་བྱ་བར་བཟང་། ། ལམ་ཞུགས་སྤྱིར་བཟང་ནུབ་ཕྱོགས་སྤང་། ། བསྐྲད་ལས་ཉ་དང་གཞུ་ཁྱིམ་སྟོབས། ། ཐོག་འབུབས་དུར་འདེབས་མནའ་སྐྱེལ་དམག ། ནད་ཐེབས་ཕྱུགས་གཏོང་སྐྲ་སེན་འབྲེག ། མདོས་གཏོར་ཟོར་ཁ་འཕེན་པ་དང་། ། བཙོན་ཚུད་བཟོ་ཡི་བྱ་བ་ངན། ། གཤིན་ལས་ངན་ཀྱང་ཤིད་སྟོན་བཟང་། ། མི་ཤི་ཤུལ་ལ་ངན་པ་ཙམ། ། བུ་ཕོ་སྐྱེས་ན་བཞིན་ངན་ཅིང་། ། བློ་གསལ་མཁས་ཤིང་ཆོས་ཀྱང་བྱེད། ། བུ་མོ་ཚེ་རིང་གྲོགས་ཀྱང་བཟང་། ། ལྟས་བྱུང་ཐོག་འཇིགས་དགེ་སློང་དང་། ། རིག་བྱེད་མཁན་ལ་ངན་པར་བྱེད། ། ནད་བཏབ་མཚན་མོའི་འགྲུལ་གྱི་ཕྱིར། ། འབྲངས་པའི་ཀླུ་སྲིན་རྒྱལ་པོ་གནོད། ། ཟོར་མདོས་ཀླུ་བརྒྱད་བྱས་ན་ཕན། ། རྐུན་མ་སྔགས་བརྒྱུད་ལག་ཤེས་མཁན། ། སྤུན་གསུམ་ནུབ་ནས་ཤར་དུ་ཁྱེར། ། སྒྲིབ་ན་སྤྲེལ་ཐོད་ལྕགས་ཀྱི་མདའ། ། བྱའི་གསོབ་གཞུའི་ནང་བཅུག་ལ། ། ཕུར་པ་བཙོན་དུ་བཟུང་བས་ཐུབ། ། ཕར་རྒོལ་སྟག་ཡོས་ལོ་པ་ཡིས། ། ཆས་དང་རུ་ཚོན་ལྗང་གུ་ཡིས། ། ཤར་ནས་མཚམས་སུ་སྣ་འདྲེན་ཐོབ། ། ཚུར་བྱུང་བྱ་སྤྲེལ་ལོ་པ་ཡིས། ། ཆས་གོས་དཀར་གྱོན་ལྕགས་ཕྱེ་གཏོར། ། སྣ་ལ་རལ་གྲི་ཕྱར་བས་ཐུབ། ། 6. (པ་སངས་)དཀར་པོ་སྟག་གཟིག་རྒྱལ་བློན་དང་། ། བུད་མེད་བླ་གཟའ་བྲམ་ཟེའི་རིགས། ། ཞི་བ་ས་མཁན་སྣ་ཚོགས་མདོག ། ལྷ་གསོལ་ཆོས་འཆད་རབ་བྱུང་གནས། ། དཀར་ཕྱོགས་རིམ་གྲོ་ལྷ་རྟེན་བཞེངས་། ། ཆང་བཙོ་གྲོགས་བཙལ་ས་བོན་གདབ། ། གཉེན་སྒྲིབ་མཛའ་བོ་བག་མ་ཚོང་། ། རྒྱན་འདོག་དྲི་སྦྱོར་སོ་ནམ་ལས། ། ལྷ་ཁང་ཁང་གསར་རྨང་གཞི་འདིང་། ། དྲ་གྱོན་མཁར་ལས་རྫིང་ཡུར་འདྲུ། ། ལྕགས་སོགས་རིན་ཅན་ལྷ་ཡི་བཟོ། ། གཏར་ཁ་རྒྱག་དང་རྒྱས་པའི་ལས། ། མེ་བཙའ་ཁྱིམ་འཛིན་ལྟད་མོ་དང་། ། འཁོར་བསྟེན་གཤིན་གྱི་བྱ་བ་སྤྱི། ། རྟ་རྒྱུག་རྩེད་མོ་ཐབ་ཁ་བཅའ། ། སྟོན་མོ་སྐྲ་འཁྲུ་སྐྲ་སེན་འབྲེག ། ས་དབྱེ་རྟ་དྲེལ་སྒ་རྒྱག་པ། ། མདུན་གྲོས་བརྟན་དང་བཀྲ་ཤིས་ལས། ། མོ་རྩིས་རིག་སློབ་སྨན་ཚོང་བསྡུམས། ། རྒྱལ་སྲིད་བྱ་བ་ཞལ་ཆེ་གཅོད། ། རྙེད་བཀུར་ཞུ་གསོལ་ཕྱག་མཆོད་འབུལ། ། ཆུ་རགས་བུད་མེད་བགྲོད་བཙོན་བཟང་། ། ལམ་ཞུགས་སྦྱིར་བཟང་ལྷོ་བྱང་དང་། ། ནུབ་ཀྱི་ཕྱོགས་སུ་ཕྱིན་ན་ངན། ། མར་ངོ་གླང་སྲང་དབང་ལས་འགྲུབ། ། བཤགས་འཁོན་འཕོ་སྐྱས་བུ་ལོན་འཇལ། ། དུར་སྦ་མགྲོན་འགྲོ་མདོས་གཏོར་འཕེན། ། ནད་ཐེབས་རྐུན་ཇག་འཁོན་པར་ས། ། དྲག་ལས་ལ་སོགས་ངན་པ་ཡིན། ། ཧོམ་སྤར་ངན་ཞེས་བཀག་ཀྱང་ཡོད། ། བུ་སྐྱེས་ཚེ་རིང་དབང་རྣོ་ཕྱུག ། བུ་མོ་ནད་འོང་དཔལ་ཀྱང་ཆེ། ། མི་ཤི་བདུན་ཟློས་ཆར་བབས་ལེགས། ། ལྟས་བྱུང་འབྲུ་འཕེལ་སློབ་དཔོན་དང་། བུད་མེད་ལ་ངན་ནད་བཏབ་ན། ། ཚོང་ཕྱིར་འབྲངས་པའི་རྒྱལ་བཙན་གནོད། ། ཀླག་འདོན་བསངས་སེལ་བཙན་ཆོག་བྱ། ། ནོར་དོར་ཡུགས་ས་སྒོ་ལྷོ་ནུབ། ། ཁྱི་དཀར་ཡོད་པ་ཞིག་གིས་ཁྱེར། ། སྒྲིབ་ན་སྤྲུལ་ཐོད་ནམ་མཁའ་འཕྱུར། ། རྔ་མོ་ཐོད་པ་བཙོན་དུ་བཟུང་། ། ཕར་རྒོལ་བྱ་སྤྲེལ་ལོ་པ་ཡིས། ། ཆས་གོས་དཀར་པོ་སྭ་གདབ་བྱ། ། ཚུར་བྱུང་རྟ་སྦྲུལ་ལོ་པ་ཡིས། ། མཛོ་ཞོན་ཆས་དམར་མེ་བསྲེག་བྱ། ། 7. སྤེན་པ་དབུལ་པོ་མ་ནིང་བྲན། ། བྱིས་པའི་བླ་གཟའ་གདོལ་པའི་རིགས། ། བྲག་གཟའ་སེར་སྐྱ་ས་ཡི་ཁམས། ། ཁང་བཟང་ཞལ་བསྲོ་ནོར་སྒྲུབ་པ། ། ཚེ་གཡང་སྒྱེད་འཛུགས་ནོར་ཕྱུགས་ལེན། ། དམག་འདྲེན་ཞིང་ལས་གྲོང་ཁྱེར་གདབ། ། མེ་ཏོག་སྐྱེ་ཤིང་འཛུགས་པ་དང་། ། ལྕགས་ལས་རྫིང་ཁྲོན་ས་ཁ་དབྱེ། ། སྲི་གནོན་རྒྱལ་མཚན་བང་མཛོད་འཛིན། ། ཡུལ་མཁར་མིང་འདོགས་བུད་མེད་བགྲོད། ། མདའ་མཚོན་ནག་ལས་ཁྱི་གསར་གསོ། ། རྩིས་དང་(འགའ་ཞིག་ཏུ་)རྐུན་ཇག་ས་བོན་བཟང་། ། མཚན་མོ་ཟླ་བའི་མར་ངོ་དང་། ། ཆུ་སྲིན་བུམ་ཁྱིམ་བསད་ལོས་འགྲུབ། ། རབ་བྱུང་རབ་གནས་ཁྲིམས་འཆལ་ཆོས། ། གསོན་དགེ་མདུན་གྲོས་བཀྲ་ཤིས་བརྟན། ། དྲ་གྱོན་ཞི་བཟོ་སྐྲ་སེན་འབྲེག ། རྒྱས་དང་དབང་ལས་གཏར་ཁ་རྒྱག ། མེ་བཙའ་སྐྲ་འཁྲུ་སྨན་སྦྱོར་དང་། ། ཚོང་བྱེད་ཟློག་པ་ཕྲུ་རློག་བག ། ནོར་ཕྱུགས་ཕྱིར་གཏོང་སྦྲ་ཕྱིར་འཚེམ། ། བཙོན་བཟུང་ལོངས་སྤྱོད་ཐམས་ཅད་འཆོར། ། གཤིན་ལས་སྐྱས་དང་རྩེད་མོ་བྱ། ། ལྷ་ཁང་རྟེན་བཞེང་ཞིང་ཁང་ཚོང་། རྟ་དྲེལ་སྒ་རྒྱག་སྟོན་མོ་བསྡུམས། ། ལྷ་གསོལ་རྒྱན་འདོགས་རྒྱ་ལས་བཟུང་། ། རྒྱལ་པོ་བསྙེན་བཀུར་ཕྱག་མཆོད་འབུལ། ། རྒྱལ་སྲིད་བྱ་བ་ཞལ་ཆེ་གཅོད། ། དགྲ་འཐབ་འཁོར་བསྟེན་ལྟད་མོ་ངན། ། ལམ་ཞུགས་སྤྱིར་ངན་ཁྱད་པར་དུ། ། མཚམས་ཤར་ནུབ་རྣམས་སྤང་བྱ་ཡིན། ། སྐྱེས་པ་གཟུགས་བཟང་བསོད་ནམས་ཆུང་། ། བུ་འབྲིང་བུ་མོ་ཚེ་ཡང་ཐུང་། ། ཤི་ན་ཟློས་མེད་ཆར་བབས་ངན། ། ནད་ཀྱིས་བཏབ་ན་གཤིན་རྗེ་དང་། ། ས་བདག་ཐེའུ་བྲང་མ་མོ་གནོད། ། དུས་ཀྱི་ཆོ་ག་ཆག་པ་དང་། ། ཕྲུ་རློག་འཁུར་བ་གསུར་གྱིས་ལན། ། གཟུངས་འདོན་ཀླུ་བརྒྱད་ས་བདག་བཅོས། ། ནོར་དོར་བནྡེ་སྡོམ་ཉམས་སམ། ། ཡུགས་ས་མོ་རྒྱུད་གོས་དམར་ཅན། ། ཁྱི་སེར་ཡོད་པས་ལྷོ་ནུབ་ཁྱེར། ། སྒྲིབ་ན་གཅན་གཟན་ཐོད་པ་དང་། ། སྟག་སྤེགས་དར་སྣས་བརྒྱན་པས་ཐུབ། ། ཕར་རྒོལ་གླང་ལུག་ལོ་པ་ཡིས། ། ཆས་གོས་སེར་གྱོན་ནུབ་ཕྱོགས་ནས། ། བྱང་དུ་སྣ་བྱས་སྭ་བཏབ་བྱ། ། ཚུར་བྱུང་སྟག་ཡོས་ལོ་པ་ཡིས། ། ཤིང་ཞིག་ཀླད་དུ་བསྐོར་ལ་འཕངས། ། གཞན་ཡང་། 1. ཉི་མ་གནམ་སྒོ་དར་ཡང་ཤིང་མི་བྱ། ། 2. ཟླ་བ་ཀླུ་སྒོ་དར་ཡང་ཧོམ་མི་སྤར། 3. དམག་དཔོན་གྲི་གཟའ་ངར་ཡང་གྲི་མི་འདུལ། 4. ལྷག་པ་རབས་ཆད་དར་ཡང་ཟོར་མི་འཕང་། 5. པ་སངས་ཕྱུགས་གཟའ་དར་ཡང་ཕྱུགས་མི་སྐྱེལ། 6. སྤེན་པ་ས་གཟའ་དར་ཡང་ནོར་མི་གཏོང་ཞེས་གསུངས་སོ། །

Tibetan Source 《དཔྱད་གསུམ་འབྲས་རྩིས་རཏྣའི་བང་མཛོད》ཤ་15བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number