7910

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དེ་བཞིན་གཤེགས་པ་མཚན་ལེགས་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་སྨོན་ལམ་ཆེན་པོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འཕོགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ལས་བྱུང་བ་སྟེ།

1. གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡོང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ། རིམས་དང་། གཤེད་བྱེད་དང་། རོ་ལངས་དང་། འཇིགས་པ་རྣམས་ཀྱིས་གཙེས་པ་བདག་གི་མཐུས་བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ལན་བདུན་བརྗོད་པས། དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་། སྡིག་པ་ཅན་གྱི་གདོན་རྣམས་མེད་པར་གྱུར་ཅིག ། རབ་ཏུ་ཞི་བར་གྱུར་ཅིག་ཅེས་བཏབ་བོ། ། 2. གང་གི་ཚེ་བདག་མ་འོངས་པའི་དུས་ལ་སོགས་པ་གོང་བཞིན་སྦྱར་ཏེ། སེམས་ཅན་གང་དག་ལོང་བ་དང་། འོན་པ་དང་། སྨྱོན་པ་དང་། ཤ་བཀྲ་ཅན་དང་། ནད་ཚབས་ཆེན་པོས་བཏབ་པར་གྱུར་པ་དེ་དག་བདག་གི་མཐུས་བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ལན་བདུན་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག ། སྡུག་བསྔལ་དང་། ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་ཅེས་བཏབ་བོ། ། 3. སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པ་སྤྱོད་པ་མང་བ། དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་། སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་བདག་གི་མཐུས་བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་གི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཡོངས་སུ་ཟད་པར་གྱུར་ཅིག བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སུ་ཡང་སེམས་ཅན་དམྱལ་བ་དང་། ངན་འགྲོར་འགྲོ་བར་མ་གྱུར་ཅིག ། ལྷ་ཡུལ་པའི་ལྷའི་བདེ་བ་དང་། མིའི་བདེ་བ་ཉམས་སུ་མྱོང་བར་གྱུར་ཅིག་ཅེས་བཏབ་བོ། ། 4. སེམས་ཅན་གང་དག་དབུལ་པོར་གྱུར་ཏེ་ཟས་དང་། སྐོམ་དང་། གོས་དང་། ནོར་དང་། འབྲུ་དང་། མལ་ཆ་དང་། སྤོས་དང་། ཕྲེང་བ་དང་། རྒྱན་དང་། ཡོ་བྱད་བདོག་པ་དེ་དག་བདག་གི་མཐུས་བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། དབྱིག་དང་། གོས་དང་། ནོར་དང་། འབྲུ་དང་། མལ་ཆ་དང་། སྤོས་དང་། ཕྲེང་བ་དང་། རྒྱན་དང་། ཡོ་བྱད་འཕེལ་བར་གྱུར་ཅིག་ཅེས་བཏབ་བོ། ། 5. སེམས་ཅན་གང་དག་བཅིང་བ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བདག་གི་མཐུས་བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་། བརྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག ། ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་ཅེས་བཏབ་བོ། ། 6. སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པའི་ནང་དུ་ཚུད་དེ། སྲོག་ལ་བབ་ སྟེ་འཇིགས་སྐྲག་ཅིང་མགོན་མེད་དེ། སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བདག་གི་མཐུས་བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་ཞི་བར་གྱུར་ཅིག ། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག འཇིགས་པ་མེད་པ་དང་། ཞི་བའི་གནས་ལ་གནས་པར་གྱུར་ཅིག་ཅེས་བཏབ་བོ། ། 7. སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པར་གྱུར་ཏེ། དཀྲུགས་ཤིང་འཇིགས་སྐྲག་ནས་དངངས་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་བདག་གི་མིང་ལན་བདུན་ཡིད་ཀྱིས་བརྗོད་པས་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག ། ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག་ཅེས་བཏབ་བོ། ། 8. སེམས་ཅན་གང་དག་ཆུའི་ནང་དུ་སོན་ཏེ། གྱུར་ཞུགས་པ། གླིང་མེད་པར་ཕྱིན་པ། སྲོག་འདོད་པ། ཆུ་ཀླུང་དང་། རྒྱ་མཚོའི་ནང་དུ་སོན་ཏེ། སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་བདག་གི་མིང་ལན་བདུན་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག འཇིགས་པ་མེད་པར་རྒལ་བར་གྱུར་ཅིག་ཅེས་བཏབ་བོ། །

Tibetan Source 《རྒྱུད་ཏ་པ་》ཤ་383ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number