8209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་ཞིང་།མི་ཉམས་པ་ཁྱད་པར་ཐོབ་པའི་ཆོས་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་འཕགས་པ་བྱམས་པས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1. བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པའམ། བསྔགས་པ་མ་ཡིན་པ་ཐོས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསམ་པ་ངེས་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནོ། ། 2. སྦྱོར་བ་ཕུན་སུམ་ཚོགས་པ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ། བརྫུན་དུ་སྨྲ་བ། ཕྲ་མའི་ཚིག ངག་རྩུབ་པོ། ཚིག་ཀྱལ་པ་བཅས་སྤངས་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམསས་དཔའ་ཆེན་པོ་སྦྱོར་བ་ཕུན་སུམ་ཚོགས་པ་ཡིན་ནོ། ། 3. གཏོང་བ་ཕུན་སུམ་ཚོགས་པ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། དགེ་སྦྱོང་དང་། བྲམ་ཟེ་རྣམས་དང་། ཕོངས་པ་དང་། སློང་བ་རྣམས་ལ་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་གཏོང་བ་དང་། སྦྱིན་པ་དག་ཏུ་གྱུར་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བ་ཕུན་སུམ་ཚོགས་པ་ཡིན་ནོ། ། 4. ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དང་ངག་དང་། ཡིད་ཀྱི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་གང་ཡིན་པ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྔོ་བ་ཕུན་སུམ་ཚོགས་པ་ཡིན་ནོ། ། 5. བྱམས་པ་ཕུན་སུམ་ཚོགས་པ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། བྱམས་པའི་ངག་གི་ལས་དང་ལྡན་པ་ཡིན། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཕུན་སུམ་ཚོགས་པ་ཡིན་ནོ། ། 6. སྙིང་རྗེ་ཕུན་སུམ་ཚོགས་པ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གནོད་སེམས་མེད་པའི་ལུས་ཀྱི་ལས་དང་ལྡན་པ། གནོད་སེམས་མེད་པའི་ངག་གི་ལས་དང་ལྡན་པ། གནོད་སེམས་མེད་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཕུན་སུམ་ཚོགས་པ་ཡིན་ནོ། ། 7. ཐབས་ལ་མཁས་པ་ཡིན་ནི། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཀུན་རྫོབ་ཀྱི་དོན་ལ་མཁས་པ་ཡིན། དམ་པའི་དོན་ལ་མཁས་པ་ཡིན། གཉི་གའི་དོན་ལ་མཁས་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ནོ། ། 8. ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བ་ཡིན་ནི། ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སློབ་སྟེ། འདི་ཡོད་པའི་ཕྱིར་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། ། འདི་མེད་པའི་ཕྱིར་འདི་མི་འབྱུང་། འདི་འགགས་པས་འདི་འགག་སྟེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག རེག་པ་འགགས་པས་ཚོར་བ་འགག ཚོར་བ་འགགས་པས་སྲེད་པ་འགག སྲེད་པ་འགགས་པས་ལེན་པ་འགག ལེན་པ་འགགས་པས་སྲིད་པ་འགོག སྲིད་པ་འགགས་པས་སྐྱེ་བ་འགག སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་ པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བདང་། འཁྲུག་པ་རྣམས་འགག པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འགག་པར་འགྱུར་སྙམ་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བ་ཡིན་ནོ། །

Tibetan Source 《དཀོན་བརྩེགས་ཆ་པ་》ཤ་208ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number