8675

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

དང་པོ་ལྟ་བའི་ངོ་བོ་ཉིད་ཀྱི་ཉོན་མོངས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་ལྔ་ནི། 1. འཇིག་ཚོགས་ལ་ལྟ་བ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་གམ་བདག་གིར་ལྟ་བ་དང་། མངོན་པར་ཞེན་པ་དང་སེམས་ལ་འཇོག་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ། ། དེའང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། (1)ལྷན་ཅིག་སྐྱེས་པ་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐ་ན་རི་དྭགས་དང་བྱ་རྣམས་ཀྱི་ཡང་ཡིན་ནོ། ། (2)ཀུན་བརྟགས་པ་ནི། གཞན་མུ་སྟེགས་ཅན་རྣམས་ཀྱི་ཡིན་པར་བལྟ་བར་བྱའོ། ། 2. མཐར་འཛིན་པར་ལྟ་བ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་འཇིག་ཚོགས་ལ་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་བདག་རྟག་གོ་ཞེའམ་བདག་ཆད་དོ་ཞེས་ལྟ་བ་དང་མངོན་པར་ཞེན་པ་དང་སེམས་ལ་འཇོག་པ་གང་ཡིན་པ་དེ་ནི་མཐར་འཛིན་པར་ལྟ་བ་ཞེས་བྱའོ། ། དེ་ལ་རྟག་པར་ལྟ་བས་བསྡུས་པའི་མཐར་འཛིན་པར་ལྟ་བ་ནི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་ལས། སྔོན་གྱི་མཐར་རྟོག་པ་རྟག་སྨྲ་བ་རྣམས་དང་། ལ་ལ་རྟག་པར་སྨྲ་བ་རྣམས་དང་། ཕྱི་མའི་མཐར་རྟོག་པ་འདུ་ཤེས་ཅན་དུ་སྨྲ་བ་རྣམས་དང་། འདུ་ཤེས་མེད་པར་སྨྲ་བ་རྣམས་དང་། འདུ་ཤེས་ཡོད་པའང་མ་ཡིན་འདུ་ཤེས་མེད་པའང་མ་ཡིན་པར་སྨྲ་བ་རྣམས་ཀྱི་ཡིན་པར་བལྟ་བར་བྱའོ། ། ཆད་པར་ལྟ་བས་བསྡུས་པ་མཐར་འཛིན་པར་ལྟ་བ་ནི་དངོས་པོ་བདུན་གྱིས་ཆད་པར་ལྟ་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡིན་པར་བལྟ་བའོ། ། དེ་དག་གི་མཐར་འཛིན་པར་ལྟ་བ་དེ་ནི་ཀུན་བརྟགས་པ་ཁོ་ན་ཡིན་གྱི་ལྷན་ཅིག་སྐྱེས་པ་ནི་མི་དམིགས་ཏེ། དེ་ནི་ཚེ་རབས་གཞན་དུ་རྗེས་སུ་འབྲེལ་བར་འབྱུང་བ་ཁོ་ན་ཡིན་ནོ། ། 3. ལོག་པར་ལྟ་བ་ནི། ཕྱིན་ཅི་ལོག་ཏུ་ལྟ་བ་ཐམས་ཅད་དེ་ཤེས་བྱའི་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ནི་ལོག་པར་ལྟ་བ་ཞེས་བྱའོ། ། དེའང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། (1)སྒྲོ་འདོགས་པར་བྱེད་པ། (2)སྐུར་པ་འདེབས་པའོ། ། 4. ལྟ་བ་མཆོག་ཏུ་འཛིན་པ་ནི། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དེ་དག་རེ་རེ་ལ་མཆོག་ཏུ་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་དམ་པར་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་པར་བྱེད་ལ་འདི་ཁོ་ན་བདེན་གྱི་གཞན་ནི་བརྫུན་པ་ཡིན་ཏེ་ལྟ་བ་འདིས་ནི་དག་པར་འགྱུར་རོ། ། འདིས་ནི་གྲོལ་བར་འགྱུར་རོ། ། འདིས་ནི་ངེས་པར་འབྱུང་བར་འགྱུར་རོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱའོ། ། 5. ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། ལྟ་བ་མཆོག་ཏུ་འཛིན་པ་དང་རྗེས་སུ་མཐུན་པ་དང་། ལྟ་བ་མཆོག་ཏུ་འཛིན་པའི་འཁོར་དང་དེ་དང་མཐུན་པའི་ཆོས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་དེ་ཉིད་ལ་མཆོག་དང་དམ་པའི་བར་དུ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་པར་བྱེད་ལ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པ་ཡིན་ཏེ། ལྟ་བ་འདིས་ནི་དག་པར་འགྱུར་རོ་འདིས་ནི་གྲོལ་བར་འགྱུར་རོ། ། འདིས་ནི་ངེས་པར་འབྱུང་བར་འགྱུར་རོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་བྱའོ། ། གཉིས་པ་ལྟ་བ་མ་ཡིན་པའི་ངོ་བོ་ཉིད་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་ལྔ་སྟེ། 1. འདོད་ཆགས་ནི། སེམས་ཀྱི་ལྷག་པར་ཆགས་པ་དང་བཅས་པ་གང་ཡིན་པའོ། ། དེ་ཡང་རྣམ་པ་བཞི་སྟེ། (1)ལྟ་བ་རྣམས་ལ་ཆགས་པ། (2)འདོད་པ་རྣམས་ལ་ཆགས་པ། (3)གཟུགས་རྣམས་ལ་ཆགས་པ། (4)གཟུགས་མེད་པ་རྣམས་ལ་ཆགས་པ་དང་བཞིའོ། ། 2. ཁོང་ཁྲོ་བ་ནི། སེམས་ཀྱིས་ཀུན་ནས་མནར་སེམས་པ་གང་ཡིན་པའོ། ། དེའང་རྣམ་པ་བཞིར་བལྟ་བར་བྱ་སྟེ། (1)སེམས་ཅན་གཞན་རྣམས་ལས་གཞན་དུ་ལྟ་བ་རྣམས་ལ་ཁོང་ཁྲོ་བ། (2)གནོད་པ་བྱེད་པ་རྣམས་ལ་ཁོང་ཁྲོ་བ། (3)སྡུག་པ་ལ་གནོད་པ་བྱེད་པ་རྣམས་ལ་ཁོང་ཁྲོ་བ། (4)མི་སྡུག་པ་ལ་ཕན་འདོགས་པ་རྣམས་ལ་ཁོང་ཁྲོ་བའོ། ། 3. ང་རྒྱལ་ནི། གང་སེམས་ཀྱི་ཁེངས་པ་གང་ཡིན་པའོ། ། དེའང་རྣམ་པ་བཞིར་བལྟ་བར་བྱ་སྟེ། (1)ལྟ་བའི་ང་རྒྱལ། (2)སེམས་ཅན་ལ་བརྟེན་པའི་ང་རྒྱལ། (3)འདོད་པ་ལ་ལོངས་སྤྱོད་པ་ལ་བརྟེན་པའི་ང་རྒྱལ། (4)སྲིད་པ་ལ་བརྟེན་པའི་ང་རྒྱལ་དང་བཞིའོ། ། དེ་ཡང་མདོར་བསྡུ་ན་གཉིས་ཏེ། [1]རྣམ་པར་འཁྲུལ་པའི་ང་རྒྱལ། [2]རྣམ་པར་འཁྲུལ་པ་མ་ཡིན་པའི་ང་རྒྱལ་ལོ། ། 4. མ་རིག་པ་ནི། ཤེས་བྱའི་དེ་ཁོ་ན་རྟོགས་པར་བྱ་བ་ལ་སེམས་ལ་འགེབས་པར་བྱེད་པ་ཉིད་དང་སྒྲིབ་པར་བྱེད་པ་ཉིད་དོ། ། དེ་ཡང་མདོར་བསྡུ་ན་རྣམ་པ་བཞི་སྟེ། (1)མ་རྟོགས་པའི་ཀུན་ཏུ་རྨོངས་པ། (2)བག་མེད་པའི་ཀུན་ཏུ་རྨོངས་པ། (3)ཉོན་མོངས་པ་ཅན་གྱི་ཀུན་ཏུ་རྨོངས་པ། (4)ཉོན་མོངས་ཅན་པ་མ་ཡིན་པའི་ཀུན་ཏུ་རྨོངས་པ་དང་བཞིའོ། ། 5. ཐེ་ཚོམ་ནི། སེམས་ཀྱི་ཡིད་གཉིས་དང་གཉིས་ཀྱི་དངོས་པོ་དང་མ་ངེས་པ་གང་ཡིན་པའོ། ། དེའི་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། (1)འཇིག་རྟེན་ཕ་རོལ་ལ་སེམས་ཀྱི་ཡིད་གཉིས་ཟ་བ། (2)བྱ་བ་ལ་སེམས་ཀྱི་ཡིད་གཉིས་ཟ་བ། (3)དེའི་འབྲས་བུ་ལ་སེམས་ཀྱི་ཡིད་གཉིས་ཟ་བ། (4)བདེན་པ་རྣམས་ལ་སེམས་ཀྱི་ཡིད་གཉིས་ཟ་བ། (5)དཀོན་མཆོག་རྣམས་ལ་སེམས་ཀྱི་ཡིད་གཉིས་ཟ་བའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་108ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number