7631

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཀུན་དགའ་བོའི་ཉེས་པ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ།

1. བུད་མེད་རབ་ཏུ་དབྱུང་བར་གསོལ་བ་བཏབ་པ་ནི། བཅོམ་ལྡན་འདས་ནི་བུད་མེད་གནས་ངན་ལེན་ཀུན་ཏུ་སྤྱོད་པ་རབ་ཏུ་དབྱུང་བར་མི་བཞེད་ན་ཁྱོད་ཀྱིས་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་བུད་མེད་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་ཏེ། དགེ་སློང་མའི་དངོས་པོ་ཐོབ་པར་འགྱུར་བ་ང་ལ་མ་སྨྲ་ཞིག དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ཆོས་འདུལ་བ་ལ་བུད་མེད་རབ་ཏུ་ཕྱུང་ན། འདི་ལྟར་ཆོས་འདུལ་བ་ཡུན་རིང་དུ་གནས་པར་མི་འགྱུར་ཏེ། དཔེར་ན། འབྲས་སཱ་ལུ་ཕུན་སུམ་ཚོགས་པའི་ཞིང་ལ་སེར་བ་བབ་ན་འབྲས་སཱ་ལུ་གང་ཡིན་པ་དེ་བརླག་ཅིང་མེད་པར་འགྱུར་བ་དེ་བཞིན་དུ། ཆོས་འདུལ་བ་འདི་ལ་བུད་མེད་རབ་ཏུ་ཕྱུང་ན། ཆོས་འདུལ་བ་ཡུན་རིང་དུ་གནས་པར་མི་འགྱུར་རོ། ། ཞེས་མ་གསུངས་སམ། བཙུན་པ་འོད་སྲུང་ཆེན་པོ་ཆོག་གི ། བཟོད་པ་མཛོད་ཅིག

ངོ་ཚ་མེད་པ་དང་། འཛེམ་མེད་པ་ནི་མ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཀྱི་སྲུ་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིས་དཀའ་བ་སྤྱད་དེ། གང་བཅོམ་ལྡན་འདས་ཀྱི་ཡུམ་ནི་དུས་ལས་འདས་ཏེ། རང་གི་ནུ་མ་བསྣུན་ནས་གསོས་ཤིང་བསྐྱེད་པ་དང་། གཞན་ཡང་སྔོན་གྱི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཁོར་རྣམ་བཞི་ཡོད་པ་དེ་བཞིན་དུ། གང་བཅོམ་ལྡན་འདས་འདི་ལ་ཡང་དེ་བཞིན་དུ་འགྱུར་རོ། ། སྙམ་པ་དང་། བདག་གིས་བྱས་པ་གཟོ་བ་དང་། ཉེ་དུ་དང་གཉེན་པས་བུད་མེད་རབ་ཏུ་དབྱུང་བར་གསོལ་བ་བགྱིས་ཏེ། དེ་གཅིག་པུ་ནོངས་པ་ནི་བཟོད་པར་གསོལ་ལོ། ། ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བྱས་པ་གཟོ་བ་ནི། ཆོས་ཀྱི་སྐུ་ལ་གནོད་པ་བྱེད་པ་ཡིན་ཏེ། ཇི་ལྟར་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ལ། སེར་བ་བབ་པས་ལོ་སྟོང་ཚང་བར་གནས་པའི་ཡུན་ཐུང་ངུར་ལྷག་མ་ཙམ་དུ་བྱས་ན། ཇི་ལྟར་ཉེ་དུ་དང་། གཉེན་གྱི་ཕྱིར་ཞེས་སྨྲ། གཉེན་གྱི་ཕྱིར་རབ་ཏུ་ཕྱུང་བ་ནི་ཚུལ་མ་ཡིན་ཞིང་། ལེགས་པ་མ་ཡིན་ཏེ། ཉེས་པ་ཡིན་ནོ། ། ཇི་ལྟར་སྔོན་གྱི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འཁོར་བཞི་ཡོད་པ་ངས་(འོད་སྲུང་ཆེན་པོ་)ཐོས་ཏེ། གང་བཅོམ་ལྡན་འདས་འདི་ལ་ཡང་དེ་བཞིན་དུ་འགྱུར་རོ། ། ཞེས་སྨྲ་བ་ཡང་། དེ་སྔོན་གྱི་དུས་ན་མི་རྣམས་ནི་འདོད་པ་ཆུང་བ། ཉེས་པ་ཆུང་བ། འདོད་ཆགས་ཆུང་བ། ཞེ་སྡང་ཆུང་བ། གཏི་མུག་ཆུང་བ། ཀུན་ཏུ་སྦྱོར་བ་སྲབ་པ་ཡིན་ཏེ། དེ་དག་ནི་དེ་ལྟར་རིགས་ཀྱི། འདི་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་མི་བཞེད་བཞིན་དུ། ཇི་ལྟ་ཇི་ལྟར་ཁྱོད་ཀྱིས་གསོལ་བ་བཏབ་པ་དེ་བཞིན་དུ་གྲུབ་པར་གྱུར་ཏོ། ། དེ་བས་ན་འདི་ནི་ཉེས་པ་དང་པོ་ཡིན་ནོ། །

2. བཅོམ་ལྡན་འདས་བསྐལ་པའི་བར་དུ་བཞུགས་པར་གསོལ་བ་མ་བཏབ་པ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་གང་དང་གང་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་བསྟེན་ཅིང་བསྒོམ་ཏེ། ལན་གྲངས་མང་དུ་བྱས་ན་འདོད་ན་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་གནས་པར་འགྱུར་རོ། ། ཞེས་གསུངས་ན། འདི་ལྟར་ཁྱོད་ཀྱིས་བཅོམ་ལྡན་འདས་ལ། བཅོམ་ལྡན་འདས་འཇིག་རྟེན་ལ་ཕན་པར་བགྱི་བའི་སླད་དུ་བསྐལ་པའི་བར་དུ་བཞུགས་སུ་གསོལ། བདེ་བར་གཤེགས་པ་བསྐལ་པ་བས་ལྷག་པར་བཞུགས་སུ་གསོལ། ཞེས་གསོལ་བ་མ་བཏབ་བོ། ། བཙུན་པ་འོད་སྲུང་ཆེན་པོ་ངོ་ཚ་མེད་པ་དང་། རབ་ཏུ་འཛེམ་པ་མེད་པ་ནི་མ་ལགས་མོད་ཀྱི། འོན་ཀྱང་བདག་དེའི་ཚེ་བདུད་སྡིག་ཅན་གྱིས་ཁྱབ་པར་གྱུར་ཏོ། ། དེ་ལྟར་དེ་ཉིད་ཁྱོད་ཀྱི་ཉེས་པ་ཆེན་པོ་ཡིན་ཏེ། སྟོན་པ་ནི་དྲི་ང་བ་སྤངས་པ། བདུད་ཀྱི་སྟོབས་ཟིལ་གྱིས་གནོན་པ་ཡིན་ན། ཇི་ལྟར་ཁྱོད་བདུད་སྡིག་ཅན་གྱིས་ཁྱབ་པར་གྱུར། དེ་ལྟར་འདི་ནི་ཉེས་པ་ཆེན་པོ་གཉིས་པ་ཡིན་ནོ། ། 3. བཅོམ་ལྡན་འདས་ཀྱིས་བཀའ་ཕབ་ནས། ཀུན་དགའ་བོ་འདི་ལྟ་བུའི་ཞེས་བཀའ་སྩལ་བར་ལན་གཞན་དུ་བཏབ་པ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ལྟ་བུའི་ཞེས་བཀའ་སྩལ་ཏེ། གཞན་སྨྲས་པ་ན་ལན་གཞན་དུ་འདེབས་པ་འདི་ནི་ཉེས་པ་གསུམ་པ་ཡིན་ནོ། ། 4. བཅོམ་ལྡན་འདས་ཀྱི་ན་བཟའ་རྐང་པས་བརྫིས་པ་ནི། བཅོམ་ལྡན་འདས་ཀྱི་ན་བཟའ་གསེར་གྱི་ཁ་དོག་ཅན་ཕྲུགས་གཅིག་ལ་རྐང་པས་བརྫིས་སོ། ། བཙུན་པ་འོད་སྲུང་ཆེན་པོ་དག་དེས་ངོ་ཚ་མེད་པའམ། རབ་ཏུ་ངོ་ཚ་མེད་པ་མ་ལགས་མོད་ཀྱི། དེའི་ཚེ་ན་གཡས་གཡོན་ནས་དགེ་སློང་གྲོགས་བྱེད་པ་མེད་དོ། ། ཞེས་སྨྲས་པ་ན། དེ་ཁྱོད་ཀྱིས་ནམ་མཁའ་ལ་ཅི་ ཉེས་ཏེ་མི་དོར། འོན་ཀྱང་ལྷ་རྣམས་ཀྱིས་གཟུང་བར་འགྱུར་བས་འདི་ནི་ཉེས་པ་བཞི་པ་ཡིན་ནོ། ། 5. བཅོམ་ལྡན་འདས་ཤིང་སཱ་ལ་ཟུང་གི་དྲུང་དུ་སྐྱེམས་པ་དང་ཆུ་རྙོག་མ་ཅན་གསོལ་བ་ནི། བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་ཞུགས་ཏེ། ཤིང་སཱ་ལ་ཟུང་གི་དྲུང་དུ་སྐྱེམས་པ་དང་། ཆུ་རྙོག་མ་ཅན་གསོལ་ཏོ། བཙུན་པ་འོད་སྲུང་ཆེན་པོ་ངོ་ཚ་མེད་པའམ། རབ་ཏུ་ངོ་ཚ་མེད་པ་མ་ལགས་མོད་ཀྱི། དེའི་ཚེ་ན་ཤིང་རྟ་ལྔ་བརྒྱ་ཙམ་ཞིག་ཆུ་བོ་ཀ་ཀུས་སྟ་རྒལ་བས་རྙོག་པ་ཅན་དུ་གྱུར་ཏོ། ། དེའི་ཕྱིར་ཁྱོད་ཀྱིས་ཉེས་པ་ཡིན་ན། དེ་ན་ཁྱོད་ཀྱིས་ལྷུང་བཟེད་ནམ་མཁའ་ལ་ཅི་སྟེ་མ་བཟུང་། ལྷ་དག་གིས་ཆུ་ཡན་ལག་བརྒྱད་དང་ལྡན་པ་དག་གིས་བཀང་བར་འགྱུར་བ་འདི་ཡང་ཉེས་པ་ལྔ་པ་ཡིན་ནོ། ། 6. སོ་ཐར་གྱི་མདོ་འདོན་པའི་ཚེ་ཚུལ་ཁྲིམས་ཕྲ་མོ་དང་། ཕྲན་ཚེགས་གང་ལགས་ཞེས་མ་ཞུས་པ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པར་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་དེའི་ཚེ། གང་གིས་ཚུལ་ཁྲིམས་ཕྲ་མོ་དང་། ཕྲན་ཚེགས་དག་འདོན་ན། དགེ་སློང་གི་དགེ་འདུན་གྱིས་ཕྱིར་གློད་ལ་བདེ་བའི་རེག་པ་ལ་མནོས་ཤིག ཅེས་བྱུང་ན། དེའི་ཚེ་ཁྱོད་ཀྱིས་ཚུལ་ཁྲིམས་བསླབ་པ་ཕྲ་མོ་དང་། ཕྲན་ཚེགས་གང་ལགས། ཞེས་མ་ཞུས་པའི་ཕྱིར་རོ། ། དེ་འདིར་བདག་གིས་སྨྲ་བ་ནི་ཕས་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཆོས་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་རྣམས་ལས་ལྷག་མ་ནི་ཕྲ་མོ་དང་། ཕྲན་ཚེགས་རྣམས་སོ། ། གཞན་ཡང་འདི་སྐད་ཟེར་ཏེ། ཕས་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཆོས་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་རྣམས་ལས་ལྷག་མ་ནི་ཕྲ་མོ་དང་། ཕྲན་ཚེགས་རྣམས་སོ། ། གཞན་ཡང་འདི་སྐད་ཏེ། ཕས་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཆོས་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་རྣམས་ལས་ལྷག་མ་ནི་ཕྲ་མོ་དང་། ཕྲན་ཚེགས་རྣམས་སོ། ། གཞན་ཡང་འདི་སྐད་ཟེར་ཏེ། ཕས་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཆོས་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་རྣམས་ལ་མ་གཏོགས་པ་ལྷག་མ་རྣམས་ནི་ཕྲ་མོ་དང་། ཕྲན་ཚེགས་རྣམས་སོ། ། གཞན་ཡང་འདི་སྐད་ཟེར་ཏེ། ཕས་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཆོས་དང་། མ་ངེས་པའི་ཆོས་གཉིས་ལས་ལྷག་མ་རྣམས་ནི་ཕྲ་མོ་དང་། ཕྲན་ཚེགས་རྣམས་ཞེས་བྱའོ། ། དེ་ལྟར་དགེ་སློང་གིས་ཁོང་དུ་ཆུད་པ་ན། ཕས་ཕམ་པ་བཞི་ལ་གནས་ཤིང་། ཁ་ཅིག་ནི་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་ལ་གནས་པ། མུ་སྟེགས་ཅན་གྱིས་སྐབས་རྙེད་དེ། དགེ་སྦྱོང་གོའུ་ཏ་མའི་ཆོས་ནི་དུད་པ་བཞིན་དུ་གྱུར་ཏེ། དགེ་སྤྱོང་གོའུ་ཏ་མ་བཞུགས་པའི་ཚེ་ནི། ཉན་ཐོས་ཀྱི་བསླབ་པ་ཡང་དག་པར་སྡོམ་ཞིང་། ད་ལྟར་ནི་ཅི་དགའ་བར་སྤྱོད་ཅིང་ལྷོད་པར་གྱུར་ཏེ། འདོད་ན་ནི་དེ་བཞིན་དུ་བྱེད། མི་འདོད་ན་ནི་མི་བྱེད་དོ། ། དེ་བས་ན་ཁྱོད་ཀྱིས་མ་འོངས་པའི་སྐྱེ་བོ་རྣམས་ལ་ཕན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་མ་ཞུས་པ་ཉེས་སོ། ། བཙུན་པ་འོད་སྲུང་ཆེན་པོ། ངོ་ཚ་མེད་པའམ། རབ་ཏུ་ངོ་ཚ་མེད་པ་ནི་མ་ལགས་མོད་ཀྱི། བདག་དེའི་ཚེ་ན། དེ་བཞིན་གཤེགས་པ་དང་བྲལ་བའི་མྱ་ངན་དྲན་པའི་སྡུག་བསྔལ་གྱིས་གཟིར་ཏོ། ། དེ་ཡང་ཁྱོད་ཀྱི་ཉེས་པར་གྱུར་ཏོ། ། དེ་བཞིན་གཤེགས་པའི་ཞབས་འབྲིང་བྱེད་ལ། འདུས་བྱས་ཐམས་ཅད་ནི་མི་རྟག་ཡིན་ན། ཁྱོད་ཀྱིས་མྱ་ངན་བྱས་པ་དེ་ཡང་ཉེས་སོ། ། དེ་ནི་ཉེས་པ་དྲུག་པ་ཡིན་ནོ། ། 7. ཁྱིམ་པའི་འཁོར་དང་། བུད་མེད་སྤྱོད་པ་ངན་པ་རྣམས་ལ་དེ་བཞིན་གཤེགས་པའི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་བསྟན་པ་ནི། ཁྱིམ་པའི་འཁོར་དང་། བུད་མེད་ སྤྱོད་པ་ངན་པ་རྣམས་ལ་དེ་བཞིན་གཤེགས་པའི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་བསྟན་ཏོ། ། བཙུན་པ་འོད་སྲུང་ཆེན་པོ་ངོ་ཚ་བ་མེད་པའམ། རབ་ཏུ་ངོ་ཚ་མེད་པ་ནི་མ་ ལགས་མོད་ཀྱི། བདག་གིས་འདི་སྙམ་དུ་བསམས་སོ། ། བུད་མེད་ནི་རང་བཞིན་གྱིས་འདོད་ཆགས་ཆེ་བས་བཅོམ་ལྡན་འདས་ཀྱི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་མཐོང་ན། མོ་མཚན་དང་བྲལ་བར་མ་གྱུར་ཏམ། ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་དེ་ལྟ་བུའི་ཡེ་ཤེས་ཕུན་སུམ་ཚོགས་པ་ག་ལས་བྱུང་། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་བསྟན་ན། བུད་མེད་དག་བུད་མེད་ཀྱི་མོ་མཚན་ཇི་ལྟར་སྤོང་བར་འགྱུར་བ་ནི། ཉེས་པ་བདུན་པ་ཡིན་ནོ། ། 8. བཅོམ་ལྡན་འདས་ཀྱི་སྐུ་གསེར་གྱི་ཁ་དོག་ལྟར་སེར་བ་བུད་མེད་དག་ལ་བསྟན་པ་ནི། བཅོམ་ལྡན་འདས་ཀྱི་སྐུ་གསེར་གྱི་ཁ་དོག་ལྟར་སེར་བ་བུད་མེད་དག་ལ་བསྟན་པས་དེ་ལ་མཆི་མས་དྲི་མ་ཅན་དུ་གྱུར་པའོ། ། བཙུན་པ་འོད་སྲུང་ཆེན་པོ་ངོ་ཚ་མེད་པའམ། ར་ཏུ་ངོ་ཚ་མེད་པ་མ་ལགས་མོད་ཀྱི། བདག་གི་བློ་སྐྱེས་པ། བཅོམ་ལྡན་འདས་འདི་ལྟ་བུའི་ཁ་དོག་དང་ལྡན་པ་མཐོང་ན། སེམས་ཅན་མང་པོ་དག་ཁ་དོག་དང་ལྡན་པར་སེམས་ཀྱིས་སྨོན་ལམ་སྐྱེད་པར་འགྱུར་ཏེ། ཀུན་དགའ་བོ་ཁྱོད་གཅིག་ཏུ་ཤེས་པ་མ་ཡིན་ཞིང་། གཞན་གྱི་སེམས་ཤེས་པ་མ་ཡིན་པ་འདི་ནི་ཉེས་པ་བརྒྱད་པའོ། །

Tibetan Source 《འདུལ་བ་ད་པ་》ཤ་468ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number