770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གསོ་བ་རིག་པ་བཤད་པ་གཉིས།
Tibetan Alternate
Tibetan Definition 1.དགོས་པ་དང་འབྲེལ་བའི་བཤད་བྱ་ངོས་བཟུང་བ་ནི། ལུས་སྲོག་གསོ་བའི་རིག་པ་ཀུན་གྱི་བཅུད། ། དཔལ་ལྡན་རྒྱུད་ཆེན་བདུད་རྩི་སྙིང་པོའི་ལུས། ། རྟེན་ལུས་དང་བརྟེན་པ་སྲོག་བཅས་མི་ན་བར་གནས་ཤིང་ན་བ་གསོ་བར་བྱེད་པའི་རིག་པ་སྟོན་པའི་གཞུང་ལུགས་མཐའ་ཡས་ཀྱང་། དེ་དག་ཐམས་ཅད་ཀྱི་བཅུད། དཔལ་ལྡན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཆེན་པོ་ཞེས་བྱ་བ། གོ་སླ། དོན་བཟང་། ཡན་ལག་བརྒྱད་ཀྱི་དོན་རྫོགས་པར་སྟོན་ཅིང་མཆོག་དམན་ཀུན་ལ་ཕན་པ་རླབས་སུ་ཆེ་བས་བོད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་རྣམས་ཀྱི་ནང་ནས་ངོ་མཚར་རྨད་དུ་བྱུང་བ་འདིའི་ལུས་རྣམ་པར་གཞག་པ་རགས་པ་ཙམ་ཤེས་ན། གསོ་དཔྱད་ཀུན་གྱི་དོན་བདེ་བླག་ཏུ་མཐོང་བར་འགྱུར་བས་མདོ་ཙམ་བཤད་པར་བྱ་བ་ཡིན་ནོ། །

2.གསོ་རིག་དངོས་ཀྱི་ཚུལ་བཤད་པ་ལ་གཉིས་ཏེ། (1)རྒྱུད་བཞིའི་ལུས་མདོར་བསྟན་པ་ལ་བཞི་སྟེ། [1]རྩ་རྒྱུད་ནི། རྩ་བ་གནས་ལུགས་ངོས་འཛིན་གསོ་བ་སྟེ། རྩ་བ་ཐུགས་ཀྱི་རྒྱུད་དུ་གསུངས་པ་གསུམ་སྟེ། <1>གནས་ལུགས་ནད་གཞི་ནི། རྣམ་པར་མ་གྱུར་པ་ལུས་ཆུ་ལྟ་བུ་དང་། རྣམ་པར་གྱུར་པ་ནད་ཆབ་རོམ་ལྟ་བུའི་སྡོང་པོ་གཉིས། ལུས་ཀྱི་ཡལ་ག་ནད་དང་ལུས་ཟུང་དྲི་མ་གསུམ། ནད་ལ་ སྲོག་འཛིན་སོགས་རླུང་ལྔ། འཇུ་བྱེད་སོགས་མཁྲིས་པ་ལྔ། སྟེན་བྱེད་སོགས་བད་ཀན་ལྔ། ཤ་ཁྲག་ཚིལ་རུས་རྐང་དང་ཁུ་བ་སྟེ་དྭངས་མ་བདུན། བཤང་གཅི་རྡུལ་བའི་དྲི་མ་གསུམ་སྟེ་ལོ་འདབ་ཉི་ཤུ་རྩ་ལྔ། ནད་ཀྱི་ཡལ་ག་རྒྱུ་རྐྱེན་འཇུག་སྒོ་རྟེན་གནས་རྒྱུ་ལམ་ལྡང་དུས་འབྲས་བུ་ལྡོག་རྒྱུ་མདོར་དྲིལ་བཅས་དགུ། རྒྱུ་དུག་གསུམ། རྐྱེན་དུས་གདོན་ཟས་དང་སྤྱོད་ལམ་བཞི། ཤ་པགས་རྩ་རུས་དོན་སྣོད་དེ་འཇུག་སྒོ་དྲུག གནས་ལུས་ཀྱི་སྟོད་སྨད་བར་གསུམ། ལུས་ཟུང་དྲི་མ་དབང་པོ་དོན་སྣོད་ལྔ་པོ་སོ་སོར་རླུང་མཁྲིས་བད་ཀན་རྒྱུ་བའི་ལམ་བཅོ་ལྔ། ན་སོ་གསུམ་ཡུལ་གསུམ་དུས་གསུམ་སྟེ་ལྡང་དུས་དགུ། འཚོ་བ་གསུམ་ཟད་པ་སོགས་འབྲས་བུ་སྲོག་གཅོད་ཀྱི་ནད་དགུ། རླུང་མཁྲིས་བད་ཀན་ཞི་མ་ཞི་གཉིས་གཉིས་བཞི་རུ་ལྡོག་པའི་རྒྱུ་བཅུ་གཉིས། དེ་དག་མདོ་དོན་དྲིལ་བ་ཚ་གྲང་གཉིས་སུ་འདུས་པ་སྟེ་ལོ་འདབ་དྲུག་ཅུ་རྩ་གསུམ། <2>ངོས་འཛིན་རྟགས་ནི། ལྟ་རེག་དྲི་བའི་སྡོང་པོ་གསུམ། ལྟ་བའི་ཡལ་ག་ལྕེ་དང་ཆུ་ལ་ལྟ་བ་གཉིས། དེ་རེ་རེ་ལ་ནད་གསུམ་གྱིས་དབྱེ་བས་ལོ་འདབ་དྲུག རེག་པའི་ཡལ་ག་ནད་གསུམ་དང་ལོ་འདབ་དེ་མཚུངས་གསུམ། དྲི་བའི་ཡལ་ག་སློང་རྐྱེན་ན་ལུགས་གོམས་པའི་སྒོ་ནས་དྲི་བ་གསུམ། ཡང་ལ་རྩུབ་པ། རྣོ་ཞིང་ཚ་བ། ལྕི་ལ་སྣུམ་པའི་ཟས་དང་སྤྱོད་ལམ་གྱིས་རིམ་བཞིན་རླུང་མཁྲིས་བད་ཀན་སློང་བ་སོགས་དྲི་བའི་དབྱེ་བས་ལོ་འདབ་ཉི་ཤུ་རྩ་དགུ། <3> གསོ་བྱེད་ཐབས་ཀྱི་རྩ་བ་ནི། ཟས་སྤྱོད་སྨན་དཔྱད་ཀྱི་སྡོང་པོ་བཞི། ཟས་ཀྱི་ཡལ་ག་ཟས་གསུམ་སྐོམ་གསུམ་སྟེ་དྲུག རླུང་ཟས་བཅུ་བཞི། མཁྲིས་ཟས་བཅུ་གཉིས། བད་ཀན་ཟས་སྐོམ་དགུ་སྟེ་ལོ་འདབ་སུམ་ཅུ་སོ་ལྔ། སྤྱོད་ལམ་གྱི་ཡལ་ག་རང་རང་དང་སྦྱར་བའི་གཉེན་པོ་གསུམ། རེ་རེ་ལ་གནས་དང་སྤྱོད་ལམ་གྱི་ཡལ་ག་རང་རང་སྦྱོར་བའི་གཉེན་པོ་གསུམ། རེ་རེ་ལ་གནས་དང་སྤྱོད་ལམ་གྱིས་དབྱེ་བའི་ལོ་འདས་དྲུག སྨན་གྱི་ཡལ་ག་རླུང་སྨན་སོགས་གསུམ་ལ་རོ་ནུས་གཉིས་གཉིས་དབྱེ་བས་དྲུག རླུང་ལ་ཁུ་བ་དང་སྨན་མར། མཁྲིས་པར་ཐང་དང་ཅུར་ནིས། བད་ཀན་ལ་རིལ་བུ་ཏྲེས་སམ་སྟེ་ཞི་བྱེད་དྲུག རླུང་འཇམ་རྩི། མཁྲིས་པ་བཤལ། བད་ཀན་སྐྱུགས་ཀྱིས་སྦྱོང་བ་སྟེ། སྦྱོང་བྱེད་གསུམ་བཅས་དྲིལ་བས་བཅོ་ལྔ། རླུང་ལ་རོ་མངར་སྐྱུར་ལན་ཚྭ་གསུམ། ནུས་པ་སྣུམ་ལྕི་འཇམ་པ་གསུམ་སོགས་གཞན་གཉིས་ལའང་དེ་བཞིན་སྦྱར་བས་བཅོ་བརྒྱད། ཁུ་བ་གསུམ། སྨན་མར་ལྔ། ཐང་དང་ཕྱེ་མ་བཞི་བཞི། རིལ་བུ་གཉིས། ཏྲེས་སམ་ལྔ། སྦྱོང་བྱེད་སྔ་མ་ལ་གསུམ། བར་མ་ལ་བཞི། ཕྱི་མ་ལ་གཉིས་ཏེ་དྲིལ་བས་དགུ། སྔ་ཕྱི་བསྡོམས་པས་ལོ་འདབ་ལྔ་བཅུ་ཐམ་པ། དཔྱད་ཀྱི་ཡལ་ག་རླུང་མཁྲིས་བད་ཀན་གྱི་དཔྱད་གསུམ། སྔ་མ་ལ་བཀུ་མཉེ་དང་ཧོར་གྱི་མེ་བཙའ་གཉིས། བར་མ་ལ་རྔུལ་དབྱུང་གཏར་ག་ཆུའི་འཕྲུལ་འཁོར། ཕྱི་མ་ལ་དུག་དང་མེ་བཙའ་བཅས་ལོ་འདབ་བདུན་ཏེ། མདོར་ན་གསོ་ཡུལ་ནད་གཞི་ལ་རྣམ་གྲངས་བརྒྱད་ཅུ་རྩ་བརྒྱད། ངོས་བཟུང་བརྟག་པ་ལ་སུམ་ཅུ་སོ་བརྒྱད། གསོ་བྱེད་གཉེན་པོའི་ཐབས་དགུ་བཅུ་རྩ་བརྒྱད་ཀྱི་ནང་དུ་གསོ་བ་རིག་པའི་དོན་མ་ལུས་པ་གཏན་ལ་དབབ་ནས་མྱ་ངན་མེད་པའི་ལྗོན་ཤིང་གི་དཔེ་དང་སྦྱར་བར་མཛད་དེ། དེ་ལྟར་ལེགས་པར་ཤེས་ཤིང་ལག་ཏུ་བླངས་པས་ནད་མེད་པ་དང་ཚེ་རིང་བ་གཉིས་མེ་ཏོག ཆོས་དང་ནོར་དང་བདེ་བས་འབྱོར་པ་འབྲས་བུའི་མཐུན་དཔེར་སྦྱོར་བ་ནི་རྒྱུད་ཉིད་ལས། རྩ་བ་གསུམ་ལས་འདྲིལ་བའི་སྡོང་པོ་དགུ། ། གྱེས་པའི་ཡལ་ག་བཞི་བཅུ་རྩ་བདུན་ཏེ། ། ལོ་འདབ་ཉིས་བརྒྱ་རྩ་བཞིར་རྒྱས་པ་ཡིན། ། གསལ་བའི་མེ་ཏོག་འབྲས་བུ་ལྔ་རུ་སྨིན། ། འདི་དག་རྩ་བའི་རྒྱུད་ཀྱི་སྡོམ་དུ་བཤད། ། ཅེས་གསུངས་སོ། ། [2]བཤད་རྒྱུད་ནི། གསོ་བྱ་གསོ་བྱེད་གསོ་ཚུལ་གསོ་བས་བཤད། ། ཅེས་བཤད་པ་སྐུ་ཡི་རྒྱུད་ཀྱི་བསྟན་བྱ་གསོ་རིག་ཐམས་ཅད་ཚུལ་བཞིར་དྲིལ་བ་ནི་འོག་ཏུ་ཅུང་ཟད་འཆད་པར་འགྱུར་རོ། ། [3]མན་ངག་གི་རྒྱུད་ནི། ལུས་དང་བྱིས་པ་མོ་ནད་གདོན་མཚོན་དུག ། རྒས་པ་རོ་ཙའི་མན་ངག་ཡན་ལག་བརྒྱད། ། ཅེས་མན་ངག་ཡོན་ཏན་རྒྱུད་ལེའུ་དགུ་བཅུ་རྩ་གཉིས་ཡོད་པ་ལས། ལུས་ཀྱི་བཅོས་ལེའུ་བདུན། བྱིས་པ་དང་མོ་ནད་ལ་གསུམ་གསུམ། གདོན་དང་མཚོན་རྨ་ལ་ལྔ་ལྔ། དུག་ལ་གསུམ། རྒས་པ་གསོ་བའི་ཐབས་བཅུད་ལེན་ལ་གཅིག རོ་ཙ་དང་དེའི་ཡན་ལག་བུད་མེད་བཙའ་སྲུང་གི་ཐབས་ལ་གཉིས་བཅས་ཀྱིས་གསོ་བྱེད་གཉེན་པོའི་མན་ངག་རྫོགས་པར་བསྟན་པ་སྟེ། སྤྱིར་ལུས་ལ་སོགས་པ་དེ་རྣམས་གསོ་ཡུལ་གྱི་ཡན་ལག་བརྒྱད་དུ་ཡོངས་སུ་གྲགས་ཤིང་། གསོ་དཔྱད་ཆེ་ཆུང་ཐམས་ཅད་དེ་ལས་འཕྲོས་པ་ཤ་སྟག་གོ ། [4]ཕྱི་མ་རྒྱུད་ནི། ནད་དང་གཉེན་པོ་ཐབས་སུ་ཕྱི་མར་དྲིལ། ། ཞེས་རྒྱས་པར་བཤད་པ་དེ་དག་གསོ་ཡུལ་གྱི་ནད། གསོ་བྱེད་གཉེན་པོ་གསོ་བའི་ཐབས་གསུམ་ཞེས་ཕྱི་མ་ཕྲིན་ལས་ཀྱི་རྒྱུད་དུ་ལག་ལེན་སྙིང་པོར་དྲིལ་ནས་བསྟན་ཏེ། དེའང་གསོ་ཡུལ་ནད་ལ་རྒྱས་པར་སྟོང་དང་ཉིས་བརྒྱ། བསྡུ་ན་ཀུན་བརྟགས་གདོན། ལྟར་སྣང་འཕྲལ། ཡོངས་གྲུབ་ཚེ། གཞན་དབང་སྔོན་ལས་ཀྱི་ནད་གཞི་པོ་རེ་རེ་ལ་བརྒྱ་དང་གཅིག་སྟེ། བསྡོམས་པས་བཞི་བརྒྱ་རྩ་བཞི། དེ་ལས་ཀྱང་བཅོས་དགོས་ཤིང་བཅོས་སུ་ཡོད་པ་ཡོངས་གྲུབ་ཚེའི་ནད་བརྒྱ་རྩ་གཅིག གསོ་བྱེད་གཉེན་པོ་ལ་སྟོང་དང་རྩ་གཉིས། མདོར་བསྡུས་པས་སྨན་དཔྱད་ཟས་སྤྱོད་བཞི། སྨན་ལ་ཞི་བྱེད་སྦྱོང་བྱེད་གཉིས། ཞི་བྱེད་ལ་བསིལ་དྲོད། སྦྱོང་བྱེད་ལ་དྲག་དང་འཇམ་པ་གཉིས། དཔྱད་ལ་འཇམ་རྩུབ་གཉིས། ཟས་ལ་ཕན་གནོད་གཉིས། སྤྱོད་ལམ་དྲག་དལ་གཉིས་ཏེ་མདོར་དྲིལ་བའི་གཉེན་པོ་བཅུར་གསུངས་སོ། ། གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ། མདོར་བསྡུས་བརྟག་ཐབས་གསོ་ཚུལ་བཅོས་ཐབས་གསུམ། དང་པོ་ལ་རེག་པ་རྩ། མཐོང་བ་ཆུ་ལ་བརྟག་པ་གཉིས། གཉིས་པ་གསོ་ཚུལ་རྣམ་པ་དགུ། གསུམ་པ་ལ། ཞི་བྱེད་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ཐལ་སྨན་ཁཎྜ་སྨན་ཆང་སྡེ་ཚན་བརྒྱད། དེའི་ལོག་གནོན་རིན་པོའི་ཆེའི་སྦྱོར་བ། ཐུག་ཕྲད་སྔོ་སྦྱོར་གྱི་སྡེ། སྦྱོར་བྱེད་སྔོན་འགྲོ་སྣུམ་འཆོས། བཤལ་སྐྱུགས་སྣ་སྨན་འཇམ་རྩི་ནི་རུ་ཧ་སྟེ་དངོས་གཞི་ལས་ལྔ། ལོག་གནོན་རྩ་སྦྱོང་སྟེ་བདུན། དཔྱད་ལ་གཏར་སྲེག་དུག་ལུམ་བྱུགས་པ། ལོག་གནོན་ཐུར་མའི་དཔྱད་བཅས་ཉི་ཤུ་རྩ་གསུམ། ཐལ་སྨན་སོགས་ཕྱི་མ་ལྔ་ཞི་བྱེད་རྩ་སྡེ་ཚན་ལྔར་འདུས་པས་ལག་ལེན་བཅོ་བརྒྱད་ཀྱི་གྲངས་སུ་དྲིལ་བ་ཡིན་ནོ། ། (2)གསོ་བའི་ཚུལ་བཞི་རྒྱས་པར་བཤད་པ་ལ་གཉིས་ཏེ། [1]མདོར་བསྟན་ནི། གསོ་བྱ་གང་ཕྱིར་ལུས་དང་གང་གསོ་ནད། ། གསོ་བྱེད་སྤྱོད་ལམ་ཟས་སྨན་དཔྱད་རྣམས་ཏེ། ། གསོ་ཐབས་ནད་མེད་གནས་དང་རྣམ་གྱུར་གསོ། ། གསོ་མཁན་རྩ་བ་ཡན་ལག་བཅས་པས་བསྡུས། ། གོང་དུ་སྨོས་པའི་བཤད་པའི་རྒྱུད་ཀྱི་སྡོམ་ཉིད་གསོ་རིག་སྤྱིའི་མདོ་ཆིངས་ཆེན་པོ་ཡིན་པས་དེ་ཉིད་ཅུང་ཟད་བཀྲོལ་ན། གསོ་བྱའི་ཡུལ་ལ་གང་གི་ཕྱིར་གསོ་བ་ལུས། གང་ཞིག་གསོ་བ་དེ་ལས་འབྱུང་བའི་ནད་གཉིས། གསོ་བྱེད་ཀྱི་གཉེན་པོ་སྤྱོད་ལམ་ཟས་སྨན་དཔྱད་དང་བཞི། ནད་དེ་གཉེན་པོས་ཇི་ལྟར་གསོ་བའི་ཚུལ་ལམ་ཐབས་ལ་ནད་མེད་རིང་དུ་གནས་པ་དང་། རྣམ་གྱུར་གསོ་བའི་ཐབས་གཉིས། གསོ་བྱེད་ཀྱི་མཁན་པོ་སྨན་པ་རྩ་བ་བཞི་ལ་ཡན་ལག་བཅུ་གཅིག་ལྡན་པ་དང་བཅས་པས་གསོ་རིག་གི་ལུས་ཡོངས་སུ་རྫོགས་པ་བསྡུས་སོ། ། [2]རྒྱས་བཤད་ལ་བཞི་སྟེ། <1>གསོ་བྱ་ལ་གཉིས་ཏེ། 1)ལུས་ནི། ལུས་ལ་རྒྱུ་རྐྱེན་རྟགས་ཀྱིས་ཆགས་ཚུལ་རྟོགས། ། འདྲ་དཔེ་ཉམས་སྦྱར་ལུས་ཟུངས་རྩ་ཡི་གནད། ། བུ་གའི་གནས་ལུགས་གནོད་བྱ་གནོད་བྱེད་ཀྱི། ། མཚན་ཉིད་ལས་དབྱེ་འཇིག་ལྟས་གཏན་ལ་དབབ། ། གང་གི་དོན་དུ་གསོ་བ་ལུས་ལ་ཆགས་པའི་རྒྱུ་དཀར་དམར་རྣམ་ཤེས་གསུམ། འཕེལ་བའི་རྐྱེན་ལྟེ་འཁོར་དང་བུ་སྣོད་ཀྱི་རྩ་ལས་བྱུང་བའི་བཅུད་བཙའ་བའི་རྟགས་དང་བཅས་པས་ཆགས་པའི་ཚུལ་རྟོགས། རྟེན་ཁང་བཟང་བརྟེན་པ་རྒྱལ་བློན་འབངས་དང་བཅས་པའི་འདྲ་དཔེ་སྦྱར་བས་ལུས་གནས་ཀྱི་ཉམས་ཤེས། ནད་དང་དྭངས་སྙིགས་ཤ་རུས་ལ་སོགས་པའི་ལྡང་ཚད་ལུས་ཟུངས་ཀྱི་གནས་ལུགས། ཆགས་སྲིད་འབྲེལ་པ་ཚེ་སྟེ་འབྲེལ་པ་རྩའི་གནས་ལུགས། ཤ་ཚིལ་རུས་པ་ཆུ་རྒྱུས་དོན་སྣོད་རྩའི་གནས་བདུན་ཏེ་གཉན་པ་གནད་ཀྱི་གནས་ལུགས། ཕྱི་ནང་དྭངས་སྙིགས་ཟས་ཀྱི་རྒྱུ་ལམ་བུ་གའི་གནས་ལུགས་བཞིས་ལུས་ཀྱི་གནས་ལུགས་རྟོགས། གནོད་བྱ་ཁམས་ལ་ལུས་ཟུངས་བདུན་དང་དྲི་མ་གསུམ། གནོད་བྱེད་ཉེས་པ་རླུང་མཁྲིས་བད་ཀན་ནང་གསེས་དབྱེ་བ་བཅོ་ལྔ་དང་བཅས་སོ། ། གྲུབ་ཚུལ་རང་བཞིན་མེ་དྲོད་ལྟོ་བ་གནས་པ་བྱེད་ལས་མཚན་ཉིད་ཀྱི་སྒོ་ནས་ལུས་ཀྱི་མཚན་ཉིད་རྟོགས། སྤྱིར་སྒོ་གསུམ་དགེ་མི་དགེ་ལུང་མ་བསྟན་ལ་སྤྱོད་ཅིང་བྱེ་བྲག་དབང་པོ་ལྔ་ཡིས་རང་གི་ཡུལ་ལ་སྤྱོད་པ་ལུས་ཀྱི་ལས་དང་། རྟེན་ཕོ་མོ་མ་ནིང་། ན་ཚོད་རྒན་བྱིས་དར་མ། རང་བཞིན་ཉེས་གསུམ་སོ་སོའི་མི། ནད་རྣམ་པར་མ་གྱུར་པ་དང་གྱུར་པའི་དབྱེ་བས་དེ་དག་རྟོགས། རིང་བ་ཉེ་བ་མ་ངེས་ངེས་པ་ཅན་བཞིས་ལུས་འཇིག་པའི་ལྟ་ས་གཏན་ལ་དབབ་པ་སྟེ་ནང་གསེས་དུ་མ་དང་བཅས་པའི་རྣམ་གྲངས་བདུན་གྱིས་གང་གསོ་བ་ལུས་ཀྱི་གནས་ལུགས་ལ་མཁས་པར་བྱའོ། ། 2)ནད་ནི། དུག་གསུམ་ཉེས་གསུམ་ཉེས་གསུམ་ཉེ་རིང་རྒྱུ། ། སྐྱེ་མཆེད་གསོག་ལྡང་སློང་རྐྱེན་སྐྱེད་བྱེད་དེ། ། ལམ་དྲུག་ཞུགས་པའི་མཚན་ཉིད་འཕེལ་ཟད་འཁྲུགས། །རྒྱུ་དང་རྟེན་དང་རྣམ་པའི་སྒོ་ནས་དབྱེ། ། ཞེས་གང་གསོ་བ་ནད་ལ། རིང་རྒྱུ་མ་རིག་པ་ལས་བྱུང་བའི་དུག་གསུམ་དང་ཉེ་བའི་རྒྱུ་དེས་བསྐྱེད་པའི་ཉེས་པ་གསུམ་གྱི་ནད། དུས་དབང་པོ་སྤྱོད་ལམ་དམན་ལྷག་ལོག་པ་སྐྱེ་མཆེད་ཀྱི་རྐྱེན། རྒྱུ་ངོ་བོ་དུས་ཀྱི་སྒོ་ནས་གསོག་ལྡང་ཞི་གསུམ་བྱེད་པ་གསོག་ལྡང་གི་རྐྱེན། ཐུན་མོང་ཁྱད་པར་སྤོང་བའི་རྐྱེན་ཏེ་ནད་སྐྱེད་བྱེད་ཀྱི་རྐྱེན་གསུམ། ཉེས་གསུམ་རང་གནས་འཕང་བྱའི་ཡུལ་ལ་འཕེན་བྱེད་ཀྱི་རྐྱེན་བཞིས་འཕངས་པ་འཇུག་སྒོའི་ལམ་དྲུག་ཏུ་ཞུགས་ནས་རང་གནས་སུ་རྟེན་པ་ནད་འཇུག་ཚུལ། ཞུགས་ནས་ནང་ལུས་ཟུངས་དྲི་མ་གསུམ་པོ་ལྡང་ཚད་ལས་འཕེལ་བ་དང་ཟད་པ་དང་ཕན་ཚུན་འཁྲུགས་པ་གསུམ་པོ་ནད་ཀྱི་མཚན་ཉིད། སྔོན་གྱི་ལས། ཚེ་འདིའི་ཉེས་པ། དེ་གཉིས་འདྲེས་པ་ལས་འབྱུང་བ་སྟེ་རྒྱུའི་དབྱེ་བ་གསུམ། སྐྱེས་པ་བུད་མེད་རྒས་ཀུན་ཁྱབ་ཐུན་མོང་སྟེ་རྟེན་གྱི་དབྱེ་བ་ལྔ། ཕྱི་མ་ལ་ཉེས་པ་གཙོ་བོ་རིགས་དང་གནས་ཀྱི་དབྱེ་བ་གསུམ། ནང་གསེས་དང་བཅས་པ་གནོད་བྱ་ཉི་ཤུ་རྩ་ལྔ་ལ་རྐྱང་པ་ལྡན་འདུས་འདྲེས་པའི་རིགས་ཀྱི་རྣམ་པའི་སྒོ་ནས་དབྱེ་བ་གྲངས་མེད་པ་རྣམས་ནི་ནད་ཀྱི་དབྱེ་བ་སྟེ་རྣམ་གྲངས་ལྔ་ཡི་སྒོ་ནས་གསོ་བྱ་ནད་ཀྱི་མཚན་ཉིད་ལེགས་པར་རྟོགས་པར་བྱའོ། ། (2)གསོ་བྱེད་ཀྱི་ཚུལ་བཤད་པ་ལ། སྤྱོད་ལམ་རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་ཏེ། ། ཟས་ཚུལ་བསྡམ་དང་ཟས་ཚོད་རན་པར་བཟའ། ། སྨན་ལ་རོ་ནུས་ཞུ་རྗེས་སྦྱོར་བའི་ཐབས། ། འཇམ་རྩུབ་དྲག་དཔྱད་དེ་ཡི་ཆ་བྱད་བཅས། ། ཞེས་གསུངས་པ་འདི་ལྟ་སྟེ། ནད་གསོ་བྱེད་གཉེན་པོ་རྣམས་ཀྱི་ཐོག་མར་གལ་ཆེ་བ་སྤྱོད་ལམ་གྱི་གནས་ལ། ཚེ་རྐྱང་འཇིག་རྟེན་པ་དང་དམ་པ་རྣམས་ཀྱི་རྒྱུན་དུ་སྤྱོད་པ། དུས་དྲུག་ཏུ་གསོག་ལྡང་གི་གཉེན་པོ་བསྟེན་པའི་དུས་སྤྱོད། ནད་མི་སྐྱེ་བ་དང་སྐྱེས་པ་ཞི་བའི་གནས་སྐབས་ཀྱི་སྤྱོད་ལམ་གསུམ། 1)འཚོ་བ་ཟས་ནི། བཟའ་བྱའི་ཟས་དང་བཏུང་བྱའི་སྐོམ་གྱི་ཚུལ་ལམ་རྣམ་གྲངས་ཤེས་པར་བྱ་བ། ལུས་ལ་མི་འཕྲོད་པ་བསྡམ་པར་བྱ་བ། ཟས་ཀྱི་ཚོད་རན་པར་བཟའ་བ་གསུམ། 2)སྦྱོར་བ་སྨན་ནི། རོ་དྲུག་ནུས་པ་བརྒྱུད་ལས་སྐྱེས་པའི་ཡོན་ཏན་བཅུ་བདུན་ཞུ་རྗེས་གསུམ་རྣམས་ནད་ཀྱི་འབྱུང་བའི་གཉེན་པོར་སྤྲད་པའི་རོ་བསྡེབས་སྦྱོར་བ་ལྔ་བཅུ་རྩ་བདུན་དང་རྐྱང་པ་དྲུག་བཅས་དྲུག་ཅུ་རྩ་གསུམ་ནི་སོ་སོར་འཕེལ་ཟད་བདུན་ཅུ་རྩ་བཞིའི་གཉེན་པོར་ཐབས་ལ་མཁས་པར་བྱ་བ། 3)ཆ་བྱད་ནི། འཇམ་པོའི་དཔྱད་དུག་ལུམ་པ་བྱུགས་པ། རྩུབ་པའི་དཔྱད་གཏར་སྲེག་དབུག་པ། དྲག་པོའི་དཔྱད་འདྲལ་གཅོད་འདྲུད་དང་འབྱིན་པ་བཞི། དེ་དག་གི་ཆ་བྱད་ཟུག་རྔུ་བརྟག་པའི་དཔྱད་ཁབ་མགོ་སོགས་བཅུ་བཞི། ཟུག་རྔུ་འབྱིན་པ་སེང་གེ་ཁ་སོགས་སྐམ་པའང་རིགས་དྲུག་ཤ་འདྲལ་ཁྲག་དབྱུང་བྱེའུའི་སྒྲོ་འདྲ་བ་སོགས་བཙག་བུའི་སྡེ་དྲུག བཙག་དབུགས་འདྲེན་དཔྱད་སྦུབས་ཐུར་སྨྱུ་གུ་ལ་སོགས་ཐུར་མ་དགུ གཅེའུ་རྔུབ་ར་བུམ་པ་ལ་སོགས་ཆ་བྱད་ཕྲན་བུ་དང་བཅས་པ་སྟེ། དེ་དག་གིས་རྣམ་པར་གྱུར་པའི་ནད་ཀྱི་རིགས་སྙིང་རྗེས་གསོ་བ་ལ་བརྩོན་པར་བྱའོ། ། (3)གསོ་ཐབས་ལ་གཉིས་ཏེ། 1)ནད་མེད་གནས་ཤིང་འཚོ་བ་ནི། ནད་མེད་བདེར་གནས་རྒས་པའི་ནད་ལས་བསྲིང་། ། རྣམ་པར་མ་གྱུར་པ་ནད་མེད་ཀྱི་ཐ་མལ་གྱི་ལུས་པོ་མི་ན་བར་གནས་པ་དང་རིང་དུ་འཚོ་ཞིང་བདེ་བར་གནས་པའི་ཐབས་མཆོག་ནད་ཀྱི་རྒྱུ་རྐྱེན་སྤང་བ་ལ་བསླབ། ལོ་ཟླ་མང་དུ་འདས་པས་ལུས་ཟུངས་ཀྱི་སྟོབས་འགྲིབས་ཏེ་རྟེན་རྙིང་ནས་རྒས་པས་ཚེ་ཟད་པར་ཉེ་བ་ལ་བཅུད་ལེན་གྱི་སྦྱོར་བས་སྟོབས་སྐྱེད་ཅིང་ཚེ་བསྲིང་བར་བྱའོ། ། 2)ན་བ་གསོ་བ་ནི། ན་བ་རྒྱུ་དང་མཚན་ཉིད་ཕན་གནོད་བསྟེན། ། ངན་གཡོ་སྐྱོན་དང་སྤང་བླང་མུ་བཞིས་བརྟག ། སྤྱི་དང་བྱེ་བྲག་ཁྱད་པར་ཚུལ་གྱིས་གསོ། ། ཐུན་མོང་ཁྱད་པར་གསོ་བའི་ཐབས་ལྡན་བྱ། ། ཞེས་ན་བ་གསོ་བའི་ཐོག་མར་ངོས་བཟུང་རྟགས་ལ་མཁས་པར་བྱ་དགོས་པས། དེའང་སློང་བྱེད་རྒྱུ། མཚན་ཉིད་རྟགས། ཕན་གནོད་གོམས་པ་བསྟེན་པ་གསུམ་གྱིས་ཉེས་པ་དངོས་སུ་བརྟག ངན་གཡོ་སྐྱོན་ཏེ་ཐབས་ཀྱི་སྒོ་ནས་མི་ཤེས་པའི་གྲགས་པ་མི་ཕོག་པར་བརྟག ན་བ་ཐམས་ཅད་འཚོ་བ་མ་ཡིན་ཅིང་ཐམས་ཅད་འཆི་བའང་མ་ཡིན་པས་གསོ་སླ་བ་དང་གསོ་དཀའ་བ་དང་གསོ་རུང་བ་ཙམ་དང་སྤང་བར་བྱ་བ་སྟེ་སྤང་བླང་མུ་བཞིའི་སྒོ་ནས་བརྟག རྟོགས་ནས་ཇི་ལྟར་གསོ་བར་བྱེད་པ་ལ་གསོ་ཚུལ། གསོ་ཐབས་གཉིས། ①སྤྱིའི་གསོ་ཚུལ་ནི་གསུམ་སྟེ། ཉེས་གསུམ་གསོག་དུས་ཞི་བྱེད་དང་ལྡང་དུས་སྦྱོང་བྱེད་ཀྱིས་བཅོས་ཤིང་ཞི་བའི་སྐབས་སུ་མི་འཁྲུགས་པར་བྱ་བ་སྤྱིའི་གསོ་ཚུལ། མ་ཞུར་བཅས་པ་དང་རྐྱང་པ་དང་གཞན་དབང་ཅན་གསུམ་གང་མཚམས་སུ་བཅོས་པ་བྱེ་བྲག་གི་གསོ་ཚུལ་ལོ། ། དེ་ལ་ཡང་ནང་གསེས་གསོ་ཚུལ་དགུ་སྟེ། མ་རྟོགས་དོགས་པ་དང་བཅས་པ་ལ་སད་མདའ་བཏང་བ། ངོས་ཟིན་ངེས་པ་རྙེད་ནས་སྨན་དཔྱད་དངོས་སུ་སྦྱོར་བ། གཉེན་པོའི་ཐོག་ཏུ་མི་འབབ་པ་ལ་ནད་ལམ་དུ་གཟུང་བ། སྔར་བཅོས་དམན་ལྷག་ལོག་པ་ལ་གཉེན་པོ་བསྒྱུར་བ། ཤིན་ཏུ་སྟོབས་ཆེན་གྱི་ནད་ལོ་གཉེན་པོ་རྩལ་སྤྲུགས་པ། ནད་སྟོབས་ཆུང་ངུའི་རིགས་ལ་གཉེན་པོ་ཆ་ཡིས་བསྐྱེད་པ། ཉེས་གསུམ་རྐྱང་པའི་ནད་ལ་གཉེན་པོ་གཞན་གནོད་མེད་པ། ལྡན་པ་དང་འདུས་པའི་ནད་ལ་འདུ་བ་ཆ་སྙོམས་སུ་བཅོས་པ། ཐམས་ཅད་ལའང་བཅོས་བྱ་བཅོས་བྱེད་འཚམས་ཤིང་མ་ནོར་བ་སྟེ་ཁྱད་པར་གྱི་གསོ་ཚུལ་དགུ་ཡིས་ནད་རྣམས་གསོ་བར་བྱའོ། ། ②གསོ་ཐབས་ནི། ཐུན་མོང་གསོ་ཡུལ་ཟུངས་ཟད་སོགས་བརྟ་བར་བྱ་བ་དང་། ཚོ་ཆེས་སོགས་ཉམས་དམད་པའི་ཐབས་གཉིས། ཁྱད་པར་ཚ་བ་བསིལ། གྲང་བ་དྲོད། རླུང་སྣུམ་སོགས་ཉེས་གསུམ་སོ་སོར་གསོ་བའི་ཐབས་དང་ལྡན་པར་བྱའོ། ། [4]གསོ་མཁན་ནི། སྨན་པ་རྒྱུ་དྲུག་མཆོག་གྱུར་ལས་ལ་མཁས། ། རང་གཞན་འཕྲལ་ཡུན་བདེ་ལེགས་འབྲས་བུར་སྤྱོད། ། ཞེས་གསོ་བའི་བྱ་བ་བྱེད་པའི་སྨན་པའི་མཚན་ཉིད་ཀྱང་རྒྱུ་དྲུག་དང་ལྡན་པ་སྟེ། <1>བློ་གྲོས་ཆེ་བ་བློ་བརྟན་པ་བློ་གཟེག་པ་སྟེ་བློ་དང་ལྡན་པ། <2>བྱམས་པ་དང་སྙིང་རྗེར་ལྡན་པ་བསམ་པ་དཀར་བ། <3>བློ་བཞག་དྲུག་གཟུང་བྱ་གཉིས་ཤེས་པ་གསུམ་སྟེ་དམ་ཚིག་དང་ལྡན་པ། <4>ལག་པ་བཟོ་ངག་ཚིག་སྙན་པ་རིག་པ་བཀྲ་བ་སྟེ་རྣམ་པ་བཟོ་བ། ། <5>བདག་དོན་བསླབ་སྦྱོང་དང་གཞན་དོན་གསོ་དཔྱད་ལ་ལེ་ལོ་མེད་པས་བྱ་བ་ལ་བརྩོན་པ། <6>དམ་པའི་མཚན་ཉིད་ལྡན་ཅིང་ཐུན་མོང་གི་ཀུན་སྤྱོད་ལེགས་པ་སོགས་མི་ཆོས་ལ་མཁས་པ་དང་རྣམས་སོ། ། དེའང་རིགས་བརྒྱུད་མེད་ཅིང་མཐོང་གོམས་ཆུང་བ་སོགས་ཐ་མའི་སྐྱོན་བཅུ་གཉིས་སྤངས་ཤིང་མཆོག་གི་ཡོན་ཏན་རྣམས་དང་ལྡན་པ། ཐུན་མོང་སྒོ་གསུམ་གསོ་དཔྱད་ཀྱི་ལས་དང་ཁྱད་པར་ལྟ་སྒོམ་སྤྱོད་པའི་བྱ་བ་ལ་མཁས་པ་སྟེ། དེ་ལྟ་བུའི་ཚུལ་རྣམས་ཇི་སྐད་བཤད་པ་ལྟར་ཚད་དང་ལྡན་པར་འབྲེལ་བས་རང་གཞན་གཉིས་ཀ་འཕྲལ་དང་ཡུན་དུ་བདེ་ལེགས་ཀྱི་འབྲས་བུ་ལ་སྤྱོད་པར་འགྱུར་རོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་བར་ཆ་ཤ་303.12 ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number