8223

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཞི་ཐམས་ཅད་ལས་བྱུང་བའི་སྡུག་བསྔལ་རྣམ་པ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1. གནས་ལ་བརྟེན་པའི་སྡུག་བསྔལ་ནི། གནས་ནི་གཞི་སྟེ། གང་ལ་བརྟེན་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། དགེ་སློང་གི་དངོས་པོར་འགྱུར་བ་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཏེ། དེ་དག་ངན་པ་དང་། ཉུང་བ་དང་། མ་གུས་པ་དང་། བརྒྱགས་པས་ཐོབ་པར་བྱང་ཆུབ་སེམས་དཔའ་མི་དགའ་བར་མི་འགྱུར་། ཡོངས་སུ་ཡིད་ཆད་པར་མི་འགྱུར་ལ། གཞི་དེས་བརྩོན་འགྲུས་ཀྱང་གཏོང་བར་མི་བྱེད་པ་སྟེ། དེ་ལྟར་གནས་ཀྱི་རྟེན་གྱི་སྡུག་བསྔལ་དང་དུ་ལེན་པར་བྱེད་དོ། ། 2. ཆོས་ལ་བརྟེན་པའི་སྡུག་བསྔལ་ནི། འཇིག་རྟེན་གྱི་ཆོས་ནི་དགུ་སྟེ། (1)མ་རྙེད་པ། (2)མི་སྙན་པ། (3)སྨད་པ། (4)སྡུག་བསྔལ་བ། (5)འཇིག་པའི་ཆོས་ཅན་འཇིག་པ། (6)ཟད་པའི་ཆོས་ཅན་ཟད་པ། (7)རྒ་བའི་ཆོས་ཅན་རྒ་བ། (8)ན་བའི་ཆོས་ཅན་ན་བ། (9)འཆི་བའི་ཆོས་ཅན་འཆི་བ་སྟེ། འཇིག་རྟེན་གྱི་ཆོས་འདི་དག་མཐའ་དག་གམ། སོ་སོར་འོང་ཞིང་མངོན་དུ་གྱུར་པ་ལས་སྡུག་བསྔལ་འབྱུང་བ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཆོས་ལ་བརྟེན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་དེས་ཐེབས་ཀྱང་གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད། སོ་སོར་བརྟགས་ནས་ཉམས་སུ་ལེན་ཅིང་དང་དུ་ལེན་པར་བྱེད་དོ། ། 3. སྤྱོད་ལམ་ལ་བརྟེན་པའི་སྡུག་བསྔལ་ནི། སྤྱོད་ལམ་ནི་བཞི་སྟེ། (1)འཆག་པ། (2)འགྲེང་བ། (3)འདུག་པ། (4)ཉལ་བའོ། ། དེ་ལ་བྱང་ཆུབ་སེམས་དཔའ་ནི་འཆག་པ་དང་། འདུག་པ་གཉིས་ཀྱིས་བསྒྲིབས་པའི་ཆོས་རྣམས་ལས་ཉིན་མཚན་དུ་སེམས་ཡོངས་སུ་སྦྱོང་བར་བྱེད་དེ། གཞི་དེ་ལས་ངལ་བའི་སྡུག་བསྔལ་བྱུང་བ་དང་དུ་ལེན་པར་བྱེད་ཀྱི་དུས་མ་ཡིན་པར་ཁྲིའམ། ཁྲིའུའམ། རྩྭ་བཏིང་བའམ། ལོ་མ་བཏིང་བ་ལ་གློས་འབེབས་པར་མི་བྱེད་དོ། ། 4. ཚོས་ཡོངས་སུ་འཛིན་པ་ལ་བརྟེན་པའི་སྡུག་བསྔལ་ནི། ཆོས་ཡོངས་སུ་འཛིན་པ་ནི་རྣམ་པ་བདུན་ཏེ། (1)དཀོན་མཆོག་གསུམ་མཆོད་པ། (2)རིམ་གྲོ་བྱ་བ། (3)བླ་མ་ལ་མཆོད་པ་བྱ་བ། (4)རིམ་གྲོ་བྱ་བ། (5)ཆོས་རྣམས་བཟུང་བ། (6)བཟུང་བ་རྣམས་གཞན་ལ་རྒྱ་ཆེར་སྟོན་པ་དང་། གསང་བསྟོད་དེ་ཁ་ཏོན་དུ་བྱ་བ་དང་། གཅིག་པུ་དབེན་པར་གནས་ཏེ། ཡང་དག་པར་སེམས་ཤིང་འཇལ་ལ་ཉེ་བར་རྟོག་པ། (7)རྣལ་འབྱོར་ཡིད་ལ་བྱེད་པས་ཟིན་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པའོ། ། ཆོས་ཡོངས་སུ་འཛིན་པ་རྣམ་པ་བདུན་པོ་འདི་དག་ལ་བྱང་ཆུབ་སེམས་དཔའ་རྩོལ་བ་ན། སྡུག་བསྔལ་བ་གང་ཡིན་པ་དེ་ཡང་དང་དུ་ལེན་ཅིང་། གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། ། 5. སློང་མོས་ཡོངས་སུ་འཚོ་བ་ལ་བརྟེན་པའི་སྡུག་བསྔལ་ནི། སློང་མོས་འཚོ་བ་དེ་ཡང་རྣམ་པ་བདུན་དུ་རིག་པར་བྱ་སྟེ། (1)ཁྱིམ་པའི་མཚན་མ་སྤངས་པའི་ཕྱིར། སྐྲ་དང་ཁ་སྤུ་བྲེགས་པ་ལ་སོགས་པས་གཟུགས་མི་སྡུག་པ་ཉམས་སུ་བླངས་པ། (2)གོས་དྲས་པ་དང་། ཁ་དོག་ངན་པ་འཆང་བའི་ཕྱིར་ཁ་དོག་ངན་པ་ཉམས་སུ་བླངས་པ། (3)འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལ་གདམས་ནས་གནས་པའི་ཕྱིར་ཚུལ་གཞན་བྱ་བ། ། (4)ཞིང་ལས་ལ་སོགས་པའི་ལས་ཀྱི་མཐའ་རྣམ་པར་སྤངས་ཏེ། གཞན་ལས་རྙེད་པས་འཚོ་བར་བྱ་བའི་ཕྱིར་གཞན་ལ་རག་ལས་པའི་འཚོ་བ་ཅན། (5)རྙེད་པ་རྣམས་སོགས་ཤིང་ལོངས་སྤྱོད་པར་མི་བྱེད་པའི་ཕྱིར་ཇི་སྲིད་འཚོའི་བར་དུ་གཞན་ལ་ཆོས་གོས་ལ་སོགས་པ་འཚོལ་བ། (6)མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྤངས་པའི་ཕྱིར་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་རྣམས་ལས་ལྡོག་པར་བྱ་བ། (7)ཟློས་གར་དང་། གར་ཐབས་དང་། བཞད་གད་དང་། སྒེག་པ་ལ་སོགས་པ་ལ་ལྟ་བ་སྤངས་ཤིང་། མཛའ་བོ་དང་། སྙིང་དུ་སྡུག་པ་དང་། ཆུང་པོ་གྲོགས་དག་དང་། བགད་པ་དང་། རྩེས་པ་དང་། དགའ་བ་དང་། དགའ་མགུར་སྤྱོད་པ་སྤངས་པའི་ཕྱིར། ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེད་མོ་ལས་ལྡོག་པར་བྱ་བ་སྟེ། དེ་ལྟ་བུ་ཉམ་ང་བ་དང་། གནོད་པའི་སློང་མོ་སྤྱོད་པ་ལ་བརྟེན་ནས་། སྡུག་བསྔལ་བྱུང་བ་དེ་ཡང་བྱང་ཆུབ་སེམས་དཔའ་དང་དུ་ལེན་པར་བྱེད་ལ་གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། ། 6. མངོན་པར་བརྩོན་པས་དུབ་པ་ལ་བརྟེན་པའི་སྡུག་བསྔལ་ནི། བྱང་ཆུབ་སེམས་དཔའ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པས་ལུས་ཀྱི་དུབ་པ་དང་། སེམས་ཀྱི་ འཁྲུགས་པ་ལ་ཡོངས་སུ་ངལ་བའི་གཞི་ལས་གང་དག་བྱུང་ཡང་བྱང་ཆུབ་སེམས་དཔའ་གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། ། 7. སེམས་ཅན་གྱི་དོན་བྱེད་པ་ལ་བརྟེན་པའི་སྡུག་བསྔལ་ནི། སེམས་ཅན་གྱི་དོན་ནི་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་གཞི་དེས་སྡུག་བསྔལ་བྱུང་ཡང་དང་དུ་ལེན་པར་བྱེད་ལ། གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། ། 8. འཕྲལ་གྱི་བྱ་བ་ལ་བརྟེན་པའི་སྡུག་བསྔལ་ནི། འཕྲལ་གྱི་བྱ་བ་ནི་རབ་ཏུ་བྱུང་བའི་ཆོས་གོས་དང་། ལྷུང་བཟེད་ཀྱི་ལས་ལ་སོགས་པའོ། ། ཁྱིམ་པའི་ལས་ནི་ཡང་དག་པའི་ཞིང་ལས་དང་། ཚོང་བྱ་བ་དང་། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་གཞི་དེ་ལས་བྱུང་བའི་སྡུག་བསྔལ་དང་དུ་ལེན་པར་བྱེད་ལ། གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་103བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number