7885

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཐར་ཕྱིན་པའི་ལམ་བཤད་པ་ལ་བརྒྱད།
Tibetan Alternate
Tibetan Definition 1.མཚན་ཉིད་གཞག་པ་ནི། མཐར་ལམ་བསྒོམ་བྱ་མཐར་ཐུག་མངོན་པར་རྟོགས། ། མཐར་ཕྱིན་པའི་ལམ་གྱི་མཚན་ཉིད་ནི། མྱ་ངན་ལས་འདས་པར་བྱེད་པའི་གཞི་གང་ཞིག བསྒོམ་བྱ་མཐར་ཐུག་པ་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །

2. མཚན་གཞི་ངོས་བཟུང་བ་ནི། མཚན་གཞི་རྒྱུན་མཐའི་རྡོར་ཏིང་ཀུན་འོད་སོགས། ། སྤངས་པ་ཡོངས་སུ་རྫོགས་པའི་གཉེན་པོ་ལམ་དེའི་མཚན་གཞི་ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་རྐང་དང་སྤྲི་ལ་གནས་པ་ལྟ་བུ་རྣམས་དང་། ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་ཡང་སྤངས་ནས་བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་ལ་གནས་པའོ། ། 3. རབ་ཏུ་དབྱེ་བ་ནི། ཐེག་གསུམ་ལམ་གཉིས་ས་གསུམ་ལ་སོགས་དབྱེ། ། མི་སློབ་ཆོས་བཅུ་ཟག་མེད་ཕུང་ལྔས་བསྡུས། ། དེ་ལ་ཐེག་པས་ཕྱེ་ན་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མི་སློབ་ལམ་གསུམ་མམ། བར་ཆད་མེད་པའི་ལམ་དང་། རྣམ་གྲོལ་ལམ་གཉིས་སམ། མི་སློབ་པའི་ཆོས་དང་། བྱས་པ་རྟོགས་པའི་ས་དང་། སྒྲིབ་པ་སྤང་བའི་ས་གསུམ་ལ་སོགས་པ་དབྱེར་ཡོད་དོ། ། གཞན་ཡང་ཉོན་མོངས་པ་ཟད་པ་ལ་ཟད་པར་ཤེས་པ་དང་། སྡུག་བསྔལ་མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པ་གཉིས་ཀྱང་མི་སློབ་པའི་ལམ་གྱི་ཁྱད་པར་རོ། ། སྐབས་དེ་དག་ཏུ་མི་སློབ་པའི་ཆོས་བཅུ་ཡོད་དེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས་མི་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་འཕགས་ལམ་ཡན་ལག་བརྒྱད་མཐར་ཐུག་པ་དང་། མི་སློབ་པའི་ཡང་དག་པའི་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་། ། མི་སློབ་པའི་ཡང་དག་པའི་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་དང་བཅུའོ། ། མི་སློབ་པའི་ཆོས་བཅུ་པོ་དེའང་ཟག་མེད་ཀྱི་ཕུང་པོ་ལྔའི་དབང་དུ་བྱས་པ་སྟེ། མི་སློབ་པའི་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་ཕུང་པོ། ཏིང་ངེ་འཛིན་དང་དྲན་པ་གཉིས་ཏིང་ངེ་འཛིན་གྱི་ཕུང་པོ། ལྟ་བ་དང་རྟོགས་པ་དང་བརྩོན་འགྲུས་གསུམ་ཤེས་རབ་ཀྱི་ཕུང་པོ། སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཕུང་པོ། ཤེས་རབ་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའོ། ། 4. རང་བཞིན་གཏན་ལ་དབབ་པ་ནི། དེ་ལ་གསུམ་སྟེ། རྟེན་གང་ལ་སྐྱེ་བ། ས་གང་དུ་བརྟེན་པ། ཡུལ་གང་ཞིག་ལ་དམིགས་པ་དང་གསུམ་མོ། ། དེ་ལས། (1)-(2)རྟེན་གང་ལ་སྐྱེ་བ་དང་། ས་གང་དུ་བརྟེན་པ་གཉིས་ནི་ཉན་ཐོས་ཀྱི་ལུགས་ལ་སྔར་བཤད་པའི་འཇིག་རྟེན་ལས་འདས་པའི་སྒོམ་ལམ་དང་མཚུངས་ཤིང་། ཐེག་ཆེན་ཐུན་མོང་བའི་ལུགས་ལ་རྟེན་མི་ལུས་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ཛམྦུའི་གླིང་ཡུལ་དབུས་ཀྱི་བྲམ་ཟེའམ་རྒྱལ་རིགས་ཀྱི་རྟེན་ལ་སྐྱེ་ཞིང་། ས་བསམ་གཏན་བཞི་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེ་བར་འདོད་དོ། ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་རྟེན་བྱང་སེམས་ས་བཅུ་པ་དང་། བསམ་གཏན་བཞི་པ་ཤིན་ཏུ་རྣམ་པར་དག་པའི་མཐར་བདག་རྐྱེན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེ་བར་འདོད་དོ། ། (3)ཡུལ་གང་ཞིག་ལ་དམིགས་པ་ནི། ཐེག་པ་ཐུན་མོང་པའི་ལུགས་ལ་ཡུལ་བདེན་པ་བཞིའམ་འགོག་པའི་བདེན་པའམ་མི་སློབ་པའི་ཆོས་བཅུ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དམིགས། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ལ་དམིགས་སོ། ། 5. སྤང་རྟོགས་ཀྱི་ཁྱད་པར་ནི། གེགས་ཀུན་སྤངས་ཤིང་ཇི་ལྟ་ཇི་སྙེད་རྟོགས། ། ལམ་དེའི་སྤངས་རྟོགས་ཀྱི་ཁྱད་པར་ནི། རང་རང་གི་ཐར་པའི་གེགས་སུ་གྱུར་པ་མ་ལུས་པ་སྤངས་པ་དང་། ཇི་ལྟ་བའི་དོན་ཆོས་ཉིད་རང་རང་གི་སྤང་བྱ་མཐའ་དག་གིས་དག་པར་རྟོགས་ཤིང་། ཇི་སྙེད་པའི་དོན། མཛོད་ལས། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། ། སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། ། ཞེས་གསུངས་པ་ལྟར་རྟོགས་སོ། ། 6. ཡོན་ཏན་བརྗོད་པ་ནི། ཐུན་མོང་ཁྱད་པར་ཡོན་ཏན་བསམ་མི་ཁྱབ། ། ཡོན་ཏན་ནི་ཐུན་མོང་དུ་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། ཞེས་སོགས་དང་། ཁྱད་པར་དུ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་རྣམ་མཁྱེན་སོགས་མཐའ་ཡས་པ་ཐོབ་པའོ། ། 7. བྱེད་ལས་གང་ཡིན་ནི། སྐུ་དང་ཡེ་ཤེས་མ་ལུས་མངོན་དུ་བྱེད། ། བྱེད་ལས་སྐུ་གསུམ་དང་ཡེ་ཤེས་བཞི་མ་ལུས་པ་མངོན་སུམ་དུ་བྱེད་པའོ། ། 8. ངེས་ཚིག་བསྟན་པ་ནི། ཟག་མེད་དགེ་རྩ་སྲིད་པའི་གཉེན་པོ་དང་། ། བགྲོད་དང་བསླབ་བྱའི་མཐས་གཏུགས་ངེས་ཚིག་གོ ། ཟག་པ་མཐའ་དག་དང་བྲལ་བས་ཟག་པ་མེད་པའི་དགེ་རྩ། སྤངས་པའི་ཉོན་མོངས་སླར་མི་སྐྱེ་བར་བྱེད་པས་སྲིད་པའི་གཉེན་པོ། སྤང་བྱ་སྤངས་པ་དང་ཤེས་བྱ་ཤེས་པའི་གནས་མཐར་ཕྱིན་པར་བགྲོད་པས་ན་མཐར་ཕྱིན་པའི་ལམ་ཞེས་བྱ་ཞིང་། བསླབ་པར་བྱ་བའི་མཐས་གཏུགས་པས་མི་སློབ་པའི་ལམ་ཞེས་ཀྱང་བྱའོ། ། འོ་ན་དེ་ལ་ལམ་ཞེས་པ་ཅིའི་ཕྱིར་དུ་བྱ་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐད་ཅིག་མ་སྔ་ཕྱི་ལའང་སྤང་བྱ་སྤང་རྒྱུ་ཞིག་དང་ཐོབ་བྱ་འཐོབ་རྒྱུ་ཞིག་ཡོད་པས་མཐར་ཕྱིན་པའི་ལམ་ཞེས་བྱའོ། ། འདི་དག་ལ་ཐེག་པ་ཐུན་མོང་བའི་ལུགས་སུ་མཛོད་ལས། མྱ་ངན་འདས་སོགས་གོང་ནས་གོང་། ། ཐོབ་པ་ལ་ནི་དབང་བྱེད་ཕྱིར། ། ཀུན་ཤེས་བྱེད་དང་ཀུན་ཤེས་དང་། ། དེ་བཞིན་ཀུན་ཤེས་ལྡན་དབང་པོ། ། ཞེས་གསུངས་པས་མཐོང་ལམ་ལ་དབང་སྒྱུར་བ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་སྦྱོར་ལམ་ན་ཡོད། སྒོམ་ལམ་ལ་དབང་སྒྱུར་བ་ཀུན་ཤེས་པའི་དབང་པོ་མཐོང་ལམ་ན་ཡོད། མཐར་ཕྱིན་པའི་ལམ་ལ་དབང་བསྒྱུར་བ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྒོམ་ལམ་ན་ཡོད་ཅེས་ཟེར་ལ། ཐེག་ཆེན་ཐུན་མོང་མ་ཡིན་པ་ལ་ནི་དབང་པོ་འདི་དག་གི་ཐ་སྙད་མི་འདོགས་སོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྨད་ཆ་ཤ་489.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number