8796

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ངོ་མཚར་གྱི་ཆོས་བཅུ་དང་ལྡན་པ་ནི་སངས་རྒྱས་མཛད་པ་ཡིན་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ལས་བྱུང་བ་སྟེ།

1. འཁོར་བ་ནི་ཉེས་དམིགས་དང་བཅས་པ་ཡིན་ལ། མྱ་ངན་ལས་འདས་པ་ལ་ནི་ཉེ་བར་ཞི་བ་ཡིན་ཡང་འཁོར་བ་དང་། མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་མཁྱེན་པའི་ཕྱིར་འཁོར་བར་མི་གནས་པར་ཡང་མི་འགྱུར་ལ་མྱ་ངན་ལས་འདས་པ་ལ་གནས་པར་ཡང་མི་མཛད་པས་སེམས་ཅན་རྣམས་ལ་ཡོངས་སུ་སྐྱོ་བ་མི་སྐྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། ། 2. དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་འདི་སྙམ་དུ་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ནི། ཕྱིན་ཅི་ལོག་གི་ལྟ་བ་སྤྱོད་པས་ཉོན་མོངས་པ་རྣམས་ཀྱིས་དཀྲིས་ཤིང་ཉོན་མོངས་པར་གྱུར་པས། ངས་དེང་རྣམ་པར་ཕྱེ་སྟེ་ཁོང་དུ་ཆུད་པར་བྱས་ནས་རྣམ་པར་ཐར་བར་བྱའོ་སྙམ་དུ་མི་མངའ་མོད་ཀྱི། འོན་ཀྱང་སྔོན་གྱི་བྱམས་པའི་དགེ་བའི་རྩ་བའི་མཐུས་སེམས་ཅན་དེ་དག་གི་དབང་པོ་དང་། རང་བཞིན་དང་། བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པ་མི་བསྐྱེད་པར་ཡང་རང་གི་ངང་གིས་ཡོངས་སུ་སྒྲོལ་བར་མཛད་ཅིང་ཕྱི་མའི་མཐར་ཐུག་པའི་བར་དུ་ཡང་དག་པའི་བསྟན་པ་བཤད་ནས་ཕན་འདོགས་ཤིང་དགའ་བར་མཛད་པ་ལ་མཐར་ཐུག་པ་མེད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། ། 3. དེ་བཞིན་གཤེགས་པ་ལ་ངས་དེང་གསུང་རབ་ཡན་ལག་བཅུ་གཉིས་པ་བསྟན་ནས་སེམས་ཅན་ལ་ཕན་འདོགས་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་མོད་ཀྱི། འོན་ཀྱང་སྔོན་གྱི་བྱམས་པའི་དགེ་བའི་དགེ་བའི་རྩ་བའི་མཐུས་ཕྱི་མའི་མཐར་ཐུག་པའི་བར་དུ་སེམས་ཅན་དེ་དག་ལ་རྒྱ་ཆེར་བསྟན་པ་མཛད་པ་ལ་མཐར་ཐུག་པ་མེད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། ། 4. དེ་བཞིན་གཤེགས་པ་ལ་ངས་དེང་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དེ་དག་ཏུ་སོང་སྟེ་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། དམངས་རིགས་ལ་སོགས་པའི་ཕོ་བྲང་དང་། ཁྱིམ་དག་ཏུ་བསོད་སྙོམས་བསླང་བར་བྱའོ་སྙམ་པའི་དགོངས་པ་མི་མངའ་མོད་ཀྱི། འོན་ཀྱང་སྔོན་སྐུ་དང་། གསུང་དང་། ཐུགས་ཀྱི་སྤྱོད་པ་གོམས་པར་གྱུར་པའི་མཐུས་རང་གི་ངང་གིས་དེ་དག་ཏུ་གཤེགས་ནས་ཕན་པའི་དངོས་པོ་མཛད་ཅིང་བསོད་སྙོམས་སློང་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། ། 5. དེ་བཞིན་གཤེགས་པའི་སྐུ་ལ་བཀྲེས་པ་དང་། སྐོམ་པ་དང་། བཤང་གཅི་དང་། ཉམ་ཆུང་བའི་མཚན་མ་ཡང་མི་མངའ་ལ་བསོད་སྙོམས་སློང་བར་མཛད་ཀྱང་བཤོས་གསོལ་བ་མི་མངའ་ཞིང་རྣམ་པར་རྟོག་པའང་མི་མངའ་མོད་ཀྱི། འོན་ཀྱང་རང་གི་ངང་གིས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་བཤོས་གསོལ་བ་མངའ་པའི་མཚན་མ་སྟོན་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། ། 6. དེ་བཞིན་གཤེགས་པ་ལ་སེམས་ཅན་མང་པོ་འདི་དག་ལ་རབ་དང་། འབྲིང་དང་། ཐ་མ་ཡོད་པ་དེ་དག་གི་དབང་པོ་དང་། རང་བཞིན་ཇི་ལྟ་བ་བཞིན་ཆོས་བསྟན་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་མོད་ཀྱི། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་རྟོག་པ་མི་མངའ་བར་ཡང་དེ་དག་གི་སྣོད་དང་། དབང་པོའི་སྐྱོན་ཇི་ལྟ་བ་བཞིན་དུ་ཤིན་ཏུ་འཚམ་པར་དེ་དག་ལ་ཆོས་སྟོན་པར་མཛད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། ། 7. དེ་བཞིན་གཤེགས་པ་ལ་སེམས་ཅན་འདི་དག་ནི་ང་ལ་བཀུར་སྟི་དང་། རིམ་གྲོ་མི་བྱེད་ཅིང་རྟག་པར་ང་ལ་སྨོད་པའི་ཚིག་འབྱིན་པར་བྱེད་པས་དེ་དག་ལྷན་ཅིག་ཏུ་གཏམ་སྨྲ་བར་མི་བྱའོ། ། སེམས་ཅན་འདི་དག་ནི་ང་ལ་བཀུར་སྟི་དང་། རིམ་གྲོ་བྱེད་ཅིང་རྟག་པར་ངའི་བསྔགས་པ་བརྗོད་པར་བྱེད་པས་ངས་དེ་དག་དང་། ལྷན་ཅིག་ཏུ་གཏམ་སྨྲ་བར་བྱའོ་སྙམ་པའི་དགོངས་པ་མི་མངའ་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པས་བྱམས་པ་དང་། ཐུགས་རྗེའི་དགོངས་པ་མཉམ་པ་བསྐྱེད་ནས་གཉིས་སུ་མེད་པར་གྱུར་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། ། 8. དེ་བཞིན་གཤེགས་པ་རྣམས་བྱམས་སྡང་དང་། ང་རྒྱལ་དང་། འདོད་པ་དང་། སེར་སྣ་དང་། ཉོན་མོངས་པ་རྣམས་མི་མངའ་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་རྟག་པར་རབ་ཏུ་དབེན་པ་ལ་དགྱེས་ཤིང་འདོད་པ་ཆུང་བ་དང་། འདུ་འཛི་སྤངས་པ་ལ་བསྔགས་པ་བརྗོད་པར་མཛད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། ། 9. དེ་བཞིན་གཤེགས་པ་ནི་ཆོས་གཅིག་ཙམ་ཡང་མི་མཁྱེན་པའམ། ལེགས་པར་ཐུགས་སུ་མ་ཆུད་པ་མི་མངའ་བས་ཐམས་ཅད་དུ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་སུམ་དུ་གྱུར་ཅིང་རྣམ་པར་རྟོག་པ་མི་མངའ་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་ལས་ཀྱི་དངོས་པོ་མངོན་པར་འདུ་བྱེད་པ་གཟིགས་ནས་དེ་དག་གི་ཡིད་དང་མཐུན་པར་འཇུག་ཅིང་ཐབས་མཁྱེན་པས་དྲངས་ཏེ། ངེས་པར་འབྱུང་བ་ཐོབ་པར་མཛད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། ། 10 .དེ་བཞིན་གཤེགས་པ་ལ་ནི་གལ་ཏེ་སེམས་ཅན་ཁ་ཅིག་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པར་གྱུར་པ་གཟིགས་ནའང་དགྱེས་པ་སྐྱེ་བར་མི་འགྱུར་ལ། དེ་དག་རྒུད་ཅིང་ཕོངས་པར་གྱུར་པ་གཟིགས་ནའང་ཡོངས་སུ་གདུང་བ་སྐྱེ་བར་མི་འགྱུར་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་ཡང་དག་པའི་སྤྱོད་པ་མངོན་པར་བསྒྲུབ་པ་གཟིགས་པར་གྱུར་ན་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོས་རང་གི་ངང་གིས་ཡོངས་སུ་སྐྱོབ་ཅིང་སྡུད་པར་མཛད་པ་དང་། གལ་ཏེ་སེམས་ཅན་དེ་དག་ལོག་པའི་སྤྱོད་པ་མངོན་པར་བསྒྲུབས་པ་གཟིགས་པར་གྱུར་ན་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོས་རང་གི་ངང་གིས་ཡོངས་སུ་སྐྱོབ་ཅིང་སྡུད་པར་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། །

Tibetan Source 《རྒྱུད་ད་པ་》ཤ་22བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number